སྤྱིར་མདོ་སྨད་ལྷོ་རྒྱུད་ཀྱི་ས་ཆ་དག་ཏུ་སྲིད་པའི་རྒྱུད་བོན་གྱི་ཆོ་ག་སྤེལ་བའི་གང་ཟག་ལ་ལེའུ་དང་། དེའི་འདོན་ཆ་ལ་ལེའུ་ཡིག་གམ་ལེའུའི་ཡིག་ཆ་དང་། ལེའུ་པོ་ཏི་ཞེས་བཏགས་ཡོད། ལེའུའི་ཡིག་ཆ་ལ་མདོ་སྨད་བབ་བཟོ་ས་ཆར་ལེའུ་ཡིག་གམ་ལེའུའི་ཡི་གེ་དང་། སྟག་ཁམས་སོགས་སུ་ལེའུ་པོ་ཏི། ཐེ་བོར་བརྔན་ཡིག་དང་། རྒྱ་ཉག་ཏུ་དྲང་རྒན་ཞེས་བྱ། ལེའུ་ཡིག་ལ་སྤྱི་ལ་ཁྱབ་པའི་གཏན་འཁེལ་གྱི་མིང་ཞིག་མེད། བརྔན་ཡིག་ཟེར་བ་ནི་ལེའུ་ཡིག་ཁྲོད་དུ་ཡུལ་ས་གཉན་བརྔན་དང་པོང་ར་རྒྱན་བརྔན། བྱ་བརྔན། མདའ་བརྔན། བྱ་རྡང་སོགས་བརྔན་དང་འབྲེལ་བའི་ཡི་གེ་མང་བས་དེ་ལྟར་བཏགས་པ་ཡིན་རུང་། ལེའུ་ཡིག་ཏུ་ད་དུང་སེལ་དང་། གཏོ་མདོས་སྐོར་རྒྱས་པར་ཡོད་པས་བརྔན་ཡིག་ཞེས་བཏགས་ན་དེ་དག་གི་ནང་དོན་མཚོན་མི་ཐུབ། ལེའུ་ཡིག་བྱེ་བྲག་ཙམ་ལས་ནང་དོན་ཁ་ཚང་སྟོན་མི་ནུས། ཡང་ལེའུ་ཡིག་ལ་དྲང་རྒན་ཞེས་བཏགས་པའི་རྒྱུ་མཚན་ནི། སྲིད་པའི་གཟུ་པོ་རྣམ་གསུམ་གྱི་ཡ་གྱལ་དྲང་རྒན་གཉན་གྱི་གཟུ་བོ་ཞེས། ལེའུ་ཡིག་ཏུ་དྲང་རྒན་སྐོར་གྱི་ཆོ་ག་ཕྱག་ལེན་རྒྱས་པར་ཡོད། ལེའུ་དག་ཀྱང་དུས་རྒྱུན་དྲང་རྒན་ཞེས་པའི་ཡིག་ཆ་ཕྱག་ལེན་བྱེད་བཞིན་ཡོད་པས་མིང་དེ་ལྟར་བཏགས། དྲང་རྒན་ཞེས་པའི་ཆོ་ག་རྐྱང་རྐྱང་དེ་མཚོན་པ་ལས་སྤྱིར་ཁྱབ་མེད། སྤྱིར་ལེའུ་འདོན་ཆ་འདི་རིགས་གྲངས་མང་ལ་ནང་དོན་རྙོག་འཛིང་ཆེ་སྟེ་དབྱེ་བ་འབྱེད་དཀའ། ལེའུ་སོ་སོའི་ལག་ཏུ་རིགས་མི་མཐུན་པའི་ཡིག་ཆ་རེ་ཡོད་པས། ཚད་མར་འཛིན་པའི་ཡིག་ཆ་ཞིག་མེད་རུང་། ད་ཡོད་དམངས་ཁྲོད་ཀྱི་ཡིག་ཆ་ལ་ལྟས་ནས་དཔྱད་ན། དྲང་རྒན་ཞེས་པར་དྲང་མཁན་དང་། ཅང་རྒན་སོགས་འབྲི་ཚུལ་མི་འདྲ་བ་དུ་མ་མཆིས། དེ་དང་མདོ་སྨད་འཕན་ཆུ་སོགས་ཀྱི་རྒྱུད་དུ་དར་བའི་དྲང་རྒན་ཨ་བུ་ཞེས་པའི་གནའ་གཏམ་དང་འབྲེལ་བ་ངེས་ཅན་ཡོད་པར་སྣང་། དེ་ཡང་ཁ་རྒྱུན་དུ་མྱི་ལྷ་ཐུག་པའི་མི་ལ་དྲང་རྒན་ཨ་བུ་འཁྲུངས། སྟོན་པས་ཆོས་སྤེལ། ཨ་བུས་འཇིག་རྟེན་སྤེལ་ཟེར། དྲང་རྒན་ཨ་བུ་ནི་རིག་པ་ཤིན་ཏུ་མཚར་བའི་མི་ཞིག་ཡིན། ཁོང་ལ་བུ་བླུན་རྒན་ཞིག་སྐྱེས་པ། དེ་ལ་འཇིག་རྟེན་སྐྱོང་བའི་ཐབས་སྣ་ཚོགས་སྟོན་པའི་གནའ་གཏམ་མང་བོ་ད་ལྟའི་བར་དུའང་འཕན་ཆུ་དང་སྟག་ཁམས་སོགས་བོད་ཁམས་སུ་དར་ཁྱབ་ཡོད། གདོད་མའི་བོན་གྱི་བྱེད་ལས་ལ་ཡར་རྒན་གྱི་ལྷ་མཆོད་པ་དང་། བར་ཁྱིམ་གྱི་ཐབས་འདོན་པ། མར་འདྲེ་སྲིན་གྱི་མགོ་མནོན་པ་བཅས་ལས་ཁྱིམ་གྱི་ཐབས་འདོན་པ་ཟེར་བ་དང་འབྲེལ་བ་ངེས་ཅན་ཡོད། ལེའུ་ཡིག་ཁྲོད་ཀྱི་དྲང་རྒན་ནི་གཉན་གྱི་གཟུ་བོ་སྟེ་རི་གཉན་ཕན་ཚུན་བར་མི་མཐུན་པའི་རྩོད་སྤང་བྱུང་ཚེ་བསྡུམ་པའི་གཟུ་བོ་ཡིན། གཟུ་བཞི་དཔང་བརྒྱད་ཀྱི་ཁོངས་སུ་འདུ། དེ་ཡང་དྲང་རྒན་གྱི་གཞུང་སོགས་ལས་མང་དུ་འཆད་ཡོད་པས་ཕྱོགས་བསྡུས་ཅུང་ཟད་བྱེད་ནས་དཔྱད་པར་བྱ། དེ་ཡང་དགེ་བཤེས་སྐལ་བཟང་དར་རྒྱས་ཀྱིས་བརྩམས་པའི་ཞྭ་དཀར་བསྟན་པའི་ལོ་རྒྱུས་འཕྲེང་མཛེས་སྐལ་བཟང་མགུལ་རྒྱན་དུ། སྲོང་བཙན་གོང་རོལ་གྱི་བོད་ལ་ཡི་གེ་ཡོད་པའི་སྒྲུབ་བྱེད་དུ་རྒྱལ་བོ་ཐང་གེའི་ལོ་རྒྱུས་དང་ཅང་རྒན་ཨ་ནུས་བྱས་པའི་བསྟན་བཅོས་སོགས་དྲངས་ཡོད། ཤར་བ་ཐོགས་མེད་ཀྱིས་བོད་ཀྱི་རིག་གནས་གསར་བཤད་རྩམ་ཟན་སྤྱི་ནོར་དུ་སྲིད་པའི་ཅང་རྒན་བསྟན་བཅོས་ཞེས་སྡུད་སྒྲིག་བྱས་ཡོད་པ་ལ་བལྟས་ན། ཅང་རྒན་ཞེས་པ་ཁྱབ་རྒྱ་ཆེ་བ་ཤུགས་ཀྱིས་རྟོགས།
༡༽ དྲང་རྒན་ཞེས་པའི་ཐ་སྙད་ཀྱི་གོ་དོན་རགས་བཤད།
དྲང་རྒན་ཞེས་པའི་ཐ་སྙད་གྱི་གོ་དོན་ནི་སྔོན་གྱི་ཡིག་ཆ་དང་ཚིག་མཛོད་སོགས་སུ་འགྲེལ་བཤད་ཡོད་པ་མ་མཐོང་། དྲང་རྒན་གྱི་བྱེད་ལས་དང་ཚིག་ངོས་ནས་དཔྱད་ན། དྲང་ཞེས་པ་བློ་གཟུར་བོར་གནས་ཏེ་ཡོ་བསྲང་མེད་པ་དང་། རྒན་ཞེས་པ་ཉམས་མྱོང་ཐད་ནས་བློ་ཅུང་ཟད་རྒན་པ་ཆ་ནས་དེ་ལྟར་བཏགས། སྲིད་པའི་བོན་གྱི་ཡིག་ཆ་ལས་དྲང་རྒན་ནི་གཉན་གྱི་གཟུ་བོ་ཡིན། སྤྱིར་གཟུ་བོ་ནི་རྩོད་གླེང་བར་འདུམ་བྱེད་མཁན་ཡིན། ཅིས་ཀྱང་དྲང་བོ་དང་གཟུ་བོ་གནས་དགོས་པས་མིང་དེ་ལྟར་བཏགས། དྲང་རྒན་ཞེས་པའི་ཐ་སྙད་དེ་དྲང་མཁན་དུའང་འབྲི་བཞིན་ཡོད་པས་དྲང་མོ་བྱེད་མཁན་ཞེས་ཚིག་ངོས་ནས་དེ་ལྟར་གོ་བ་བླངས་ནའང་ཆོག རྒན་དང་མཁན་གཉིས་བདག་པོའི་སྒྲ་ལ་འཇུག གཞན་ཡང་དྲང་རྒན་ལ་ཅང་རྒན། དྲང་མཁན། ཅང་རྒན་ཨ་བུ་ཞེས་འབྲི་སྲོལ་ཡང་ཡོད་རུང་། མདོ་སྨད་ཐེ་བོ་སོགས་སུ་དྲང་དེ་ཅང་ཞེས་འདོན་སྲོལ་ཡོད་པ་ལ་བལྟས་ན། ཅང་རྒན་ཞེས་པ་དམངས་ཁྲོད་ཀྱི་འདོན་སྲོལ་ཙམ་ཨེ་ཡིན་སྙམ། ཤར་བ་ཐོགས་མེད་ཀྱིས་བོད་ཀྱི་རིག་གནས་གསར་བཤད་རྩམ་ཟན་སྤྱི་ནོར་གྱི་ཟུར་མཆན་དུ་ཅང་ཞེས་པ་ལ་དག་ཡིག་གསར་བསྒྲིགས་ལས་ཅི་ཡང་ཤེས་པ་ཞེས་པའི་ཚིག་བསྡུས་པ་ཞེས་བྱུང་ལ། བོད་རྒྱ་ཚིག་མཛོད་ཆེན་མོར་ཅི་ཡང་ཤེས་པ་ཚིག་བསྡུས་ན་ཅང་ཤེས་སུ་འབོད་ཅིང་དེར་མངོན་ཤེས་ཀྱི་གོ་དོན་ཡོད་ཚུལ་གསལ་བ་དང་། རྒན་ཞེས་པ་ལ་སྔོན་དུ་སྐྱེས་པ་དང་ལས་ལ་འཛུལ་སྔ་བ་བཅས་ཀྱི་དོན་ཡོད་ཚུལ་བོད་རྒྱ་ཚིག་མཛོད་ཆེན་མོར་གསལ་ཡང་། འདིར་སྐྱེས་པའི་ལོ་གྲངས་རྒན་ན་རྒན་རྒྱུ་མེད། རྣམ་རིག་ཤེས་པ་རྒན་ན་རྒན་པ་ཡིན་ཞེས་པ་ལྟར་ཕྱི་མའི་རྣམ་རིག་ཤེས་པ་གཙོ་བྱས་པའི་ཉམས་མྱོང་ཅན་རྒན་པོ་ལོ་མཐོ་བར་གོ །
༢༽ དྲང་རྒན་གྱི་སྐྱེ་རྒྱུད་བཤད་པ།
དམངས་ཁྲོད་དུ་བཀྲམ་པའི་སྲིད་པའི་བོན་གྱི་ཡིག་ཆ་ལས་དྲང་རྒན་གྱི་སྐོར་ལས་དེའི་སྐྱེ་རྒྱུད་བཤད་པ་དཔེར་ན། སྲིད་པའི་དྲང་རྒན་ཤན་འབྱེད་ལས་ད་ནི་དྲང་མཁན་སྐྱེ་རྒྱུད་བཤད། དྲང་རྒན་གཉན་གྱི་གཟུ་བོ་ཡིན། ཡབ་ནི་རྫི་རྒྱལ་དབུ་སེར་ཡིན། ཡུམ་ནི་དགུ་ལྕམ་འཕྲུལ་མོ་ཡིན། སྲས་ནི་མི་རུམ་དཀར་པོ་ཡིན། དེ་ནི་ལྷ་འདྲེ་མི་དང་གསུམ། བར་ལ་མི་མཐུན་གཟུ་བོ་མཛོད། ཞེས་དང་། མི་རུམ་དཀར་བོ་ཞེས་པ་ནི་དྲང་རྒན་ཡིན། དྲང་རྒན་མི་རུམ་དཀར་བོ་ཞེས་འབོད་སྲོལ་ཡོད། ལྷ་འདྲེ་མི་གསུམ་བར་ལ་མི་མཐུན་པ་བྱུང་ཚེ་གཟུ་བྱེད་མཁན་ཡིན། ཡང་དེ་ལས་སྐྱེ་རྒྱུད་བཤད་ན་དཔང་རེ་མཐོ། གྲོལ་ཐུགས་བཤད་ན་བློ་རེ་བདེ། ཞེས་དང་། ཡང་དྲང་རྒན་ལས་དང་པོ་གསས་རྡོའ་གཟུའ་མཁན་དང་