རྒྱལ་དབང་ལྔ་བ་ཆེན་པོའི་སྐུ་ཐང་།
མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན།
རྒྱལ་དབང་ལྔ་བ་༼༡༦༡༧-༡༦༨༢༽མཆོག་གིས་གངས་ཅན་ལྗོངས་ཀྱི་བོན་གྱི་ལྷ་སྡེ་ལ་གཟིགས་ཕྱོགས་གནང་བའི་མཚམས་སྦྱོར།
དེ་ཡང་རྒྱལ་དབང་ལྔ་བའི་རང་རྣམ་༼འདི་སྣང་འཁྲུལ་བའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀུ་ལའི་གོས་བཟང་༽ཞེས་པར་གཡུང་དྲུང་བོན་གྱི་ལྷ་སྡེ་དང་དེའི་མི་སྣ་ཆེ་ཁག་འགའ་ཤས་དང་ཐུགས་ཉེ་བའི་སྐོར་གྱི་ལོ་རྒྱུས་མི་ཉུང་བ་ཞིག་བཀོད་ཡོད་པ་འདིར་བརྗོད་འདོད་བྱུང་། དེ་སྔ་བོན་གྱི་ལོ་རྒྱུས་ཡིག་ཆ་རྣམས་སུ་འདིའི་སྐོར་གང་ཡང་བྲིས་མེད་པས་ན་རྒྱུ་མཚན་དེ་བས་ཀྱང་གལ་ཆེ་བར་མཐོང་།
རང་རྣམ་དུ་ཞང་སྟོན་སྒར་པ་སྐུ་མདུན་ལྷུན་གྲུབ་ཞེས་པ་བོན་གྱི་བླ་མ་དེ་ཉིད་རྒྱལ་དབང་ལྔ་བའི་སྐུ་མདུན་དུ་བཅར་བའི་བླ་མ་ཆེ་ཁག་གི་གྲས་ནས་ཤིན་དུ་གཙིགས་ཆེ་བར་གནང་བ་མ་ཟད་རྒྱལ་དབང་མཆོག་གི་བསྟན་སྲིད་དང་བོད་ཀྱི་བདེ་དོན་ལ་དམིགས་ནས་སྐུ་རིམ་ལན་མང་དུ་བསྒྲུབས། ཁོང་སྟོད་ལུང་དུ་ཡོད་པའི་ཞང་སྟོན་ཞེས་པའི་ཡུལ་ནས་ཕེབས་པས་ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཞེས་ཞུས། དེ་བཞིན་འདིར་ཡང་ཞང་སྟོན་ཞེས་ཞུ་གི་ཡིན།
སྤྱི་ལོ་༡༦༧༡ལོར་རང་རྣམ་དུ་༼ཟླ་བ་བཞི་བའི་འགོར་ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཀྱིས་བོན་མཁའ་ཀློང་གི་མདོས་ཆེན་རིམ་གྲོ་གཏང་ཞིང་ལོ་སྔ་མ་ཚོར་ཡང་ཞང་ཞུང་ལུགས་ཀྱི་མོ་རྩིས་དང་དེར་བབས་པའི་བཅོས་རིམ་མང་དུ་མཛད།༽ཞེས་གསུངས། 1དེ་བཞིན་དགྲ་སྲི་མནན་པ་དང་དགྲ་ལྷ་དཔང་བསྟོད་དང་ལྷག་པར་དུ་ཀླུ་བཅོས་སོགས་བོན་གྱི་གཏོ་ཆོག་མང་དུ་མཛད་ཡོད་པར་གསུངས། 2
སྤྱི་ལོ་༡༦༧༡་ལོར་༼ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཀྱིས་ར་མོ་ཆེའི་ཀླུ་རྒྱལ་ལྕང་གསེབ་ཏུ་གཏའ་བསྡེམ་སོགས་བཅོས་ཀ་མཛད་པའི་ཚེ་ཀླུ་རྒྱལ་གྱི་འཁོར་དུ་ཁམས་སྤྲང་འདྲ་བ་གཉིས་འདུག་པ་ཅི་ཡིན་དྲིས་པར་འབྲུམ་པའི་ནད་བདག་ཡིན་ཟེར་བ་བྱུང་བས་ད་ལོར་འཐོར་ནད་ཞིག་ཡོང་ཉེན་ཆེ་ཚུལ་མོལ་བ་ལྟར་དེ་ནས་ཟླ་ཕྱེད་གསུམ་སྐོར་ཙམ་ལ་ལྷ་ས་ནས་རིམ་གྱིས་མཆེད་པའི་ལོ་ཕྱེད་གསུམ་ཚུན་ལ་དབུས་གཙང་ཐམས་ཅད་ཁྱབ་པས་ངེས་ཤེས་འདྲོང་བར་སྣང་། བོན་འདི་ལ་བོད་ཀྱི་ལྷ་རྣམས་དགའ་བར་མ་ཟད་ཀླུ་ལ་ལྷག་པར་མངའ་བརྙེས་པ་ཞིག་ཡོད་ཚོད་དུ་འདུག་༽ཞེས་གསུངས། 3འདི་ནི་དོན་ལ་གནས་པའི་བོན་གྱི་གཟེངས་བསྟོད་ཞིག་རེད་འདུག། དེར་བརྟེན་སྡེ་དགེ་པར་ཁང་དང་ལྷ་ས་ཞོལ་པར་ཁང་དང་རྟག་བརྟན་ཕུན་ཚོགས་གླིང་སོགས་སྐད་གྲགས་ཅན་གྱི་པར་ཁང་རྣམས་སུ་ཀླུ་འབུམ་དཀར་ནག་ཁྲ་གསུམ་གྱི་པར་ཤིང་བཞུགས་ཡོད་པ་མ་ཟད་བན་དེ་དགོན་སྡེ་ཆེ་ཁག་རྣམས་སུ་ཡང་གསུང་རབ་དེ་ཉིད་བཞུགས་སུ་གསོལ་ཡོད་པ་ཡོངས་གྲགས་ཡིན།
འབྲུག་རྒྱལ་ཁབ་ཏུ་ཡོད་པའི་གཏེར་སྟོན་རྡོ་རྗེ་གླིང་བའམ་གཡུང་དྲུང་གླིང་བའི་གདུང་བརྒྱུད་ཨོ་རྒྱན་ཆོས་གླིང་དུ་གསུང་རབ་དེ་ཉིད་ཀྱི་ཤིང་པར་ཞིག་བཞུགས་ཡོད་པ་མཇལ་མྱོང་། དེའི་པར་བྱང་མི་གསལ་ཡང་ཕལ་ཆེར་བུམ་ཐང་བདེ་ཆེན་ནམ་ཕྱིས་སུ་པུ་ན་ཁར་གྲགས་པའི་ཤིང་པར་ཡིན་པ་འདྲ་སྙམ།
སྤྱི་ལོ་༡༦༧༡ལོའི་ཚེས་བཅོ་ལྔ་ལ་རང་རྣམ་དུ་༼ཆབ་མདོ་རྗེ་དྲུང་རིན་པོ་ཆེའི་སྤྲུལ་སྐུ་དང་བོན་གཡུང་དྲུང་གི་མིག་གཅིག་བུ་སྐུ་མདུན་ལྷུན་གྲུབ། ཨ་མདོ་བའི་རྟ་འབུལ་བ་ཁ་ཤས། ནག་ཚང་ལྷ་སྐྱབས་ཅན་འཕྲད་མི་མང་།༽ཞེས་གསུངས། 4འདིར་བོན་གཡུང་དྲུང་གི་མིག་གཅིག་བུ་ཞེས་གཟེངས་བསྟོད་གནང་བར་དཔྱད་ན་དུས་རབས་བཅུ་བདུན་པའི་ནང་བླ་མ་དེ་ཉིད་རྒྱལ་དབང་མཆོག་གིས་གཟིགས་མཐོང་ཆེན་པོ་གནང་བའི་བོན་གྱི་བླ་མ་ཞིག་སྐུ་ཡོན་ཆེ་ལ་ཧ་ཅང་གི་གྲགས་ཅན་ཞིག་ཡིན་པ་ཤེས་ཐུབ། སྐབས་འགར་རྒྱལ་དབང་མཆོག་གིས་ཞང་སྟོན་ལ་སྒར་པའམ་རི་ཁྲོད་པ་ཞེས་ཀྱང་འབོད་གནང་འདུག་པས་ཞང་སྟོན་སྐུ་མདུན་ནི་དུས་རབས་བཅུ་བདུན་པའི་ནང་དུ་ཕེབས་པའི་བོད་ཀྱི་བླ་མ་ཆེ་ཁག་ཚོ་ལྟ་བུ་སྒར་དང་སྐུ་འཁོར་བཅས་འགྲིམ་འགྲུལ་ལ་ཕེབས་པ་དང་སྐབས་འགའ་རེར་རི་ཁྲོད་ལ་བཞུགས་ནས་བྱ་བྲལ་གྱི་རྟུལ་ཞུགས་འཛིན་པའི་ཚུལ་ཡང་གནང་གི་ཡོད་པར་ངེས། དེ་བཞིན་རང་རྣམ་དུ་༼ཞང་སྟོན་རི་ཁྲོད་པར་ཕྱི་ནང་གི་སྐད་ཆ་དུ་མ་འདུག་པར་ལ་ལར་དགོད་བྲོ་བ་དང་ལ་ལར་ཉམ་ང་བའང་འདུག༽ཅེས་གསུངས། 5
སྤྱི་ལོ༡༦༥༢་ལོར་རྒྱལ་དབང་མཆོག་རྒྱལ་ས་པེ་ཅིང་དུ་ཆིབས་བསྒྱུར་གནང་སྐབས་འབྲས་སྤུངས་ནས་འགོ་བཙུགས་ཏེ་སྟོད་ལུང་བདེ་ཆེན་རྫོང་བརྒྱུད་ནས་ཕེབས། སྟོད་ལུང་དུ་ཡོད་པའི་ས་ཁུལ་ཞང་སྟོན་ཞེས་པར་སྐུ་འཚོ་བ་ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཉིད་རྒྱལ་དབང་མཆོག་ལ་ཕེབས་སྐྱེལ་ཞུས་པར་ཕེབས། འདིའི་སྐོར་རང་རྣམ་དུ་༼ཞང་སྟོན་སྒར་པ་སྐུ་མདུན་ལྷུན་གྲུབ་བི་རིའི་བླ་མ་དང་མག་པར་སོང་བས་རྒྱལ་བོ་ཡབ་སྲས་རྣམས་མི་དགྱེས་པའི་གཟིགས་ཕྱོགས་ལོག་པ་འདུག་པར་འཇིགས་པ་ལས་སྐྱབས་ཤིང་བསྙེན་རྫོགས་སུ་བསྒྲུབས་མཚན་ངག་དབང་ཚུལ་ཁྲིམས་གྲགས་པར་བཏགས།༽ཞེས་གསུངས།6 འདིར་རྒྱལ་བོ་ཡབ་སྲས་ཞེས་པའི་རྒྱལ་བོ་ནི་སོག་པོ་གུ་ཤྲི་ཁན་བསྟན་འཛིན་ཆོས་རྒྱལ་༼༡༥༨༢-༡༦༥༥༽ཡིན། འདིའི་ཚིག་ཟིན་དུ་མག་པ་ཞེས་འབྱུང་བས་ཞང་སྟོན་གྱི་གསང་ཡུམ་དེ་བི་རིའི་རྒྱལ་བོ་དོན་ཡོད་ཀྱི་སྐུ་སྲིང་ངམ་སྲས་མོ་ཞིག་ཡིན་པར་ངེས། དེ་བཞིན་ཁོང་བི་རིའི་རྒྱལ་བོའི་བླ་མ་ཞིག་ཡིན་པ་ཡང་གསལ། ཞང་སྟོན་གྱིས་རྒྱལ་དབང་མཆོག་གི་སྐུ་མདུན་དུ་བསྙེན་རྫོགས་བསྒྲུབས་ཞེས་གསུངས་པ་འདིའི་ཤུགས་བསྟན་དུ་གོང་སྨོས་རྒྱལ་བོས་ཞང་སྟོན་ཉིད་དགེ་ལུགས་པར་བསྒྱུར་དགོས་པའི་སྐུལ་ལྕག་བྱས་པར་སྙམ། དེར་བརྟེན་ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཉིད་སྟོད་ལུང་བདེ་ཆེན་རྫོང་དུ་ཡོད་པའི་ཞང་སྟོན་ཞེས་པ་ནས་ཕེབས་པར་གདེང་འཇོག་བྱེད་ཐུབ། འདིར་བི་རི་ཞེས་བྲིས་པ་ནམ་རྒྱུན་བེ་རི་ཞེས་པ་ཁམས་དཀར་མཛེས་ཁུལ་གྱི་བྱང་ངོས་སུ་ཡོད།