། སྲིད་པའི་དྲང་མཁན་དེ་དང་གཉིས། དང་པོ་སྲིད་པ་ཅི་ལྟར་སྲིད། སྐྱིད་སྐྱུད[རྒྱུད]བཤད་ན་པམ་རེང་མཐོའ[དཔང་རེ་མཐོ]། གྲོལ་ཕུའ[ཕུག]བཤད་ནས་སྨུ་སྨོན་ཟའ། དང་བོ་གླིང་བཞི་རྒྱལ་བོ་དང་། སྒོ་བཞི་ལྕམ་མོ་སྤྲུལ་བ་ལ། སྲིད་པའི་དྲང་རྒན་སུ་རྒྱལ་དང་། རྡོའ་གཉན་དྲང་རྒན་རྒྱའ[བརྒྱད]བཅུ་འགྲོལ། ཉི་མ་ཤར་གིས་རྒྱལ་བོ་དང་། གཉེན[གཉན]གིས་ལྕམ་མོ་སྤྲུལ་བ་ལེས[ལས]། ལྷའི་དྲང་རྒན་རྒྱལ[བརྒྱད]བཅུ་དང་། གཡུའི་ཝང་འང་རྒྱའ[བརྒྱད]བཅུ་འགྲོལ། ནུབ་གིས་དྲང་རྒན་རྒྱལ་བཅུ[བརྒྱད་ཅུ]དང་། གཏོད་ལྕམ་ཤེས་པའི་མ་དང་སྤྲུལ་པ་ལ། མཆོང་གིས་དྲང་རྒན་རྒྱལ་བཅུ[བརྒྱད་ཅུ]གྲོལ། དྲང་རྒན་གསས་རྡོའ་དེ་རྣམས་གིས། གནམ་ས་ཙམ་གིས་ཤོང་མོ་ཡོད། ཕུ་མདོའ་ཙམ་གིས་སྐར་ལ་ཡོགས། དབྱར་རྒུན[དགུན]ཙམ་གིས་སྤྲུལ་བ་ཡོད། ཆུ་ཀླུང་ཙམ་གིས་རྩ་རྒྱུད་ཡོད། ཉི་ཟླ་ཙམ་གིས་སྤྱན་དམྱིག་ཡོད། ཞེས་པ་དེ་ལས་དྲང་རྒན་གྱི་སྐྱེད་རྒྱུད་བཤད་སྐབས་ཡབ་རྫི་རྒྱལ་དབུ་སེར་དང་ཡུམ་དགུ་ལྕམ་འཕྲུལ་མོ་ལས་བྱུང་བ་བཤད་ཀྱང་། དེ་དང་གོང་དུ་བཤད་པའི་གླིང་བཞི་རྒྱལ་བོ་དང་སྒོ་བཞི་ལྕམ་མོ་སྤྲུལ་བ་ལས་བྱུང་བ་བཤད་པ་མི་མཐུན་པས། ས་ཆ་སོ་སོའི་བཤད་ཚུལ་མི་འདྲ་བ་ཡིན་ནམ། ཡང་ན་མིང་གི་རྣམ་གྲངས་ཙམ་ཡིན་པ་མི་ཤེས་སོ། །
༣༽ དྲང་རྒན་གྱི་རིགས་བཤད་པ།
ལེའུ་ཡིག་སྣ་ཚོགས་སུ་དྲང་རྒན་གྱི་རིགས་མང་བོ་ཞིག་བགར་ཡོད། སྲིད་པའི་དྲང་རྒན་ཤན་འབྱེད་ལས་ལྷའི་དྲང་མཁན་མཐུ་ཆེན་དང༌། གཉན་གྱི་དྲང་མཁན་རྣ་གསས་དང༌། ཀླུའི་དྲང་མཁན་དཀར་སྔོན་དང༌། གཟའི་དྲང་མཁན་མིག་མང་དང༌། གཏོད་ཀྱི་དྲང་མཁན་སྟོབས་ཆེན་དང༌། ས་བདག་དྲང་མཁན་དབུ་དཀར་དང༌། དམུའི་དྲང་མཁན་ཐོད་དཀར་དང༌། བཙན་གྱི་དྲང་མཁན་ཤུགས་འགྲོགས་སོགས། དེ་རིང་དྲང་མཁན་གཉེན་པོ་བརྔན། ཞེས་པ་ལས་གཉན་ཀླུ་གཟའ་གཏོད་ས་བདག་དམུ་བཙན་སོགས་ཀྱི་དྲང་མཁན་ཡོད་པ་དང་། ཡང་དྲང་རྒན་ལས་ཀྱེར་གནམ་གིས་དྲང་རྒན་ཉི་ཟླ་གཉིས། སེལ་བོན་ཁ་བོ་བདག་དང་གསུམ། མྱི་ཚིག་གཅིག་གིས་ཡར་ལ་ཉེ། རླུང་གིས་བཟོའི་སྤྱན་དམྱིག་ཡིས། པར་སྣང་དྲང་རྒན་འབྲུག་ཁྱུང་གཉིས། སིལ་བོན་ཁོ་བོ་བདག་དང་གཉིས། མྱི་ཚིག་གཅིག་གིས་ཡར་ལ་ཉེ། པར་སྣང་ཡང་བའི་དྲང་རྒན་ཡིན། སའི་དྲང་རྒན་ཆུ་གླང་གཉིས། སིལ་བོན་ཁོ་བོ་བདག་དང་གསུམ། མྱི་ཚིག་གཅིག་གིས་ཡར་ལ་ཉེ། ས་གཞི་གནས་པའི་དྲང་རྒན་ཡིན། ཞེས་པ་ལས་གནམ་གིས་དྲང་རྒན་ཉི་ཟླ་དང་པར་སྣང་དྲང་རྒན་འབྲུག་ཁྱུང་། སའི་དྲང་རྒན་ཆུ་གླང་གཉིས་སོགས་བཤད་ཡོད་ལ། ཀར་ཡང་མ་སོང་འདི་ན་ཡོད། མྱིའི་དྲང་རྒན་མྱི་མ་གོས། ཤེང་[ཤིང་]གིས་དྲང་རྒན་སྟའི་མ་བཅད། རྟའི་དྲང་རྒན་འཇིའི་མ་བློགས། ཆུའི་དྲང་རྒན་ཡུལ་དུ་མ་བྲང་། སྟ[ལྟ]བ་དམྱིག་གིས་དྲང་རྒན་ཡིན། ཉན་པ་སྣ་གསས་དྲང་རྒན་དང་། སྙོལ་པ་ལྷ་རེང་[ལག་རིང་]དྲང་རྒན་དང་། ཀུན་ཤེང་[ཤེས]རྒྱལ་བོ་དྲང་རྒན་དང་། སྲིད་པའི་དྲང་རྒན་དེ་རྣམས་གིས། ཀར་ནག་ཙོམ་ཙང་[གཙང་གཙོག]འདྲེས་བའི་གཟུའ་དང་སྤང་[དཔང་]ལ་གཤེགས་སུ་གསོལ། ཞེས་པ་ལས་དྲང་རྒན་གྱི་རིགས་སྣ་ཚོགས་ཕྱེ་ཡོད། དྲང་རྒན་བསེའི་སླབ་པ་ཅན། ཆུའི་རུ་མཚོན་ཕྱགས་ན་སྣམས། དྲང་རྒན་ཉི་མ་སྤྱན་རྣོན་དེ། དུག་གིས་ཕོ་སྙུགས་ཕྱགས་ན་སྣམས། ཡག་ཀར་ཐོགས་པའི་གཟུའ་དང་སྤང་[དཔང་]ལ་བྱོན། དྲན་རྒན་ཡེ་ཤེས་སྤྲུལ་པ་ཅན། ཀུན་ཤེང་དྲང་རྒན་སྣམས་གསས་ཅན། མྱི་ནད་ཕྱུགས་ནད་སྒྱུར་བའི། དྲང་རྒན་སླི་ཐུག་འདབ་མ་ཅན། ཤ་སྒྲོན་ཀླུང་ཐུགས་ཕྱགས་ན་སྣམས། རླུང་གིས་རེང་བླང་སྒྱུར་བའི། དྲང་རྒན་སྟོང་གསུམ་སྤྱོན་གནོན་ཅན། སྐུ་ལ་ཤེས[ཤེལ]གིས་སླབ་པ་གནང་། ཆུ་བོ་གཞུང་བཞི་ཕྱོགས་པའི། དྲང་རྒན་གནམ་ལྕགས་ཀྱགས་ཕགས་ཅན། རིན་ཆེན་སྣ་གསུམ་གོང་མཚོན་མནན། དགྲ་མཚོན་གཟས་ལ་མི་འཛུགས་པའི། དྲང་རྒན་རྫུ་འཕྲུལ་སྟོང་པོ་ཆེ། ལྕགས་གིས་པན་ཀླེང་རིབ་ཙམ་ཅིག