སྟོད་ལུང་བདེ་ཆེན་རྫོང་ཁུང་དུ་གྲོང་ཚོ་ཞང་སྟོན་ཞེས་པ་ཡོད་པ་དང་དེར་རྨེའུ་བརྒྱུད་འཛིན་པ་ཞིག་གིས་བཏབ་པའི་ཞང་སྟོན་འཕགས་པའི་གདན་ས་ཞེས་གྲགས་པ་ཡོད་ཅེས་མཁས་པ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ཁོང་གི་ཚིག་མཛོད་དུ་གསུངས་ཀྱང་ཁོང་གི་ལོ་རྒྱུས་དེའི་ཁུངས་སྨོས་མི་འདུག་པས་བློ་ཕམ་ཆེ། 7
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་༼༡༥༦༧-༡༦༦༢༽ནི་རྒྱལ་དབང་མཆོག་རང་གི་དགེ་བའི་བཤེས་གཉེན་ཆེན་པོ་ཡིན་པར་མ་ཟད་སྐབས་དེར་དགེ་ལུགས་ཀྱི་བསྟན་པའི་བདག་པོ་ཡང་ཡིན། ཁོང་སྤྱི་ལོ་༡༦༦༧ལོར་སྐུ་གཤེགས་པར་བརྟེན་རྒྱལ་དབང་མཆོག་གིས་པཎ་ཆེན་གྱི་སྤྲུལ་སྐུ་མྱུར་དུ་ཕེབས་པའི་སྨོན་ལམ་བརྩམས་འདུག། འདིའི་སྐོར་རང་རྣམ་དུ་༼སྤྲུལ་སྐུ་མྱུར་དུ་ཕེབས་པའི་སྨོན་ལམ་ཚིགས་བཅད་བྲིས་ཏེ་སེར་འབྲས་ཀྱི་ཚོགས་ཆེན་དུ་བཙུགས།༽ ཞེས་གསུངས། 8
སྤྲུལ་སྐུ་ཡང་ལོ་དེའི་རྗེས་མར་གཡས་རུ་བྲུ་ཡི་གདུང་བརྒྱུད་དུ་འཁྲུངས། རང་རྣམ་དུ་༼བོན་གྲུ་ཚང་བའི་སར་སྔགས་གྲ་སློབ་དཔོན་སྒང་ཆེན་པ། དཔོན་ཚང་ཚ་རོང་པ། དབུ་མཛད་ཆོས་དབྱིངས་ཅན་གྱིས་རྗེ་གོང་མའི་སྐུ་ཆས་ཁྱེར་ངོས་འཛིན་ལ་ཕྱིན་པ་རྣམས་རིམ་པར་གསལ་བ་བྱུང་ཚུལ་ཕྱག་མཛོད་པས་རྨེད་པས་མི་སྣའི་བསྐུལ་མར་མགྲོན་གཉེར་གཞོན་པ་དཀར་བཅུ་ཆོས་འཕེལ་འབྱོར་དོན་བཞིན་རི་ཁྲོད་དགའ་ལྡན་སློབ་དཔོན་བྱམས་པ་རིན་ཆེན་གསུམ་སྐྱར་པོ་མགྲོན་གཉེར་རྡོ་རྗེ་དབང་ཕྱུག མདའ་དཔོན་འོར་པ་གསུམ་བཏང་བའི་སྤྲུལ་སྐུ་རིན་པོ་ཆེའི་མཚན་ལ་བློ་བཟང་ཡེ་ཤེས་སུ་གསོལ་ཐོག་སློབ་དཔོན་བྱམས་རིན་པས་མེ་ཏོག་གཏོར། ལེགས་འབུལ་གཟེངས་བསྟོད།༽ཞེས་གསུངས།9 འདིར་བོན་གྲུ་ཚང་བ་ཞེས་བྲིས་གནང་བ་ནི་མ་དག་པ་རེད། གོང་སྨོས་ལྟར་བྲུ་ཚང་ཞེས་པའི་བྲུ་ནི་ཡུལ་བྲུ་ཞ་ཞེས་པ་དེང་རབས་ཅན་གྱི་རྒྱལ་ཁབ་པ་ཀི་སི་ཏན་གྱི་ནུབ་བྱང་དུ་ཡོད་པ་Gilgit ཞེས་པ་ཡིན་པར་འདོད། དེ་ཡང་ཏུན་ཧོང་ཡིག་རྙིང་དུ་སྤྱི་ལོ་༧༣༧ལོར་བོད་ཀྱིས་མངའ་འོག་ཏུ་བཅུག 