ས་དམྱི་རྡོ་གཉན་སྒྱུར་པའི། དྲང་རྒན་ཐབས་དང་རྫུ་འཕྲུལ་ཅན། ལྷ་ཀླུ་ཀར་བོ་གཡབ་དར་ཕྱགས། དྲང་རྒན་སྟོང་གསུམ་ཁྱབ་པ་ཅན། སྐུ་ལ་རྣོས་མཚོན་སྣམས་དགུའི་རྒྱན། རང་མཚོན་རང་ལ་མི་འཇུག་པའི། རང་བུ་རང་གིས་མི་གསོལ་བའི། དྲང་རྒན་ཝེར་མ་བསམ་གྲུབ་དེ། དུག་གིས་ཆག་ཤེང་[ཤིང་]ཕྱག་ན་སྣམས། པང་ནི་བློག[གློག]དང་རླུང་འཁོར་འགྱོགས[མགྱོགས]། དགྲ་ལག་ཐུམས་ལ་ཟུན་ལ་རེང་བར་གྱིས། དྲན་རྒན་ཕོད་བ་གསེར་ལྔ་ཅན། ཕྱག་ན་གནམ་ལྕགས་ཁྱིད་པ་རྣམས། ཐིའུ་རང་འདུལ་བའི། དྲང་རྒན་ཀུན་ཤེས་སྟོད[སྟོང་]འདུས་དེས། བསེའི་བདེན་ཀར་ཕྱགས་ན་སྣམས། དགྲའི་ཡུལ་གསོལ་ཕམ་པ་དང་། བདག་གིས་ཡུལ་སོག་རྒྱལ་པར་ཀྱིས། དྲང་རྒན་སྟུལ་གིས་སློབ་པ་ཅན། ལྩ་གཡག་ཀར་བོ་སྟོང་ལ་འཕེང་། དྲང་རྒན་རྟ་པོ་རྟ་ཡོད་དེ། པ་དན་དམར་པོ་ཕྱག་སྣམས། ཞེས་དང་། དྲང་རྒན་གྱི་རིགས་སྣ་ཚོགས་བཤད་ཡོད་དོ། །
༤༽ དྲང་རྒན་གྱི་བྱེད་ལས་བཤད་པ།
དེ་ཡང་སྲིད་པའི་དྲང་མཁན་ཤན་འབྱེད་ཞེས་པའི་ཡིག་ཆ་ལས་ལྷ་འདྲེ་ཤན་འབྱེད་དྲང་མཁན་མཁས། དཀར་ནག་ཤན་འབྱེད་དྲང་མཁན་མཁས། དགྲ་ཟིན་ཤན་འབྱེད་དྲང་མཁན་མཁས། གཙང་རྩོགས་ཤན་འབྱེད་དྲང་མཁན་མཁས། ཞེས་པ་དེ་ལས་དྲང་རྒན་གྱི་བྱེད་ལས་གཙོ་བོ་ནི་ལྷ་འདྲེ་ཤན་འབྱེད་དང་། དཀར་ནག་ཤན་འབྱེད། དགྲ་ཟིན་ཤན་འབྱེད། གཙང་རྩོགས་ཤན་འབྱེད་སོགས་ལ་མཁས་པ་ཞིག་ཡིན། ཡང་དེ་ལས་ལྷ་མི་རྒྱལ་བའི་དྲང་མཁན་མཛོད། དགྲ་ཁམས་ཕམ་པའི་དྲང་མཁན་མཛོད། ལྷ་འདྲེ་འདུལ་བའི་དྲང་མཁན་མཛོད། རྒྱལ་བསེན་འདུལ་བའི་དྲང་མཁན་མཛོད། འདྲེ་གདོན་འདུལ་བའི་དྲང་མཁན་མཛོད། དར་སྲི་འདུལ་བའི་དྲང་མཁན་མཛོད། ཆུང་སྲི་འདུལ་བའི་དྲང་མཁན་མཛོད། རྒྱལ་འགོང་འདུལ་བའི་དྲང་མཁན་མཛོད། ཐེའུ་རང་འདུལ་བའི་དྲང་མཁན་མཛོད། མོ་འདྲེ་འདུལ་བའི་དྲང་མཁན་མཛོད། གོད་འདྲེ་འདུལ་བའི་དྲང་མཁན་མཛོད། ཀོད་སྲི་འདུལ་བའི་དྲང་མཁན་མཛོད། རྨང་འདྲེ་འདུལ་བའི་དྲང་མཁན་མཛོད། ཡུལ་འདྲེ་འདུལ་བའི་དྲང་མཁན་མཛོད། བྱད་ཁ་བཟློགས་པའི་དྲང་མཁན་མཛོད། ཕུར་ཁ་བཟློགས་པའི་དྲང་མཁན་མཛོད། ཡམ་ཁ་བཟློགས་པའི་དྲང་མཁན་མཛོད། བདུད་དཔུང་འདུལ་བའི་དྲང་མཁན་མཛོད། ཀླུ་གདོན་འདུལ་བའི་དྲང་མཁན་མཛོད། སད་སེར་བཟློགས་པའི་དྲང་མཁན་མཛོད། ཞེས་དང་། གོང་དུ་བཤད་པ་ལྟར་དྲང་རྒན་ནི་ལྷ་རྒྱལ་དུ་འཇུག་མཁན། དགྲ་ཁམས་ཕམ་པར་མཛད་མཁན། འདྲེ་སྲིན་སྣ་ཚོགས་འདུལ་བ་དང་གནོད་པ་ཞི་བ། བྱད་ཁ་དང་ཕུར་ཁ། སེར་སད་སོགས་ཟློག་མཁས་པའི་ནུས་མཐུ་ཅན་ཞིག་ཡིན།
༥༽ དྲང་རྒན་བརྔན་པའི་ཡོན་ཏན་བཤད་པ།
སྲིད་པའི་བོན་གྱི་ཡིག་ཆ་དྲང་རྒན་ལས་ཡ་ལྦ་དཀར་མོའི་སྨོན་མི་ཐོབ། ལྷ་མི་རྒྱལ་ལོ་ངར་ཁམས་ཕམ། དེ་ཡང་དྲང་མཁན་གཉན་གྱི་མཐུ། དགྲའ་བོ་བུ་རྟ་ཆོས་ལ་ཕོབ། རང་གི་བུ་རྟའི་མགོན་སྐྱབས་མཛོད། ཡང་དྲང་མཁན་བརྔན་པ་ཀར་སྲིད་ན། ལྷ་དང་སྲིན་གཉིས་འཐབ་པའི་ཚེ། ལྷའི་དམགས་ལ་ཁྲི་ཚེ་གཅིག སྲིན་དམག་བྱེ་བ་དུང་ཕྱུར་གཅིག ལྷ་རྣམས་ཀུན་གྱི་དྲང་མཁན་བརྔན། གསས་བསང་གླའི་རྣ་བ་ཙམ། བསང་ནས་སྔོན་མོ་འབྲུ། བདུད་རྩི་ཆང་ཕུད་མཆོད་པ་བཤམ། དྲན་རྒན་ཐམས་ཅད་སྤྱན་དྲང་བརྔན། ཞེས་དང་། ཡང་དྲང་མཁན་བརྔན་པའི་ཡོན་ཏན་གྱིས། ལྷ་རྣམས་རྒྱལ་བའི་དྲང་མཁན་མཛོད། དགྲ་སྲི་ཕམ་པའི་དྲང་མཁན་མཛོད། ཞེས་དང་། ལྷ་སྲིན་ཐབ་པའི་ཚེ་ལྷ་མིས་དྲང་རྒན་བརྔན་པས་ལྷ་རྒྱལ་སྲིན་ཕམ་པའི་མཐའ་འབྲས་ལས་དྲང་མཁན་བརྔན་པའི་ཡོན་ཏན་བསྟན་ཡོད་དོ། །ཡང་དྲང་མཁན་མཐུ་ཆེན་གཉན་པོ་བརྔན། ལྷ་འདྲེ་གཉིས་ཀྱི་ཤན་ཡང་ཕྱེ། དཀར་ནག་གཉིས་ཀྱི་ཤན་ཡང་ཕྱེ། དགེ་སྡིགས་གཉིས་ཀྱི་ཤན་ཡང་ཕྱེ། དགྲ་ཟིན་གཉིས་ཀྱི་ཤན་ཡང་ཕྱེ། གཙང་དམེ་གཉིས་ཀྱི་ཤན་ཡང་ཕྱེ། ཡང་དྲང་མཁན་བརྔན་པའི་མཐུ་སྟོབས་ཀྱི། དགྲའ་བོ་བུ་རྟ་གྲོངས་འཆིང་གཅིག རང་གི་བུ་རྟའི་ཁ་འཛིན་མཛོད། ཞེས་དང་། ཡང་དྲང་རྒན་ལས་ཀྱེར་རྒུང་སྔོན་མཐོའ་བའི་བླ་འགང་ན། ཉི་ཟླ་ཕུག་གཅིག་འདྲེན་བ་ལ། བུ་ཙ་མྱེ་སྲེང་[མིང་སྲིང་]དུ་ཡོད་པ། སུས་ཀྱང་མྱི་ཤེས་དྲང་རྒན་གཉེན་པོ་ཁྱེད་ཀྱིས་ཤེས། ཙན་དན་སྨུགས་པོ་མཚང་སྣམས་ན། སྟག་པ་ཐོང་པ་འདུགས་པ་ལ། མཆེད་པར་གང་རྣོ་གང་སྡུལ་བ། སུས་ཀྱང་མི་ཤེས་དྲང་རྒན་གཉེན་པོ་ཁྱེད་ཀྱིས་ཤེས། གང་སྨན་ཀར་གིས་སྤྲུལ་འདབ་ན། རྔའ་པོ་རུ་བཅུ་ར་ཡ་ན། ར་ལ་ཕྲ་སྦྲངས་ཡོད་པ་དེར། སུས་ཀྱང་མི་ཤེས་དྲང་རྒན་གཉེན་པོ་ཁྱེད་ཀྱིས་ཤེས། གསེར་མ་སྔོན་འདབ་ན། ཀར་གཤོགས་འབྲོ་བུ་ར་ཡ་ན། གང་ཕྲ་གང་སྦྲོངས་ཡོད་པ་དེས། སུས་ཀྱང་མི་ཤེས་དྲང་རྒན་གཉེན་པོ་ཁྱེད་ཀྱིས་ཤེས། གནམ་གིའ་ཐུག་རེང་[རིང་]དང་སའི་ཤ་ཟན་གཉིས། སྤུའི་ལྗང་ལོ་ལ། གང་མང་གང་སྡུགས་ཡོད་པ་ལ། སུས་ཀྱང་མི་ཤེས་དྲང་རྒན་གཉེན་པོ་ཁྱེད་ཀྱིས་ཤེས། དེ་པ་དྲང་རྒན་གཉན་པོ་གནམ། བོད་ཀྱིས་སྨྲང་ལ་ཆ་པ་དང་། སྣུ་ཀྱིས་ཡས་ལ་ཆད་པ་ལ། དྲང་རྒན་ཁྱེད་ཀྱིས་གསལ་དུ་གསོལ། ཞེས་པ་ལས་དྲང་རྒན་ནི་སུས་ཀྱང་མི་ཤེས་པ་ཐམས་ཅད་ཤེས་པ། མི་ཤེས་པའི་རིགས་མེད་ཞིག་ཡིན་ཚུལ་གསལ་བོ་བསྟན་ཡོད་པ་དེ་ལས་བརྔན་པའི་ཡོན་ཏན་གསལ་ལོ། །
༦༽ དཔྱད་འབྲས།
ཐོག་མར་དྲང་རྒན་ཞེས་པ་ནི་དམངས་ཁྲོད་ཀྱི་བར་ཁྱིམ་གྱི་ཐབས་འདོན་མཁན་ཏེ། འཁོར་བ་སྐྱོང་བའི་ཐབས་འདོན་མཁན་ཡིན། སྒྲུང་ལྡེའུ་བོན་གསུམ་གྱི་སྒྲུང་གི་སྐོར་ཡིན། སྒྲུང་ནི་རྒྱལ་སྲིད་སྐྱོང་ཐབས་དང་འཁོར་བ་སྐྱོང་ཚུལ་སོགས་སྒྲུང་གི་སྒོ་ནས་བཤད་པ་སྟེ། གཙོ་བོ་མི་རྣམས་ཀྱི་བློ་སྒོ་འབྱེད་བྱེད་ཡིན། བར་དུ་དྲང་རྒན་ཞེས་པ་ནི་དྲང་རྒན་གཉན་གྱི་གཟུ་བོ་སྟེ། གཟུ་བཞི་དཔང་བརྒྱད་ཀྱི་ཁོངས་སུ་འདུས་ཏེ། དྲང་བོ་དང་གཟུ་བོ་གནས་ཏེ་གཉན་བར་གྱི་འདུམ་འགྲིག་བྱེད་མཁན་ཡིན། ཐ་མར་དྲང་རྒན་ནི་ལྷ་འདྲེ་ཤན་འབྱེད་དང་། དཀར་ནག་ཤན་འབྱེད། དགྲ་ཟིན་ཤན་འབྱེད། གཙང་རྩོགས་ཤན་འབྱེད་སོགས་ལ་མཁས་པ་ཞིག་ཡིན་པ་དང་། ལྷ་རྒྱལ་དུ་འཇུག་མཁན། དགྲ་ཁམས་ཕམ་པར་མཛད་མཁན། འདྲེ་སྲིན་སྣ་ཚོགས་འདུལ་བ་དང་གནོད་པ་ཞི་བ། བྱད་ཁ་དང་ཕུར་ཁ། སེར་སད་སོགས་ཟློག་མཁས་པའི་ནུས་མཐུ་ཅན་ཞིག་ཡིན། གཞན་ཡང་དྲང་རྒན་གྱི་ཆོ་ག་སོགས་ཤིན་ཏུ་རྒྱས་པས་ཡིག་ཚོགས་དོགས་ནས་མ་བཀོད་དོ། །
༼དཔྱོད་ལྡན་མཆོད་པའི་མེ་ཏོག༽སྤྱིའི་དེབ་གྲངས་བདུན་པ་ལས་བཤུས།