10 བོན་གྱི་ཡིག་ཆ་ཁག་ཏུའང་བྲུ་ཤ་གནམ་གསས་སྤྱི་རྟོལ་ཞེས་བྱ་བའི་རྗེས་འཛིན་ཞིག་བྲུ་ཤའི་ཡུལ་ནས་བོད་དུ་ཕེབས་ཏེ་ཁོང་གི་སྲས་བརྒྱུད་དག་བྲུ་ཚང་གདུང་བརྒྱུད་ཀྱི་ཡབ་མེས་ཡིན་པར་བཤད། 11འདིར་རྒྱལ་དབང་མཆོག་གིས་རང་གི་བླ་མའི་སྤྲུལ་སྐུ་བོན་པོ་བྲུ་ཚང་བའི་གདུང་བརྒྱུད་དུ་ངོས་འཛིན་གནང་དགོས་དོན་ཞལ་གསལ་མ་བྱུང་རུང་དུས་སྐབས་དེར་བོན་གྱི་བསྟན་སྦྱིན་ཁམས་བེ་རིའི་རྒྱལ་བོ་དོན་ཡོད་དང་ཁོང་གི་ཕྱོགས་གཏོགས་བཀའ་བརྒྱུད་པའི་ཕྱོགས་འཛིན་གཙང་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་བོ་༼༡༦༠༦-༡༦༤༢༽གཉིས་ཆབ་སྲིད་ཐོག་མགོ་གཞུག་ལོག་ཡོད་ན་ཡང་རྒྱལ་དབང་མཆོག་གིས་བོད་གཅིག་གྱུར་ཡོང་ཆེད་དུ་ཇོ་ནང་བ་ཕུད་གྲུབ་མཐའ་རིགས་མི་གཅིག་པ་ཚང་མར་ལས་དོན་ཅི་རིགས་ཐོག་ནས་གཟིགས་མཐོང་བླ་མེད་དུ་མཛད་འདུག། ནམ་རྒྱུན་དུ་མི་ཁྱིམ་ཞིག་ཏུ་དགེ་ལུགས་པའི་སྤྲུལ་སྐུ་འཁྲུངས་ན་མི་ཁྱིམ་དེའི་མི་དང་ཡུལ་འཁོར་ཚང་མ་སྤྲུལ་སྐུའི་དགོན་པས་གཞུང་བཞེས་བྱེད་སྲོལ་ཡོད་ན་ཡང་འདི་སྐབས་སུ་བྲུ་ཚང་གི་གདུང་བརྒྱུད་རང་གནས་སུ་བཞག་སྟེ་བདག་རྐྱེན་མཛད་འདུག
རང་རྣམ་དུ་༼བོན་པོ་དར་སྡིངས་པས་གཏོར་ཟློག་དང་དགྲ་མནན་༽ཞེས་ལན་གསུམ་གསུངས། 12 འདིར་དར་སྡིངས་པ་ནི་གཙང་ཁུལ་གྱི་ས་གནས་གཞད་ཞེས་པར་ཡོད་པའི་གྲོང་ཚོ་དར་སྡིངས་སུ་གདན་ཆགས་པའི་དམུ་གཤེན་གྱི་གདུང་བརྒྱུད་ནམ་རྒྱུན་དུ་གཤེན་ཚང་དུ་འབོད་པ་དེ་རེད།
དེ་བཞིན་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་སྲིད་ཞི་ཕུན་ཚོགས་སོགས་ཚོམས་ཆེན་ཁག་ནང་རྒྱལ་དབང་མཆོག་གི་སྐུ་མདུན་དུ་བོད་ཀྱི་བླ་མ་ཆེ་ཁག་དང་སྡེ་དཔོན་དང་རྫོང་དཔོན་རྣམས་ཚོགས་འདུར་བཅར་སྐབས་མི་རེ་གདན་ཡིག་ལྟར་རང་གི་གནས་བབས་ལ་ལྟོས་པའི་གདན་ཐོག་ཏུ་བསྡོད་དགོས་པའི་བཅའ་ཁྲིམས་བཟོས་ཡོད་པ་རེད། དེའི་སྐོར་རང་རྣམ་དུ་༼ཞང་སྟོན། དར་སྡིངས། རི་ཞིང་། གྲུ་ཚང་པའི་མི་ངོའི་རིགས་སོགས་ལ་མགོ་སྟན་རིགས་གསུམ། མཇུག་བསྒྲིགས་རིགས་གསུམ། སྟག་གདན་རིགས་གསུམ་།༽ཞེས་གསུངས། 13 འདིར་རི་ཞིང་ཞེས་པ་ནི་བོད་ལྗོངས་ལྷོ་ཁའི་ས་ཁུལ་དབང་ལྡན་ཞུ་ཚང་གི་གདན་ཆགས་པའི་ཡུལ་དེ་རེད། དེར་བརྟེན་བོན་པོ་གདུང་བརྒྱུད་ཆེ་ཁག་བཞི་ལ་བན་དེའི་བླ་མའམ་སྡེ་དཔོན་གོ་ས་མཐོན་པོ་དང་འདྲ་བར་གདན་ཐོབ་ཀྱི་རྟགས་གནང་བ་ནི་མགོ་སྟན་གཅིག་དེའི་སྟེང་དུ་མཇུག་བསྒྲིགས་དེའི་ཡང་ཐོག་ཏུ་སྟག་གདན་བཏིང་པ་བཅས་ཐོག་བརྩེགས་གསུམ་ལྡན་གྱི་གདན་ཁྲིར་འགྱིང་བའི་ཐོབ་ཐང་ཡོད་འདུག 14
སྤྱི་ལོ་༡༦༧༩ལོར་མི་དབང་སངས་རྒྱས་རྒྱ་མཚོ་༼༡༦༥༣-༡༧༠༥༽སྡེ་སྲིད་དུ་བསྐོ་བཞག་གནང་བའི་བཀའ་ཡིག་ནང་གཡུང་དྲུང་བོན་དམིགས་བསལ་དུ་སྨོས་པ་ནི་འདི་ལྟར་༼ཛམ་བུ་བཀྲ་ཤིས་མངོན་པར་མཚན་པའི་ནོར་འཛིན་གྱི་གཞིར་འཁོད་པའི་ཉི་འོག་གི་སྐྱེ་རྒུ་སྤྱི་དང་བྱེ་བྲག་གདན་ས་ཆེན་པོ་སེར་འབྲས་དགེ་གསུམ་གམ་དུ་འཁོད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་བ་སོགས་རིས་མེད་ཀྱི་ཁྲིམས་ལྡན་འདུས་པའི་སྡེ་གསང་སྔགས་འཆང་བ་གཡུང་དྲུང་བོན་སོགས་ལྷ་སྡེར་གཏོགས་སོ་ཅོག་དང་སོག་པོ་ཚོ་ཆེན་བཞི་བཅུ་ཨོ་རོད་ཚོ་བ་བཞི་མཚོ་ཁྲི་ཤོར་རྒྱལ་མོའི་གྲམ་དུ་གནས་པའི་རྒྱལ་བོ་རྒྱལ་རིགས་༽ཞེས་གསུངས། བཀའ་ཡིག་འདི་ཕོ་བྲང་པོ་ཏ་ལའི་ཤར་ཕྱོགས་ཕོ་བྲང་དཀར་པོ་ཞེས་པའི་གསུམ་སྐས་སྒོ་མཆོར་གྱི་གྱང་ངོས་སུའཁོད་ཡོད་པ་དང་དེའི་འོག་ཏུ་རྒྱལ་དབང་རང་གི་ཕྱག་རྗེས་ཡང་ཕྱག་ཐམ་གྱི་ཚུལ་དུ་བཀོད་འདུག། འདིར་རྙིང་མ་བཀའ་བརྒྱུད་དང་ས་སྐྱ་སོགས་མ་སྨོས་པར་གཡུང་དྲུང་བོན་ཞེས་དམིགས་སུ་བཀར་ཏེ་གསུངས་པར་དགོས་དབང་ཁྱད་པ་ཅན་ཞིག་ཡོད་པར་སྙམ། བོད་ཀྱི་ལོ་རྒྱུས་ལ་མཁས་པ་སྐུ་ཞབས་ཧུ་རི་ཆར་སོན་༼Hugh Richardson) གྱི་བཀའ་ཡིག་དེའི་དབྱིན་འགྱུར་དུ་གསང་སྔགས་འཆང་བ་ཞེས་པའི་ཚིག་དེ་གཡུང་དྲུང་བོན་ཞེས་པའི་ཚིག་ལས་ལོགས་སུ་བཀར་ཏེ་བསྒྱུར་གནང་བ་ནི་དོན་དང་འགལ་བ་ཡིན་ཏེ་དགའ་ལྡན་ཕོ་བྲང་པའི་མངའ་འོག་ཏུ་བོད་དུ་གསང་སྔགས་འཆང་བ་ཞེས་ཆོས་ལུགས་དང་ལྷ་སྡེ་བྱེ་བྲག་པ་ཞིག་བྱུང་བའི་ལོ་རྒྱུས་མི་འདུག 15 འོན་ཏེ་གཡུང་དྲུང་བོན་ལ་གསང་སྔགས་འཆང་བ་ཞེས་འགྲེལ་བཤད་བསྐྱོན་གནང་བ་ཡང་དགོངས་དོན་གཞན་ཞིག་ལ་གཟིགས་པ་ཡིན་ལས་ཆེ། གང་ཡིན་ཞེ་ན་དུས་རབས་བཅུ་བདུན་པའི་ནང་བོན་གྱི་དགོན་གནས་དང་འདུས་སྡེ་ཁག་ཏུ་གསང་སྔགས་ཙམ་མ་ཟད་མདོ་དང་རྫོགས་ཆེན་གྱི་འཆད་ཉན་དང་ཉམས་ལེན་ཡང་ཤིན་ཏུ་དར་བའི་ལོ་རྒྱུས་ཡོད་དོ། །
མཆན།
1རང་རྣམ་ པོད་གཉིས་པ་ ལྡེབ་ ༢༡༡།
2རང་རྣམ་ པོད་གཉིས་པ་ ལྡེབ་ ༡༨༢།
3རང་རྣམ་ པོད་གཉིས་པ་ ལྡེབ་ ༡༨༢།
4རང་རྣམ་ པོད་གཉིས་པ་ ལྡེབ་ ༢༣༧།
5རང་རྣམ་ པོད་གསུམ་པ་ ལྡེབ་ ༢༩༤།
6རང་རྣམ་ པོད་དང་པོ་ ལྡེབ་ ༣༤༨།
7དུང་དཀར་ཚིག་མཛོད་ ལྡེབ་ ༡༧༦༠།
8རང་རྣམ་ པོད་གཉིས་པ་ ལྡེབ་ ༧༣།
9རང་རྣམ་ པོད་གཉིས་པ་ ལྡེབ་ ༧༤།
10དབང་རྒྱལ་དང་བསོད་ནམས་སྐྱིད་ ༡༩༨༠ ལྡེབ་ ༣༤།
11དཔེར་ན་ཤར་རྫ་བཀྲ་ཤིས་རྒྱལ་མཚན་ ལེགས་བཤད་མཛོད་ ལྡེབ་ ༡༤༥།
12རང་རྣམ་ པོད་གཉིས་པ་ ལྡེབ་ ༤༢༣། པོད་གསུམ་པ་ ལྡེབ་ ༧༤།
13རང་རྣམ་ པོད་གཉིས་པ་ ལྡེབ་ ༡༧༣།
14རང་རྣམ་ པོད་གཉིས་པ་ ལྡེབ་ ༢༧༣།
15Hugh Richardson 1998: 441.
དཔྱད་གཞིའིཁུངས་ཀྱི་ཡིག་ཆ།
ངགདབང་བློ་བཟང་རྒྱ་མཚོའི་རྣམ་ཐར།
སྟོད་ཆ་། བར་ཆ་། སྨད་ཆ་།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༡།
Hugh Richardson
High Peaks, Pure Earth, Collected Writings on Tibetan history and Culture,
Serindia Publications, London 1998
ཤར་རྫ་བཀྲ་ཤིས་རྒྱལ་མཚན། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥།
དབང་རྒྱལ་དང་བསོད་ནམས་སྐྱིད། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠།
དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢།