ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> དཔྱད་རྩོམ། >> གནའ་དཔེ་ཞིག་ལས་འཕྲོས་པའི་ཚན་རིག་གི་འོད་སྣང༌།
གནའ་དཔེ་ཞིག་ལས་འཕྲོས་པའི་ཚན་རིག་གི་འོད་སྣང༌།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ནོར་བུ་ཚེ་རིང༌།] [ཟླ་ཚེས། 11-11-02] [ཀློག་གྲངས། ]

-----《སྲིད་པའི་མཛོད་ཕུགས》ལས་འཕྲོས་པའི་གཏམ་ཐོར་བུ།

      གཡུང་དྲུང་བོན་ལ་གྲགས་པའི་སྲིད་པའི་ཆགས་རབས་དེ་ནི་དམངས་ཁྲོད་ན་བཤད་པའི་སྒྲུང་དང་གཏམ་རྒྱུད་ལྟར་དེད་ན་ཁུངས་མེད་པ་དང་དཔྱད་ན་རིག་པའི་རྐང་ཚུགས་མི་ཐུབ་པ། བརྟག་ན་འབེབས་སའི་གཞི་མེད་པ་ཞིག་མ་ཡིན་པར་དེ་ནི་གཞུང་ལུགས་ཀྱི་ཁུངས་ཡོད་པ་དང༌། དེང་སང་ཚན་རིག་གིས་བརྟག་ཅིང་དཔྱད་ནའང་རིན་ཐང་ཆེ་བ་དང་བླངས་པར་བྱ་བ་དང་བསམ་འོས་པའི་གནས་མང་དུ་ཡོད་པས་གཤམ་ནས་ངས་དེ་ཕྱོགས་ནས་མདོ་ཙམ་ཞིག་གླེང་ན། གཡུང་དྲུང་བོན་གྱི་སྲིད་པའི་ཆགས་རབས་དེའི་བཤད་ཚུལ་ཇི་འདྲ་ཡིན་པ་དང་དེའི་ཁུངས་གང་ཡིན་ཞེ་ན། དེ་ནི་གཙོ་བོ་གཡུང་དྲུང་བོན་གྱི་ལུགས་ལ་སྟོན་པ་གཤེན་རབ་ཀྱི་བཀའི་ནང་ཚན་མདོ་འབུམ་རྒྱུད་མཛོད་བཞི་ཡོད་པ་ལས་མདོ་སྡེ་ལས་སྲིད་པའི་མཛོད་ཕུགས་ཞེས་པ་ལས་གདུལ་བྱ་སྣོད་བཅུད་ཀྱི་ཆགས་ཚུལ་སྐོར་ཞིབ་རྒྱས་སུ་གསུངས་ཡོད་པ་དེ་དང༌། གཞན་ཡང་མདོ་དང་རྒྱུད་འབུམ་སོགས་ན་ཐེག་པ་མི་འདྲ་བའི་ཁམས་དང་བསྟུན་ནས་གསུང་འགའ་རེ་ཡོད་པ་དེ་རྣམས་ཡིན། དེ་ལ་འདིར་གཙོ་བོ་སྲིད་པའི་མཛོད་ཕུགས་ལ་གཞི་བཅོལ་ནས་སྤྲོས་ན། གཞུང་འདིའི་རྩོམ་མཁན་ནམ་གསུང་མཁན་ནི་སྟོན་པ་གཤེན་རབ་ཡིན་ལ། དེའི་རྩོམ་ལུས་ནི་ཚིགས་བཅད་ཡིན་ཞིང༌། དེར་ལེའུ་བཅུ་བདུན་ཡོད་པ་དང་ཚིག་རྐང་ལྔ་སྟོང་བརྒྱད་བརྒྱ་ལྷག་དང་ཤོ་ལོ་ཀ་ཆིག་སྟོང་བཞི་བརྒྱ་ལྔ་བཅུ་ལྷག་ཡོད་པ་དེའི་ཁྱད་ཆོས་གཙོ་བོ་ནི་ཞང་ཞུང་གི་སྐད་དང་བོད་སྐད་གཉིས་ཤན་སྦྱར་གྱི་ཚུལ་དུ་བཀོད་ཡོད་པ་སྟེ། ཧ་ལམ་དུས་རབས་དྲུག་པའི་ནང་བྱོན་པའི་ཞང་ཞུང་གི་མཁས་པ་སྟོང་རྒྱུང་མཐུ་ཆེན་དང་བོད་ཀྱི་མཁས་པ་སེ་བོན་ཤ་རི་དབུ་ཆེན་གཉིས་ཀྱིས་ཞང་ཞུང་སྐད་ནས་བོད་སྐད་དུ་བསྒྱུར་བ་དང་། རྗེས་སུ་བླ་མ་གཤེན་ཆེན་ཀླུ་དགས་གཏེར་ནས་བཏོན་པར་བཤད། དེ་ལ་ལོ་རྒྱུས་སྟེང་བོན་གྱི་མཁས་ཆེན་རྣམས་ཀྱིས་འགྲེལ་མང་དུ་བརྩམས་ཡོད་པ་ད་ལྟ་མིག་གིས་མཐོང་རྒྱུ་ཡོད་པ་ནི། དཔེར་ན་དུས་རབས་དྲུག་པ་ནང་ཙམ་དུ་བྱོན་པའི་སློབ་དཔོན་དྲན་པ་ནམ་མཁས་བརྩམས་པར་གྲགས་པའི་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་དང༌། དེའི་རྗེས་ནས་རྨེའུ་མཁས་པ་དཔལ་ཆེན་གྱིས་མཛད་པའི་མཛོད་འགྲེལ། འགྲོ་མགོན་འ་ཞ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ལུང་མཚན་ཉིདསྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ། མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་བརྩམས་པའི་མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ་དང་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་མཛོད་འགྲེལ་རྣམས་ཡོད། འདིར་ཡང་འགྲེལ་དེ་དག་ལ་བརྟེན་ནས་གླེང་བར་བྱའོ། ། 

གཅིག   ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་ཐད་ཀྱི་སྨྲ་བ་ལ་དཔྱད་པ།

1.གཞུང་གི་དགོངས་དོན་མདོར་བསྟན་པ།

      སྟོན་པ་གཤེན་རབ་ཀྱིས《སྲིད་པའི་མཛོད་ཕུགས》{1}ལས་སྲིད་པ་དང་པོ་ཇི་ལྟར་ཆགས་པའི་ཐད་ལ་གསུང་ཚུལ་གསུམ་བྱུང་སྟེ། བྱེད་མཁན་མེད་པར་རང་བྱུང་དུ་སྲིད་པ་དང༌། བྱེད་པོའི་རྒྱུ་རྐྱེན་ལས་བྱུང་བ། རྒྱུ་མཐུན་འབྱུང་བ་ལས་བྱུང་བ་དང་གསུམ་སྟེ། འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་དེ་ལྟར་ཕྱེ་བའི་རྒྱུ་མཚན་ནི“དྲང་སྲོང་དབང་བོ་རབ་ཀྱིས་སྣོད་བཅུད་རྡུལ་ཕྲན་དང་སྐད་ཅིག་གི་རང་བཞིན་ལ་བྱེད་པ་མེད་པ་དང༌། འབྲིང་གིས་ལྷ་ཡེ་སྲེད་འཕྲུལ་གྱི་རྒྱལ་པོའི་ཐུགས་རྗེ་དང་སེམས་ཅན་གྱི་ལས་ལ་གྲུབ་པར་ལྟ་ལ། དགེ་བསྙེན་པས་རྒྱུ་རྐྱེན་ལས་གྲུབ་པར་ལྟ་བས་རིམ་པ་བཞིན་ཕྱེ་ལ། ”གཞན་ཡང“ཕྱི་རོལ་པས་སྣོད་བཅུད་ཕྱ་དང་དབང་ཕྱུག་གིས་བྱས་པ་དང་བྱས་པ་མེད་པར་རྟག་པ་དང་ལས་འབྲས་ལས་སོགས་མེད་པར་འདོད་པ་བཟློག་པའི་ཕྱིར་གསུམ་དུ་རིམ་པ་བཞིན་ཕྱེའོ”{2}གསུངས་པ་དེ་མདོར་བསྡུས་ན། གཤེན་རབ་ཀྱིས་དུས་སྐབས་དེའི་སེམས་ཅན་གྱི་ཁམས་དང་དབང་བོ་རབ་འབྲིང་ཐ་གསུམ་ལ་བསྟུན་པའམ། དྲང་དོན་དང་ངེས་དོན། དགོངས་པ་དང་ལྡེམ་དགོངས་སོགས་ཀྱི་དབང་གིས་དོན་གཅིག་ལ་བཤད་སྟངས་རྣམ་པ་གསུམ་དུ་བྱུང་བ་ཡིན་ནོ། །
      དང་པོ་རང་བྱུང་དུ་སྲིད་པ་ལ། «སྲིད་པའི་མཛོད་ཕུགས»ལས། “ཉ་ཞི་ལོ་སྔ་ལིག་ཞི་ན། །༼ཞང་ཞུང་སྐད༽གནའ་སྟེ་སྲིད་པའི་དང་པོ་ལ། །ཞམ་ཟུ་ལིག་རྒྱལ་ལིག་ཟུར་ཅི། །༼ཞང་ཞུང་སྐད༽རང་བཞིན་ཡེ་སྲིད་སྲིད་པ་ནི། །”ཞེས་པ་ནས། ༼གཤམ་ནས་ཞང་སྐད་རྣམས་ཡི་གེ་མང་བར་འཇིགས་ནས་བསྐུངས་ཡོད། ༽“གངས་རི་ནགས་ཚལ་གཡའ་བྲག་མཐོ། །གླིང་དང་ལམ་དང་གནས་ནི་དགུ། །ས་གནས་རིམ་གྱི་རང་བཞིན་སྲིད། །”ཞེས་པ་ནས། “པད་མའི་འཇམ་དང་ཚེར་མའི་དབལ། །སྣང་སྲིད་རྩེ་ལ་ཁྱུང་ཆེན་འཕྱོ། །”ཞེས་པའི་བར་དུ་ཆེ་ཕྱོགས་ནས་ཉི་ཟླ་གཟའ་སྐར་སོགས་འཇིག་རྟེན་གྱི་ཁམས་ཆེན་པོའི་གྲུབ་སྟངས་དང་ཆུང་ཕྱོགས་ནས་བྱེ་བྲག་དཔེར་ན་པདྨའི་རེག་བྱ་འཇམ་པ་དང་ཚེར་མ་རྣོ་བ་ལ་སོགས་དངོས་པོའི་ཁྱད་ཆོས་སོགས་ཐམས་ཅད“བྱེད་པ་མེད་དེ་རང་བཞིན་སྲིད”ཅེས་ཚིག་གཅིག་གིས་མདོར་བསྡུས་པ་དེ་ལ་བོན་གྱི་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས“ཕྱི་ནང་གི་སྲིད་པ་རྣམས་སྟོང་ཉིད་ཀྱི་རང་བཞིན་དུ་གནས་པ་ལ་སོགས་བོན་ཅན། རང་བཞིན་ཡེ་སྲིད་ཀྱི་སྲིད་པ་ཡིན་ཏེ། བྱེད་མཁན་གྱི་རྩོལ་བ་ལ་མི་ལྟོས་པའི་སྲིད་པ་ཡིན་པས་སོ། །ཕྱྭ་དང་དབང་ཕྱུག་ལ་སོགས་ཀྱིས་བྱས་པ་ཡང་དེས་ཁེགས་སོ། །”{3}ཞེས་མདོ་བསྡུ་མཛད་འདུག་པ་དང༌། གཉིས་པ་བྱེད་པོས་བྱས་པའི་སྐབས་སུ། «སྲིད་པའི་མཛོད་ཕུགས»སུ། “གནའ་སྟེ་མ་ལ་དང་པོ་ལ། །བྱེད་པས་བྱས་པའི་སྲིད་པ་ནི། །མངོན་རྫོགས་ལྷ་ཡི་རྫུ་འཕྲུལ་ལས། །ཞལ་ངད་རླུང་དང་སྤྲིན་ཏིང་ཡོལ། །དྲོད་ལས་མེ་ཡི་འཁོར་ལོར་སྤྲུལ། །ཚ་གྲང་ཆུ་ཡི་འཁོར་ལོ་བརྩེགས། །ཐེག་ཆེན་གསེར་གྱི་ས་གཞི་བདེ”ཞེས་སོགས་ཀྱི་ཚིག་བྱུང་བ་དེར་སློབ་དཔོན་དྲན་པ་ནམ་མཁས་འདི་ལྟར་འགྲེལ་ཏེ། “མངོན་རྫོགས་ཞལ་གྱི་ངད་པ་ལས། ཞེས་པ་ལ་སོགས་པས་སྟོན་ཏེ། ཡབ་མངོན་རྫོགས་ཀྱི་རྒྱལ་པོ་ཁྲི་ཁུག་གིས། རྒྱུ་ལྔ་སྐུ་ལ་བསྡུས་ཏེ། ཞལ་གྱི་ངད་པ་ཧ་བྱས་པས། རླུང་ཚན་ཏིང་མི་གཏོང་འཛིན་པའི་རང་བཞིན་ཅན་དང༌། ནན་ཏིང་མི་བྱིང་འདེགས་པའི་དངོས་པོ་ཅན་དང༌། སྤྲིན་ནི་དྲོད་ཀྱི་ཡོལ་བ་བ་དན་ཅན་དང་བཞི་ནི། མངོན་རྫོགས་ཀྱི་རྫུ་འཕྲུལ་དང་སེམས་ཅན་གྱི་ལས་དབང་དུ་ཆགས་སོ། །རླུང་ལས་འོད་ཀྱི་འཁོར་ལོ་དྲག་ཏུ་སྐོར་བའི་ཤུགས་ལས་ཚ་བ་མེ་རུ་སྲིད་དོ། །འདེགས་པའི་རླུང་གི་གྲངས་སྔབས་དང༌། ཚ་བ་མེའི་དཔལ་དྲོད་ལས། ཆུ་ཟིལ་དང་ཕྲོམ་དུ་ཆགས་སོ། །དེ་ལ་རྡུལ་ཕྲ་རབ་ཏུ་ཆགས་ཏེ། མཁའ་ལ་རྒྱུ་བའི་རླུང་གིས་བསྲུབས་པས། རླུང་དང་རི་རབ་ཀྱི་བར་དུ་བརྩེགས་ཏེ་ཆགས་སོ། །”ཞེས་དང༌། ཡང“དེ་ལ་དེ་ལྟར་རླུང་གི་གཞི་མ་འོག་རྡོ་རྗེ་བརྟན་པ་ཞེས་བྱ་བ། འོག་ཁ་དོག་ནག་པོ། དབྱིབས་སྲུབ་མ་བསྐོར་བའམ། སྐོར་བུ་བསྐྱིལ་བ་འདྲ་བ། སྟེང་རིན་པོ་ཆེ་ཐོན་ལྗང་དུ་གནས་པ། འོག་རྡོ་རྗེ་སྲུབས་ཤིང་གི་སྣ་བཞི་ལ། འདེགས་པའི་བ་དན་བཞི་ཡོད་པ། བ་དན་བཞིའི་བར་བར་ན། མི་གཏོང་འཛིན་པའི་རླུང༌། འོད་ཟེར་གྱི་དྲྭ་བ་ཅན། གཞུ་འོད་མ་ལྟ་བུ། འབུར་ཕྱིར་བསྟན་ནས་ལས་དང་ཐུགས་རྗེས་འཇིག་རྟེན་གྱི་གཞི་མར་ཆགས་སོ། །ས་ཡ་དྲུག་འབུམ་གྲངས་མེད་དོ་ཞེས་པ། རླུང་དེའི་རྒྱ་གྲམ་འཁོར་བའི་སྙིང་པོ་ལ། ཕན་ཚུན་ཕྱོགས་མཚམས་བརྒྱད་དུ། དཔག་ཚད་ས་ཡ་ས་ཡ་ཡོད་དོ། ཡན་མན་དུ་དཔག་ཚད་འབུམ་ཚོ་དྲུག་ཡོད་དོ། །སྙིང་པོའི་མཐའ་སྐོར་ལ་ས་ཡ་ཕྲག་གསུམ་དུ་ཅུང་མ་ལོངས་པ་ཞིག་ཡོད་དོ། །ཐ་མའི་རླུང་དྲྭ་བ་ཅན་དང་བ་དན་ལ་གྲངས་མེད་དེ། ས་ཡ་ལས་ཀྱང་འདས་སོ། དུང་ཕྱུར་ལས་ཀྱང་འདས་སོ། ཁྲག་ཁྲིག་ལས་ཀྱང་འདས་སོ། ཆུ་རྔམས་འབུམ་ཕྲག་བཅུ་གཅིག་ལས་ཞེས་པ། གོང་གི་རླུང་དེ་རབ་ཏུ་ལས་དབང་ཆེན་གྱི་རླུང་གིས་རབ་ཏུ་བསྐོར་བའི་ཤུགས་ལས། དམར་ལྗི་བ་ཙམ་ལས་བསྐྱེད་པ་རླུང་གི་སྟེང་དུ། ལེབ་རྒན་གྱི་པད་མ་དམར་པོ་ཞིག་ཚ་ཞིང་སྲེག་པར་ཆགས་ཏེ། འབུམ་ཚོ་གཅིག་རླུང་གི་རྔམས་ལ་མར་ཁྱབ་པས། འདེགས་བྱེད་དྲོད་འབེབས་ཀྱི་མེ་ཞེས་བྱ། འབུམ་ཕྲག་གཉིས་ཆུའི་རུ་མ་ལ་ཡར་ཁྱབ་པས། སྨིན་པ་རླན་བྱེད་ཆུའི་མེ་ཞེས་སྟེ། ཆུ་རླུང་གཉིས་སྨིན་པར་བྱེད་པ་མེ་ཡིན་ནོ། །ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་ཞེས་པ། དེ་ལྟར་གྲང་བ་རླུང་གི་ངད་པ་དང་ཚ་བ་མེའི་དྲོད་དང༌། སྔོ་ཁབ་རྩེཡི་རྒྱུ་ལས་མཐིང་ཆུའི་འཁོར་ལོ་རུ་ཆགས་སོ། །དེ་ཡན་མན་གྱི་རྔམས་ལ། དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ་ཡོད་དོ། །ཕྱིས་ན་རྔམས་སུ་འབུམ་ཕྲག་བརྒྱད་ཅེས་པ། རླུང་གིས་མེ་ཡི་མདངས་ཕྱུང༌། མེ་འོད་དང་ཆུ་མདངས་ཀྱིས་གོ་བསལ་འབྱེད་པའི་ནམ་མཁར་བྱུང་ངོ༌། །ནམ་མཁའ་དེ་ལ་སྤྲིན་ཡོལ་བ་ཅན་དུ་ཆགས་སོ། །སྤྲིན་དེ་ལ་ཡོད་པའི་རྒྱུ་གསེར་གྱི་རྡུལ་ཕྲ་རབ། སེར་སྲོ་མ་ཙམ་ཡོད་དོ། །དེ་ལྟར་མེ་ཡིས་ཆུ་སྲོས། ཆུ་ལས་རླངས་བྱུང་བས་མཁའ་ལ་སྤྲིན་འདུས་པས། སྤྲིན་ལས་ཆར་བྱུང༌། ཆར་ལས་ཆུ་བྱུང༌། དེ་ལས་རྡུལ་སྙིགས་པས། གསེར་གྱི་ས་གཞི་ཆགས། དེ་ཡང་འོག་ཏུ་ས་ཆགས། འཁོར་དུ་ཆུ་ཆགས་པས་ཕྱིའི་རྒྱ་མཚོ་ཞེས་བྱའོ། །”{4}
      གསུམ་པ་རྒྱུ་མཐུན་འབྱུང་བ་ལས་བྱུང་ཚུལ་ནི«མཛོད་ཕུགས»སུ། “རྒྱུ་མཐུན་འབྱུང་བའི་སྲིད་པ་ནི། །རྒྱུ་བཞི་རྐྱེན་དང་ལྔ་ལས་བྱུང༌། །གཅིག་མ་ཚང་བས་འབྱུང་བ་མེད། །”ཞེས་པ་ནས“དེ་བཞིན་གཅིག་གིས་གཅིག་བསྐྱེད་དོ། །”ཞེས་པའི་ཚིག་སོགས་ཀྱིས་བསྟན་ཏེ། དེ་དག་གི་འགྲེལ་བར་སློབ་དཔོན་དྲན་པས། “ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད། སྐྱེ་རྒྱུ་མཐུན་པ་ཁོ་ན་ལས་བྱུང་ཞིང་མི་མཐུན་ན་ལྡོག་པ་སྟེ། རྒྱུ་བཞི་རྐྱེན་དང་ལྔ་ལས་བྱུང་ཞེས་པ། ཕྱི་མེ་ཆུ་ས་རླུང་བཞི། ནང་ཤ་ཁྲག་དྲོད་དབུགས་བཞི་སྟེ། དེ་ཡང་རླུང་དབུགས་ཀྱིས་ལམ་སོལ། དྲོད་མེ་ཡིས་མ་སྨིན་པ་སྨིན་པར་བྱེད། ཁྲག་ཆུ་ཡིས་བག་ལ་བསྡུད་ཅིང༌། ཡན་ཏུ་མི་སྟེར། སས་ཤའི་གཞི་རྟེན་བྱེད་པའོ། རྐྱེན་ཞེས་པ་བྱེད་པའི་སྐྱེས་བུ་ཡིས་རྒྱུ་ལས་འབྲས་བུ་སྐྱེད་པར་བྱེད་པའོ། །གཅིག་མ་ཚང་བས་འབྱུང་བ་མེད་ཅེས་པ། རྒྱུ་རྐྱེན་ལྔའི་གང་རུང་ཞིག་མེད་ན། འབྲས་བུ་མི་འབྱུང་བའོ། །”{5}ཞེས་དངོས་པོ་གང་ཡང་རུང་བ་ཐམས་ཅད“ཞིང་དང་ས་བོན་ཆུ་གསུམ་ལྟར”{6}གཅིག་ལ་གཅིག་རྟེན་ཅིང་འབྲེལ་ཏེ་ཉེར་ལེན་གྱི་རྒྱུ་དང་ལྷན་ཅིག་བྱེད་རྐྱེན། དེའི་སྟེང་གནས་སྐབས་སམ་དུས་སོགས་ལྷན་དུ་འཛོམས་ནས“གཅིག་གིས་གཅིག་བསྐྱེད་དོ། །”

2.དེང་དུས་ཚན་རིག་གི་འགྲེལ་སྟངས།

      གོང་གི་མཛོད་ཕུགས་ལས་དྲངས་པའི་འཇིག་རྟེན་ཆགས་ཚུལ་ཐད་ཀྱི་དགོངས་དོན་འདི་དག་ནི་ཚན་རིག་གི་བཤད་ཚུལ་དང་མཐུན་པའི་ཆ་ཡོད་དེ། ང་ཚོས་ཐོག་མར་ཚན་རིག་པ་རིམ་བྱོན་གྱིས་འཇིག་རྟེན་ཆགས་ཚུལ་ལ་རྟོག་ཞིབ་བྱས་པའི་ལོ་རྒྱུས་ལ་བལྟས་ན། མིའི་རིགས་ཀྱིས་གནའ་ནས་བཟུང་སའི་གོ་ལར་བརྟག་པའི་རྒྱུན་ནི་ཆད་མ་མྱོང་ནའང་དུས་རབས18ནང་ཀོ་པེ་ཉེ་ཡིས་ཉི་མ་ལྟེ་བ་ཡིན་པའི་ལྟ་བ་བཏོན་པ་དང་ཉུག་ཏུང་གིས་ཀུན་ལྡན་འགུག་ཤུགས་རྟོགས་པ། དེ་ནས་རྒྱང་མཐོང་གསར་བཟོ་བྱས་པ་ནས་ད་གཟོད་སའི་གོ་ལ་ཆགས་པའི་ཚན་རིག་གི་ཚོད་དཔོག་སྨྲ་བ་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་རེད། དཔེར་ན། 1755ལོར་འཇར་མན་གྱི་ཚན་ཉིད་སྨྲ་བ་ཁེང་ཏི༼康德༽ཡིས«རང་བྱུང་གི་ལོ་རྒྱུས་དང་གནམ་གཟུགས་ཀྱི་གཞུང་ལུགས»ཞེས་པའི་དཔེ་ཆའི་ནང་ཉི་མ་ལས་སྐར་སྤྲིན་བྱུང་བའི་ལྟ་བ་བཏོན་པ་ལྟ་བུ་དང༌། 1796ལོར་ཧྥ་རན་སེའི་གྲངས་རིག་སྨྲ་བ་ལཱ་ཕི་ལ་སིས་ཁོའི«བར་སྣང་ཁམས་ཀྱི་མ་ལག་སྨྲ་བ»ཞེས་པའི་ནང་ཉི་མའི་མ་ལག་ནས་སྐར་སྤྲིན་འབྱུང་བའི་ལྟ་བ་བཏོན་པ་ལྟ་བུ། དུས་རབས་འདིའི་ལོ་རབས60ནང་དབྱིན་ཇིའི་གནམ་རིག་པ་བ་ཧོ་དབྱིར་དང་འཇར་མན་གྱི་གནམ་རིག་པ་བ་སཱ་ཙི་མན་གཉིས་ཀྱིས་གློག་ཁབ་ལེན་གྱི་ནུས་པའི་ཕྱོགས་ནས་ཚོད་དཔོག་སྨྲ་བ་གསར་བ་ཞིག་བཏོན་པ་ལྟ་བུའོ། །
      1932ལོར་པི་ལི་ཧྲིའི་གནམ་རིག་པ་དང་བར་སྣང་རིག་པ་བ་ལི་སྨེ་ཐེ་ནས་ཐོག་མར་དེང་རབས་བར་སྣང་ཁམས་འབར་གས་ཆེན་པོའི་གཞུང་ལུགས་བཏོན་པ་རེད། དེའི་ལྟ་བ་ནི་བར་སྣང་ཁམས་ཡོངས་རྫོགས་ནི་དེང་ཐོག“གདོད་མའི་མ་རྡུལ”ཅིག་ཏུ་འདུས་ཤིང༌། རྗེས་ནས་འབར་གས་ཆེན་པོ་ཞིག་བྱུང་སྟེ་གས་རྫས་ཧྲོབ་པོ་རྣམས་ཕྱོགས་བཞིར་འཐོར་པས་ད་ལྟའི་བར་སྣང་ཁམས་འདི་གྲུབ་པ་རེད། སྐྱེ་ཁོངས་ཨ་མེ་རི་ཁ་ཡིན་པའི་ཨུ་རུ་སིའི་གནམ་གཟུགས་དངོས་ལུགས་རིག་པ་བ་ཅཱ་མོ་ཧྥིས་ཐོག་དང་པོར་ཁྱབ་ཆེ་བལྟོས་བཅོས་སྨྲ་བ་དྲངས་ཏེ་ཚ་བས་འབར་གས་ཆེན་པོ་བྱུང་བའི་བར་སྣང་རིག་པའི་དཔེ་དབྱིབས་བཏོན་པ་རེད། དེའི་ལྟ་བ་ནི་བར་སྣང་ཁམས་ནི་དྲོད་ཚད་དང་འདུས་ཚད་ཤིན་ཏུ་མཐོ་བའི་གདོད་མའི་དངོས་པོ་ལས་བྱུང་བར་འདོད་པ་དང༌། དེའི་ཐོག་མའི་དྲོད་ཚད་ནི་ཏོའུ་ཐེར་འབུམ་འགའ་ཡོད་པ་དང་དྲོད་ཚད་དེ་བསྟུད་མར་ཇེ་འཁྱག་ཏུ་སོང་པ་དང་བསྟུན་ནས་་བར་སྣང་ཁམས་རྒྱ་ཆེར་སོང་པ་རེད། 1965ལོར་ཕིན་ཅི་ཡ་སི་དང་ལྭེར་ཤུན་གྱིས་བར་སྣང་ན་རྩིབས་འཕྲོ་ཡོད་པ་རྟོགས། རྗེས་ནས་ཁོ་ཚོས་བར་སྣང་རྒྱབ་ལྗོངས་ཀྱི་རྩིབས་འཕྲོ་དེ་ནི་བར་སྣང་འབར་གས་ཆེན་པོ་བྱུང་སྐབས་བཞག་པའི་ཤུལ་རྗེས་ཡིན་པ་ར་སྤྲོད་བྱས་པས་བར་སྣང་འབར་གས་ཆེན་པོའི་གཞུང་ལུགས་དེར་རྒྱབ་རྟེན་གལ་ཆེན་བཏོན། དེའི་དབང་གིས་ཁོ་ཚོས1978ལོའི་དངོས་ལུགས་རིག་པའི་ནོར་པེར་བྱ་དགའ་ཡང་ཐོབ་པ་རེད། དེ་ལྟར་ན་བར་སྣང་ཁམས་ནི་དང་ཐོག་མ་རྡུལ་ལས་ཀྱང་ཆུང་བའི་རྡུལ་ཕྲན་ཡིན་པ་དང་དེ་ནས་འབར་གས་ཆེན་པོ་བྱུང༌། འབར་གས་དེའི་ནུས་ཚད་ལས་གཞི་རྩའི་རིལ་རྡུལ་བྱུང་བ་དང༌། རིལ་རྡུལ་དེ་དག་ནུས་ཚད་ཀྱིས་ནུས་པ་ཐེབས་འོག་རིམ་བཞིན་བར་སྣང་ཁམས་ཀྱི་དངོས་པོ་སྣ་ཚོགས་སུ་གྲུབ་པ་དང༌། ང་ཚོའི་སའི་གོ་ལ་འདི་ཉིད་ཀྱང་དེ་ལས་བྱུང་བར་བཤད་པ་རེད། 
       དེ་ཡང་ཚང་མས་མཁྱེན་གསལ་ལྟར་སའི་གོ་ལ་ནི་ཉི་མའི་ཁྱིམ་རྒྱུད་ནང་གི་སྐར་མ་གཅིག་ཡིན་ཞིང༌། ཉི་མའི་ཁྱིམ་རྒྱུད་ནི་ཉི་མ་དང་པ་སངས། མིག་དམར། ཕུར་བུ། སྤེན་པ། སྐར་མ་རྣམ་རྒྱལ། སྐར་མ་མཚོ་རྒྱལ། སྐར་མ་གཤིན་རྒྱལ་ལས་གཞན་ད་དུང་རྒྱུ་སྐར་དང་འཁོར་སྐར། དུ་སྐར་སོགས་སྐར་མ་འབུམ་ཕྲག་ལྔ་ལྷག་གིས་གྲུབ་པ་རེད། ཚན་རིག་པས་བཤད་སྲོལ་ལྟར་ན་ཉི་མའི་ཁྱིམ་རྒྱུད་མ་གྲུབ་པའི་སྔོན་དུ་བར་སྣང་ཁམས་སུ་དབུགས་གཟུགས་ཚ་མོ་ཞིག་གིས་གྲུབ་པའི་སྐར་སྤྲིན་གྱིས་ཁྱབ་འདུག་ཅིང༌། དེ་ནས་དབུགས་གཟུགས་ཚ་མོ་དེ་ཇེ་འཁྱག་ཏུ་སོང་ནས་སྐུམ་པས་སྐར་སྤྲིན་དེ་རང་ཤུགས་ཀྱིས་འཁོར་བ་རེད། ལྗིད་ཤུགས་དབང་གིས་དབུགས་གཟུགས་ནང་དུ་ཕྱོགས་པས་སྐར་སྤྲིན་གྱི་འཁོར་ཤུགས་ཇེ་མགྱོགས་སུ་སོང་སྟེ་སྡར་དབྱིབས་ལྡུམ་པོ་ཞིག་ཏུ་གྱུར། མཐར་སྐར་སྤྲིན་དེའི་དབུས་སུ་ཉི་མ་ཆགས་ཤིང་མཐའ་སྐོར་དུ་རྒྱུ་སྐར་རྣམས་ཆགས་པར་བཤད། སའི་གོ་ལའང་རྒྱུ་སྐར་དེའི་ཁྲོད་ཀྱི་གཅིག་ཡིན་པ་དང་ཕལ་ཆེར་ལོ་ཐེར་འབུམ་བཞི་ནས་ལྔའི་གོང་ནས་གྲུབ་པར་བཤད།

3.བསྡུར་དཔྱད།
༡ མཚོན་ཙམ་ཞིག་བསྡུར་བ།

      གོང་དུ་མདོ་ཙམ་ཞིག་བཀོད་པ་ལྟར་སྤྱིར་འཇིག་རྟེན་ཇི་ལྟར་ཆགས་ཚུལ་ཐད་ལ་མཛོད་ཕུགས་ཀྱི་དགོངས་དོན་དང་དེང་དུས་ཚན་རིག་གི་ལྟ་ཚུལ་གཉིས་ཞིབ་ཏུ་བསྡུར་ཚེ་གཞི་གཅིག་ལ་བབས་པའི་མཐུན་ཕྱོགས་མང་དུ་ཡོད་ཀྱང༌། འདིར་རྩོམ་ཐུང་ཞིག་གི་ནང་དུ་ཡོངས་སུ་གླེང་ཐབས་མེད་པས་དཔེ་མཚོན་ཙམ་དུ་རེ་གཉིས་གླེང་ན། དེ་ཡང་མཛོད་ཕུགས་སུ་འཇིག་རྟེན་འདི་དང་ཐོག་མེ་ཆུ་ས་རླུང་འབྱུང་བ་ལྔའི་སྟོབས་ལས་ཚ་བ་མེའི་དྲོད་ལས་ཆུ་ཟིལ་གྲུབ་པ་དང་དེ་མཁའ་ལ་རྒྱུ་བའི་རླུང་གིས་བསྲུབས་ཏེ་རྡུལ་ཕྲ་རབ་འདུས་ནས་རིམ་བཞིན་རི་རབ་བར་དུ་ཆགས་པ་དང༌། “ཆུ་རླུང་འཁྲུགས་པའི་སའི་སྙིང་བོ་ལས་ཉི་མ་དང་ཟླ་བ་འབྱུང༌། དེའི་འོད་ཟེར་འཐོར་བས་གཟའ་དང་སྐར་མ་སྐར་ཕྲན་འབྱུང་”ཞེས་དང་ཡང་ན“འབྱུང་བཞིའི་ཟེར་མ་མཁའ་ལ་འཐོར་བས། སྐར་མ་དང་སྐར་ཕྲན་དུ་བྱུང་ངོ༌། ”{7}ཞེས་དང༌། གཡུང་དྲུང་ལས་རྣམ་དག་ལས། “མེ་ཆུ་སྤྲུལ་པའི་སྙིང་པོ་ལས། །ཐུགས་རྗེ་ཉི་ཟླའི་འོད་དུ་གསལ། །འོད་ཟེར་མཁའ་ལ་འཐོར་བ་ལས། །གཟའ་དང་རྒྱུ་སྐར་སྐར་ཕྲན་སྲིད། །ཉི་མ་ཟླ་བ་སྐར་ཕྲན་ཡང༌། །མེ་ཆུ་གཉིས་ལས་རྒྱུ་བསྐྱེད་པའི། །”{8}  ཞེས་གསུངས་པ་དང༌། དེ་དག་ཡང་བྱེད་པོས་བྱས་པ་མིན་པར་རང་བཞིན་དང་དུས་དང་རྒྱུ་རྐྱེན་ལྷན་དུ་འཛོམས་པ་ལས་གྲུབ་པར་གསུངས་པ་དེ། ཚན་རིག་པས་བར་སྣང་ཁམས་སུ་དང་ཐོག་དབུགས་གཟུགས་ཚ་མོ་ཞིག་གིས་གྲུབ་པའི་སྐར་སྤྲིན་གྱིས་ཁྱབ་འདུག་པ་དང༌། སྐར་སྤྲིན་དེ་དག་ཡང་དང་ཐོག“གདོད་མའི་མ་རྡུལ”འདུས་ནས་གྲུབ་པ་དང༌། རྗེས་ནས་འབར་གས་ཆེན་པོ་ཞིག་བྱུང་སྟེ་རྫས་རྣམས་ཕྱོགས་བཞིར་འཐོར་པ་ལས་ད་ལྟ་མཐོང་སྣང་དུ་ཤར་བའི་སྐར་ཚོགས་རྣམས་བྱུང་བར་བཤད་པ་གཉིས་ཡོངས་སུ་མཐུན་ལ། ཡང་བསྐལ་བ་བསྟན་པའི་གནས་སུ། “འཇིག་བྱེད་བསྐལ་བ་དུས་ཀྱིས་འབྱུང༌། །གནམ་ལ་གསེར་གྱི་ཉི་བདུན་ཤར། །རླུང་དམར་རླུང་སྔོན་དགུ་ཡིས་གཏོར། །ཟླ་བ་དགུ་ཤར་ཆུ་རླུང་འཁྱིལ། །སྡུག་བསྔལ་ནད་ནི་རིམས་སུ་རླུག། མུ་གེའི་བསྐལ་བ་དེ་བཞིན་འབྱུང༌། །”ཞེས་འཇིག་རྟེན་འདི་ཉིད་འཇིག་པའི་སྐབས་སུ“ཉི་མ་དགུ་ཤར”ཞེས་པ་དེར་དྲན་པས“ད་ལྟར་གྱི་ཉི་མ་འདི་ལས་བར་གྱི་བསྐལ་བ་བཞི་ལ་ཁ་དགུར་བགོས་པའི་ཚིགས་རེ་ལ་ཚ་འགྱུར་རེ་བསྣན་ནས”{9}ཞེས་ཉི་མའི་དྲོད་ཚད་ལྡབ་བདུན་ཕྲག་གིས་ཚ་བར་གྱུར་ཏེ་ཡོད་ཚད་བསྲེག་པ་དང༌། དེ་བཞིན་དུ་མདོག་སྣ་ཚོགས་ཀྱི་དྲག་རླུང་འཁྲུག་པ་དང༌། “ཟླ་བ་དགུ་ཤར་ཆུ་ཀློང་འཁྱིལ་ཞེས་པ། རླུང་གི་རྗེས་ཤུལ་རླུང་རྡོ་རྗེ་སྲ་བརྟན་ཞེས་བྱ་བ་ལྟ་རུ་ཡོད་ལ་བཟུང་དུ་མེད་པ་དེའི་སྟེང་དུ། ཆུ་བདག་བུ་དགུས་དབྱེན་སྤྱོས་ནས། བར་གྱི་བསྐལ་བ་བཞི་ལ་ཁ་དགུར་བགོས་པའི་ཚིགས་རེ་ལ། ཆུ་བོ་སོན་ལུ་ནག་པོ་ཞམ་རེ་བསྣན་ནས། དང་པོ་ལྗན་ལྗིན་བཀྲུས་སོ། །དེ་ནས་ཤིག་ཙམ། དེ་ནས་སྲོ་མ་ཙམ། དེ་ནས་ཉི་རྡུལ་ཙམ། དེ་ནས་གླང་གི་སྤུ་རྡུལ། དེ་ནས་ལུག་གི་སྤུ་རྡུལ། དེ་ནས་བོང་རྡུལ། དེ་ནས་ཆུ་རྡུལ། དེ་ནས་ལྕགས་རྡུལ། དེ་ནས་རྡུལ་ཕྲན་བཀྲུས་སོ། །མེའི་བསྐལ་བ་རླུང་གིས་གཏོར། རླུང་གི་བསྐལ་བ་ཆུ་ཡིས་བསྡུས། ཆུ་ཡིས་བསྐལ་བ་རྡུལ་ཕྲ་རབ་ལ་ཐིམ་མོ། །རླུང་རྡོ་རྗེ་ཕ་ལམ་ཞེས་ཀྱང་དེ་ལ་བྱའོ། །”{10}ཞེས་འབྱུང་བ་འདི་ཡང་ཚན་རིག་པའི“ཚ་བས་འབར་གས་ཆེན་པོ་བྱུང་བའི”ལྟ་ཚུལ་དང་མཐུན་ཏེ། “ཉི་མ་དགུ་ཤར་བ”དང་ཚན་རིག་པའི་བར་སྣང་ཁམས་ཀྱི་ཐོག་མའི་དྲོད་ཚད་ལ“ཏོའུ་གྲངས་ཐེར་འབུམ་འགའ”ཡོད་པར་སྨྲ་བ་གཉིས་མཐུན་ལ། སྤྱིར་འཇིག་པ་དང་ཆགས་པའི་མགོ་བརྩམས་པ་གཉིས་དུས་མཉམ་ཡིན་ཏེ་མཛོད་ལས་ཀྱང“ཆགས་པ་དང་ནི་འཇིག་པ་དང༌། །ཞིག་ནས་འདུག་པ་དག་མཉམ་མོ། །”ཞེས་སོ། །
      ཡང་མཛོད་ལས། “ནམ་མཁའ་གཡུ་མདོག་སྣང་སྲིད་མཛོད། ”ཅེས་པ། དྲན་པའི་སྒྲ་འགྲེལ་ལས། “ནམ་ནི་ཐམས་ཅད་ཀྱི་གནས་ཡུལ་མཁའ་ནི་སྣང་སྲིད་གསལ་བར་གོ་འབྱེད་པས་སོ། །དེ་རི་རབ་ཀྱི་འོད་རྒྱ་མཚོ་ལ་ཕོག གླིང་དང་རྒྱ་མཚོའི་འོད་ནམ་མཁའ་ལ་ཕོག་པས་གཡུ་མདོག སྣང་ཞིང་སྲིད་པས་བསྡུས་པ་ཐམས་ཅད་དེ་ལ་མི་གནས་ཤིང་མི་འབྱུང་བ་མེད་པས་མཛོད་ཅེས་བྱའོ། །” ཞེས་པའི་འགྲེལ་འདི་ཡང་ཚན་རིག་དང་མཐུན་ཏེ། ནམ་མཁའི་མདོག་སྔོན་པོ་ཡིན་པའི་རྒྱུ་མཚན་ནི། ཚན་རིག་གིས་ཚོད་ལྟ་བྱས་ནས་བཤད་ཚུལ་ལྟར་ན། སའི་གོ་ལའི་ཕྱི་རིམ་དུ་རླུང་ཁམས་ཆེན་མོ་ཞིག་གིས་བསྐོར་ཡོད་པ་དང༌། སའི་གོ་ལའི་སུམ་ཆའི་གཉིས་ཀྱི་རྒྱ་ཁྱོན་ནི་རྒྱ་མཚོ་ཡིན་པས་ཁ་དབུགས་ནང་དུ་རྡུལ་ཕྲ་རབ་དང་དར་ཟིལ། ཆུ་རྡུལ་མང་པོ་ཞིག་འདུས་ཡོད་པ་རེད༌། རྒྱ་མཚོ་ནི་སྔོན་པོ་ཡིན་སྟབས་ཉི་མའི་འོད་ཟེར་ཁྲོད་ཀྱི་འོད་སྔོན་པོ་ལྡོག་འཕྲོ་བྱས་པ་ལས་ནམ་མཁའ་ཡང་སྔོན་པོར་གྱུར་པ་རེད། འོ་ན་རྒྱ་མཚོ་སྔོན་པོ་ཡིན་པའི་རྒྱུ་མཚན་གང་ཡིན་ཟེར་ན། རྒྱ་མཚོའི་མཚོན་མདོག་ནི་མཚོ་ཆུའི་འོད་རིག་པའི་རང་བཞིན་དང་མཚོ་ཆུའི་ནང་དུ་འདུས་པའི་དཔྱང་འཕྱོ་དངོས་པོ༼悬浮物质༽དང༌། མཚོ་ཆུའི་ཟབ་ཚད། སྤྲིན་རིམ་གྱི་ཁྱད་ཆོས་སོགས་རྒྱུ་རྐྱེན་མང་པོར་རག་ལས་པ་རེད། ཚང་མས་མཁྱེན་གསལ་ལྟར་ཉི་མའི་འོད་ཟེར་ནི་འོད་དམར་པོ་དང་སེར་པོ༌། ལྗང་ཁུ། སྔོན་པོ། ལི་མདོག སྨུག་པོ་བཅས་མདོག་བདུན་གྱིས་གྲུབ་པ་རེད། ཡིན་ནའང་འོད་མདོག་བདུན་པོ་འདིའི་རླབས་ཐག༼波长༽སོ་སོ་མི་གཅིག་སྟེ། འོད་དམར་པོ་ནས་འོད་སྨུག་པོའི་བར་གྱི་རླབས་ཐག་ནི་རིམ་བཞིན་ཇེ་ཐུང་དུ་འགྲོ་བ་དང༌། རླབས་རིང་གིས་རླུང་ཁམས་ཆེན་མོ་འབིགས་རྟོལ་གྱི་ནུས་ཤུགས་ཤིན་ཏུ་དྲག་ཆེ་སྟབས་ཆུའི་ཆ་རྡུལ་གྱིས་དེ་བསྡུ་སླ་བ་དང༌། རླབས་ཐུང་གི་འབིགས་རྟོལ་ནུས་ཤུགས་ཞན་པས་ལྡོག་འཕྲོ་དང་ཐོར་འཕྲོ་སླ་བ་རེད། དེར་བརྟེན་མཚོ་ཆུས་རླབས་ཐག་མི་འདྲ་བའི་འོད་དེ་དག་བསྡུ་ལེན་དང་ལྡོག་འཕྲོ། ཐོར་འཕྲོ་བཅས་བྱེད་ཚད་ཀྱང་མི་འདྲ་བ་རེད། རླབས་ཐག་ཅུང་རིང་བའི་འོད་དམར་པོ་དང་ལི་མདོག སེར་པོ་རྣམས་མཚོ་ནང་དུ་འཕྲོས་རྗེས། རྒྱ་མཚོའི་ཟབ་ཚད་དང་བསྟུན་ནས་རིམ་བཞིན་བསྡུ་ལེན་བྱས་པ་ཡིན་ལ། སྤྱིར་བཏང་དུ་ཟབ་ཚད་ལ་སྨི100ཡོད་པའི་རྒྱ་མཚོའི་ནང་དུ་རླབས་ཐག་འདི་གསུམ་པོའི་འོད་ཕལ་ཆེར་ནི་དེས་བསྡུ་ལེན་བྱས་པས། ཆུའི་དྲོད་ཚད་ཀྱང་ཇེ་དྲོར་སོང་བ་ཡིན། རླབས་ཐག་ཅུང་ཐུང་བའི་འོད་སྔོན་པོ་དང་སྨུག་པོ་ནི་ཅུང་དྭངས་པའི་ཆུའི་ཆ་རྡུལ་དང་འཕྲད་ཚེ་ཐོར་འཕྲོ་དང་ལྡོག་འཕྲོ་དྲག་པོ་བྱེད་སྟབས་མི་རྣམས་ཀྱིས་མཐོང་བའི་རྒྱ་མཚོ་ནི་སྔོན་པོ་ཡིན་པ་རེད། རྒྱ་མཚོའི་འགྲམ་མམ་ངོགས་སུ་ཆུ་ནང་དུ་དཔྱང་འཕྱོ་དངོས་པོ་མང་པ་དང་རིལ་རྡུལ་ཅུང་ཆེ་སྟབས་འོད་ལྗང་ཁུ་བསྡུ་ལེན་བྱེད་ཚུལ་ཅུང་ཞན་ཅིང་ཐོར་འཕྲོ་བྱེད་ཚུལ་ཅུང་དྲག་པས་མཚོ་མདོག་དེ་སྔོ་སྐྱ་དང་ཡང་ན་ལྗང་མདོག་ཡིན་པ་རེད།
      ཡང་མཛོད་ལས། “ད་ནི་སྣོད་ཀྱི་འཇིག་རྟེན་གྱི། །གནས་པ་ཀུན་གྱི་འོག་འདི་ན། །མཁའ་ལ་རླུང་གི་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། །ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང༌། །སྟོང་གི་ཕྲག་ནི་ཉི་ཤུའོ། །”ཞེས་པ་སོགས་ཀྱི་འགྲེལ་ལ་གོང་དུ་བཀོད་པ་ལྟར་བོན་གྱི་སྔོན་བྱོན་མཁས་དབང་རྣམས་ཀྱིས་བར་སྣང་ཁམས་སུ་རླུང་དེ་བསྐོར་བའི་ཤུགས་ལས་ཆུ་བྱུང་བའམ་རླུང་གི་དྲོད་ལས་ཚ་བ་མེ་སྟེ། “དེ་ལྟར་གྲང་བ་རླུང་གི་ངད་པ་དང་ཚ་བ་མེའི་དྲོད་དང༌། སྔོ་ཁབ་རྩེ་ཡི་རྒྱུ་ལས་མཐིང་ཆུའི་འཁོར་ལོ་རུ་ཆགས་སོ། །”{11}ཞེས་སོ། །
      འོ་ན་ཚན་རིག་པ་རྣམས་ཀྱིས་རྒྱ་མཚོའི་ཆུ་དེ་འདྲ་མང་པོ་ཞིག་དང་ཐོག་གང་ནས་བྱུང་བ་ཡིན་པར་འདོད་ཅེ་ན། མི་ལ་ལས་རྒྱ་མཚོ་ནི་སའི་གོ་ལ་ཆགས་དུས་སུ་གནམ་ནས་ཆར་བ་ཆེན་པོ་ཞིག་བབས་པ་ལས་བྱུང་བར་འདོད་པ་དང༌། མཁས་པ་ལ་ལས་ཆུ་ནི་སའི་གོ་ལའི་སྟེང་དུ་ཐོག་མ་ཉིད་ནས་ལྷན་སྐྱེས་སུ་ཡོད་པར་འདོད། ཨ་མེ་རི་ཁའི་གནམ་གཟུགས་དངོས་ལུགས་རིག་པ་བ་ལའོ་དབྱི་སི་ཧྥི་ལན་ཁུ་ཞེས་པས་སའི་གོ་ལའི་སྟེང་གི་ཆུ་ནི་བར་སྣང་ཁམས་ཀྱི་དུ་སྐར་ལས་བྱུང་བར་འདོད། ཡང་ཚན་རིག་པ་ལ་ལས་སའི་གོ་ལའི་སྟེང་གི་ཆུ་ནི་ཉི་མའི་རླུང་ལས་བྱུང་བར་འདོད། ཉི་མའི་རླུང་ཞེས་པ་ནི་ཉི་མ་ནས་གཡུག་པའི་རླུང་སྟེ་འགུལ་རྒྱུག་བྱེད་པའི་ཁ་དབུགས་ཙམ་མ་ཡིན་པར་རིལ་ཕྲན་རྒྱུན༼微粒流༽དང་ཡང་ན་གློག་ལྡན་སྤུས་རྡུལ་རྒྱུན༼带电质子流༽ཞིག་ཡིན། ཉི་མའི་རླུང་གི་ཆ་སྙོམས་མགྱོགས་ཚད་ནི་སྐར་ཆ་རེར་སྟོང་སྨི450ཡིན་ཞིང༌། དེ་ནི་སའི་གོ་ལའི་སྟེང་གི་རླུང་གི་མགྱོགས་ཚད་ལས་ལྡབ་ཁྲི་ཕྲག་གི་མྱུར་བ་རེད། དེའི་ནུས་པ་ལས་སའི་གོ་ལའི་སྟེང་དུ་ཆུ་བྱུང་བ་རེད། རྩིས་བརྒྱབ་པ་ལྟར་ན་སའི་གོ་ལ་ཆགས་པ་ནས་ད་རག་བར་དུ་སའི་གོ་ལས་ཉི་མའི་རླུང་ནས་ཆིང་ཚད་ཏུང་རབ་བཀྲམ་གཅིག་དང་ཁྲག་ཁྲིག་ཆེན་པོ་བདུན༼17亿亿吨༽བསྡུ་ལེན་བྱས་ཡོད་པ་དང༌། གལ་ཏེ་ཆིང་འདི་དག་དང་སའི་གོ་ལའི་སྟེང་གི་དབྱང་གཉིས་ཟུང་དུ་འབྲེལ་ཚེ་ཆུ་ཏུང་རབ་བཀྲམ་ཆེན་པོ་གཅིག་དང་རབ་བཀྲམ་ལྔ་ཁྲག་ཁྲིག་ཆེན་པོ་གསུམ༼153亿亿吨༽འབྱུང་ཐུབ་པ་དང༌། གྲངས་ཀ་འདི་དང་ད་ལྟ་སའི་གོ་ལའི་སྟེང་གི་ཆུའི་སྤྱི་ཚད་ཏུང་རབ་བཀྲམ་ཆེན་པོ་གཅིག་དང་རབ་བཀྲམ་བཞི་ཁྲག་ཁྲིག་ཆེན་པོ་ལྔ༼145亿亿吨༽ཡོད་པ་ཤིན་ཏུ་འདྲ་མཚུངས་ཡིན་པར་བཤད་དོ། །{12}
      ཡང་མཛོད་ལས་འཇིག་རྟེན་འདིའི་དབྱིབས་སྒོ་ངར་གསུངས་ཤིང༌། “ཉི་མ་ཕྱེད་དང་ནམ་ཕྱེད་དང༌། །འཆར་དང་ནུབ་པའི་དུས་ནི་གཅིག། ”ཅེས་པ་དེ་ལ་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས“ཤར་གླིང་ན་ཉི་མ་ཕྱེད་དང་ནུབ་གླིང་ན་ནམ་ཕྱེད་དང༌། ལྷོ་གླིང་ན་འཆར་བ་དང་བྱང་གླིང་ན་ནུབ་པ་བཞི་ཀ་དུས་ནི་གཅིག་པའོ། །ཞེས་དང༌། འོན་ཀྱང་མཁན་པོ་ཡེ་ཤེས་བློ་གྲོས་ཀྱིས་འདི་ལྟར་བཞེད་དེ། དཔེར་ན་མཚན་མོ་ཀ་བ་གཅིག་ལ་མར་མེ་གཅིག་བསྐོར་ན་ཀ་བའི་བྱང་ངོས་ན་མར་མེ་ཐུང་ན་ལྷོ་ངོས་གྲིབ་མ་ཆེ་ལ་རིང་ན་ལྷོ་ངོས་གྲིབ་མ་ཆུང་བ་བཞིན་དུ། དགུན་སྒྲ་མི་སྙན་ནས་རི་བདུན་ལ་ཉི་མ་ཉེ་ན་འཛམ་གླིང་དུ་མུན་པ་ཆེ་ལ་དབྱར་རིང་བས་འཛམ་གླིང་དུ་རི་གྲིབ་ཆུང་བས་མུན་པ་ཡུན་ཐུང་གསུངས་པ་ནི་ལེགས་པའི་རྣམ་གཞག་གོ། ”{13}ཞེས་པ་འདིས་སའི་གོ་ལའི་དབྱིབས་ཟླུམ་པོ་ཡིན་ཞིང་ཉི་ཟླ་འཆར་ནུབ་ཀྱི་ཆོས་ཉིད་གསལ་བོར་གསུངས་ཡོད་པ་རྣམས་ཚན་རིག་དང་མཐུན་ཞིང༌། ཉི་ཟླ་སྐར་གསུམ་གྱི་རྒྱུ་ཚད་ཀྱང་གཅིག་མ་ཡིན་པར་མགྱོགས་བུལ་ཡོད་པར་གསུངས་ཤིང༌། དེ་ལ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས“མགྱོགས་བུལ་གྱི་རྒྱུ་མཚན་གང་ཞེ་ན། ཟླ་བ་ཆུ་ཤེལ་ལས་གྲུབ་པས་ལྗི། ཉི་མ་མེ་ཤེལ་ལས་གྲུབ་པས་ཡང༌། སྐར་མ་བོངས་ཆུང་བས་དང་རླུང་གཅིག་ལྷག་པས། ཉི་མ་བས་ཀྱང་སྐར་མ་མགྱོགས་གསུངས་པ་བཞིན་ནོ། །”{14}ཞེས་པ་འདི་ཡང་ཚན་རིག་དང་མཐུན་ཏེ། ང་ཚོས་ཉི་མའི་ཁྱིམ་རྒྱུད་དུ་རྒྱུ་སྐར་ཆེན་པོ་བརྒྱད་དང་ཉི་ཟླ་གཉིས་ཀྱིས་རང་འཁོར་རྒྱག་པའི་འཁོར་ཡུན་ལ་བལྟས་ན།
       གཟའ་ལྷག་པ། ཉིན། 58.6 པ་སངས། 243.0185ལྡོག་འཁོར། 
       སའི་གོ་ལ། ཉིན། 0.9973 ཕུར་བུ། ཉིན། 0.4135
       མིག་དམར། ཉིན། 1.0260 སྤེན་པ། ཉིན། 0.444
       སྐར་མ་རྣམ་རྒྱལ། ཉིན། 0.7183 སྐར་མ་ཚོ་རྒྱལ། ཉིན། 0.6713

      ཉི་མའི་རང་འཁོར་རྒྱག་པའི་འཁོར་ཡུན་ནི། སྤྱིར་ཉིན27ཡིན་ཞེས་བཤད་པ་དེ་ཉི་མའི་དམར་ཐིག་ཁག་གི་འཁོར་ཡུན་ནི་ཉིན25ཡིན་ལ། ཟླ་བའི་རང་འཁོར་རྒྱག་པའི་འཁོར་ཡུན་ནི། ཉིན27.32166ཡིན་ལ་དེ་ནི་ཏག་ཏག་ཟླ་བ་སའི་གོ་ལར་སྤྱི་འཁོར་རྒྱག་པའི་འཁོར་ཡུན་ཡིན་ཏེ། ཉིན27དང་ཆུ་ཚོད7སྐར་མ43སྐར་ཆ11.47ཡིན།
       གོང་གི་ཉི་ཟླ་སྐར་གསུམ་གྱིས་རང་འཁོར་རྒྱག་པའི་འཁོར་ཡུན་ལས་འཁོར་ཚད་ཆེས་མགྱོགས་པ་ནི་སྐར་མ༼གཟའ་ལྷག་པ་ཕུད༽ཡིན་ལ་དེ་ནས་ཉི་མ། དེའི་འཕྲོར་ཟླ་བ་ཡིན་པ་ཤིན་ཏུ་གསལ། ཉི་ཟླ་གཟའ་སྐར་དེ་དག་ཐམས་ཅད་ཀྱང་རང་མཆིས་ཀྱི་རླུང་ལ་བརྟེན་ནས་སྐོར་བ་བྱེད་ཀྱི་ཡོད་པར་གསུངས་ཤིང༌། མཛོད་ལས“རླུང་ནི་གསུམ་སྟེ་འཕུལ་འདེག་སྐོར། །སྐར་དང་ལྭེག་ལ་ལིག་ཞི་གྱིན། །”ཞེས་པ་སློབ་དཔོན་དྲན་པས་“རླུང་ནི་གསུམ་ཞེས་པ། ཆད་དུ་མེད་པའི་རླུང་བ་དན་ཅན་གྱིས་འདེགས་པར་བྱེད། རླབས་ཆེན་འཕྱོ་བའི་རླུང་གིས་འཕུལ་བར་བྱེད༌། འཁོར་ལོ་སྒྱུར་བའི་རླུང་གིས་སྐོར་བར་བྱེད་དེ་རླུང་དེ་རྣམས་ཀྱི་སྟོབས་ཤུགས་ན་མཉམ་པའོ། །”ཞེས་དང་སྒ་སྟོན་གྱིས“རླུང་རྟའི་མང་ཉུང་ནི་ཉི་ཟླ་ལ་རླུང་གསུམ་སྟེ། རྒྱབ་ནས་འཕུལ་བ་དང་འོག་ན་འདེགས་པ་གཡས་གཡོན་ནས་བསྐོར་བ་བྱེད་པའོ། །སྐར་ཕྲན་དང་ལྭེག་ཞི་རྒྱུ་སྐར་ལ་ནི་ལི་བཞི་གྱིན་སྟེ་སྟེང་ནས་གནོད་བྱེད་ཀྱི་རླུང་དང་བཞིར་མངོན་ནོ། །”ཞེས་གསུངས་ཤིང་སྤྱིར་བར་སྣང་ཁམས་སུ“མི་གཏོང་འཛིན་པའི་རླུང”སོགས་རླུང་བཞི་ཡོད་པར་བཤད་པ་དེ་རྣམས་རླུང་སོ་སོ་མ་ཡིན་པར་ངོ་བོ་རླུང་གཅིག་ཡིན་ཚུལ་དྲན་པའི་གསུང་དེ་དག་ནི་དེང་དུས་ཉི་ཟླ་སྐར་གསུམ་རང་འཁོར་དང་སྤྱི་སྐྱོར་རྒྱག་པ་ནི་གཙོ་བོ་བར་སྣང་ཁམས་སུ་ཁབ་ལེན་ར་བ་ཡོད་པ་དང༌། སྐར་མ་ཆེ་ཆུང་གང་ཡིན་ཡང་ལྡོག་པའི་ཁབ་ལེན་ར་བ་འབྱུང་ཞིང༌། སྐར་མའི་དངོས་པོ་དེ་དག་གི་གྲུབ་ཚུལ་དང་དྲོད་ཚད་མི་གཅིག་པའི་དབང་གིས་དེ་ལས་བྱུང་བའི་ལྡོག་པའི་ཁབ་ལེན་ར་བ་ཆེ་ཆུང་ཡང་མི་གཅིག་པས་སྐར་མ་དེ་དག་འཁོར་བའི་མགྱོགས་ཚད་ཀྱང་མི་གཅིག་པ་རེད། དེས་ན་ཚན་རིག་གི་བརྡ་ཆད“ཁབ་ལེན་ར་བ”ཞེས་པ་དང་མཛོད་ལས་གསུངས་པའི“མི་གཏོང་འཛིན་པའི་རླུང”གཉིས་མིང་བརྡ་མི་གཅིག་པ་མ་གཏོགས་ངོ་བོ་གཅིག་ཡིན་པ་ཤིན་ཏུ་གསལ།

༢ རགས་ཙམ་དཔྱད་པ།

      སྤྱིར་འཛམ་གླིང་ན་འཇིག་རྟེན་ཆགས་ཚུལ་གྱི་ལྷ་སྒྲུང་མང་པོ་ཡོད་པ་དཔེར་ན་རྒྱའི《ཉུག་ཝས་གནམ་ལྷན་པ》དང་ཞི་ལའི《ཕི་ལོ་མེ་ཞི་ཟིས་འཇིག་རྟེན་བསྐྲུན་པ》ལྟ་བུ་འདི་དག་ནི་སྟོན་པ་གཤེན་རབ་ཀྱིས་སྲིད་པའི་ཆགས་རབ་གསུང་ཚུལ་དང་ངོ་བོའི་སྟེང་ནས་ཁྱད་པར་ཡོད། དེ་གང་ཡིན་ཟེར་ན། གོང་གི་འཇིག་རྟེན་ཆགས་ཚུལ་གྱི་ལྷ་སྒྲུང་དེ་དག་ནི་རང་བྱུང་ཁམས་ཀྱི་བྱུང་འཕེལ་དང་ཆོས་ཉིད་ལ་རྨོངས་ཤིང་འོལ་ཚོད་དང་རྟོགས་འཆར་གྱིས་སྨྲ་བ་ཙམ་དུ་ཟད་པས། ཐ་ན་རྗེས་དཔོག་གི་ངོས་ཟིན་ཙམ་དུའང་འགྲོ་དཀའ། དེ་དང་བསྡུར་ན་སྟོན་པ་གཤེན་རབ་ཀྱིས་གསུངས་པའི《སྲིད་པའི་མཛོད་ཕུགས》ནི་གནམ་དཔྱད་རིག་པ་དང་དངོས་པོ་འཕེལ་འགྱུར་དང་འགུལ་སྐྱོད་ཀྱི་ཆོས་ཉིད་སོགས་རང་བྱུང་ཚན་ཉིད་རིག་པའི་ཤེས་བྱའི་རྨང་གཞི་ངེས་ཅན་ཞིག་གི་སྟེང་དུ་སྐབས་དེའི་གནའ་མི་དག་གི་ཁམས་དང་རིག་སྟོབས་སོགས་ལ་བསྟུན་ནས་འཇིག་རྟེན་གྱི“ངོ་བོ”དེ་བབ་ཆགས་དང་རབ་བཏགས་ཀྱི་ཐབས་སོགས་ལ་བརྟེན་ནས་གསུངས་ཡོད་པ་རེད། ཤེས་རྒྱུ་ཞིག་ལ་ཁོང་གིས་འཇིག་རྟེན་གྱི་ཆགས་རབས་དེ་རྐྱང་རྐྱང་དུ་གསུངས་པ་ཙམ་མ་ཡིན་པར་གཙོ་བོ་དགེ་སྡུག་གི་རྣམ་གཞག་དང་ཐེག་པའི་ལྟ་བ། བསྟན་པའི་དགོངས་དོན་བཅས་དང་འབྲེལ་ནས་ཏིལ་ལ་ཏིལ་མར་འདྲེས་པའི་ཚུལ་གྱིས་གསུངས་ཡོད་པ་རེད། དེའི་ཁྱད་ཆོས་གཙོ་བོ་ནི་ང་ཚོས་དཔེར་ན《སྲིད་པའི་མཛོད་ཕུགས》དེའི་ཁྲོད་ནས་རབ་ཏུ་བཏགས་པའི་སྐོར་དང་དཔེ་རྣམས“སྦྲུལ་ཤུན”ལྟར་ཕུད་རྗེས་ཤུལ་དུ་ལུས་འདུག་པ་ནི་རང་བྱུང་ཁམས་ལ་ཚན་རིག་དང་མཐུན་པའི་ངོས་ཟིན་དང་བདེན་དོན་འབའ་ཞིག་ཡིན་ཞིང༌། འོན་ཏེ་འཇིག་རྟེན་ཆགས་རབ་སྨྲ་བ་གཞན་དག་རྣམས་ནི་ལྷ་སྒྲུང་གི“ཤུན་པ”དེ་ཕུད་རྗེས་ཤུལ་དུ་ལུས་འདུག་པ་ནི་ཚན་རིག་དང་གནམ་ས་ལྟ་བུའི་རྒྱབ་འགལ་དུ་སོང་བའི་བྱིས་པའི་མཚར་གཏམ་ལྟ་བུ་ཞིག་ལས་གང་ཡང་མི་སྣང་ངོ༌། །
      གོང་གི་མཛོད་ཕུགས་ལས་འཇིག་རྟེན་ནི“ཁྲི་རྒྱལ་ཁུག་པ”ཞེས་པའི“ལྷ”ཞིག་གིས་འབྱུང་བ་ལྔ་བསྡུས་ཏེ་སྤྲུལ་བ་ཡིན་ཚུལ་གསུངས་ཡོད་པ་རེད། དོན་དམ་དུ་ང་ཚོས“ལྷ”ཞེས་པ་དེར་ཇི་ལྟར་ངོས་འཛིན་རྒྱུ་དང་དེས་བསྟན་བྱ་གང་ཡིན་ནམ་ཞེ་ན། ང་ཚོས་སྲོལ་རྒྱུན་དུ་འདོད་པའི་ཐ་སྙད་ལ་ལ་ནི་ང་ཚོའི་རྟོགས་བཏགས་དང་བར་ཁྱད་ཆེན་པོ་ཡོད་པའང་འཚོ་བའི་ནང་མིག་མཐོང་ལག་ཟིན་ཏུ་སྣང་སྟབས། “ལྷ”ཞེས་པའང་གྲུབ་མཐའི་འདོད་དབང་དུ་མ་ཚུད་པར་བརྟགས་ན་སྐབས་དེའི་སྤྱི་ཚོགས་སུ་ཤེས་རིག་གི་ཆུ་ཚད་དམན་པའི་དབང་གིས་མི་རྣམས་ལ་འགྲེལ་ཐབས་མེད་པའི་གསང་བ་ལྐོག་གྱུར་གྱི་དོན་ཞིག་གི་ཚབ་མིང་མིན་པའང་བརྗོད་དཀའ་བ་རེད། དེས་ན“ཁྲི་རྒྱལ་ཁུག་པ”ཞེས་པའང་བདེན་པའི་གནས་ལུགས་ཤིག་ཡིན་སྲིད་དེ། དཔེར་ན“སྲིད་པའི་ཡབ་ཡུམ”ཞེས་ཚེ་ང་ཚོའི་བློ་ངོར་གྲུབ་པའི་མིའི་གཟུགས་རྣམ་གྱི“ཕོ་མོ”ཞིག་ཏུ་གོ་དགོས་དོན་མེད་པ་ལྟར་དང༌། “རང་བྱུང་རིག་པའི་རྒྱལ་པོ”ཞེས་པའང་གདོད་མ་ཉིད་ནས་སུས་ཀྱང་མ་བྱས་མ་བཅོས་མ་སླད་པར་གཉུག་མར་གནས་པའི་རང་རིག་པའི་ཡེ་ཤེས་ལ་གོ་བ་ལས་རྒྱལ་ཁམས་ལ་མངའ་དབང་བསྒྱུར་བའི་རྒྱལ་པོར་མི་གོ་པ་དང༌། དེ་བཞིན་དུ“མ་རིག་པའི་བདུད”ཅེས་ཚེ་མགོ་ན་རྭ་ཡོད་པ་དང་སེམས་ཅན་ལ་འཚེ་བའི་མ་རུང་བ་ཞིག་ལ་མི་གོ་བ་སྟེ། དོན་གང་ཞིག་གསལ་བར་གོ་བའི་ཐབས་ལ་དཔེ་སྦྱར་བ་ལྟར། སྟོན་པ་གཤེན་རབ་ཀྱང་ཕྱི་སྣོད་ཀྱི་འཇིག་རྟེན་ཁམས་ཆགས་ཚུལ་དང་ནང་བཅུད་ཀྱི་སེམས་ཅན་གྲོལ་ཚུལ་རྣམས“ཁྲི་རྒྱལ་ཁུག་པ”དང“ཆུ་ལྕགས་རྒྱལ་མོ”སོགས་གཟུགས་ཅན་དཔེའི་སྒོ་ནས་གསུངས་པ་ལ་རྒྱུ་མཚན་འདི་དག་ཡོད་པར་འདོད་དེ། ༡གདུལ་བྱས་ཤེས་བྱ་དང་དེང་ལེན་གྱི་ནུས་པ་ཞན་པ་སྟེ་སྐབས་དེའི་གནའ་བོའི་མི་རྣམས་ཀྱིས་བདེ་བླག་ཏུ་གོ་ཐུབ་པ། ༢གསོན་ཉམས་ལྡན་ཞིང་ཡིད་འགུག་གི་ནུས་པ་ལྡན་པ། ༣གཤེན་རབ་ཀྱི་བསྟན་པ་ཀུན་ལ་བརྒྱུད་སྤེལ་སླ་བ། ༤སྡུག་སྤངས་དགེ་སྒྲུབ་སོགས་གདམ་པའི་ནུས་པ་ཐོན་པ་བཅས་སོ། །
      མི་ལ་ལས་ལྷ་སྒྲུང་ལ་ཞིབ་འཇུག་བྱས་རྗེས། གདོད་མའི་ལྷ་སྒྲུང་ནི་གདོད་མའི་རིག་གནས་མཚོན་པའི་སྐད་བརྡའི་མཚོན་རྟགས་ཀྱི་མ་ལག་ཅིག་ཡིན་པ་དང༌། ལྷ་སྒྲུང་གི་བྱུང་གྲུབ་ལའང་དེའི་ཆོས་ཉིད་ཡོད་ཅིང༌། དེ་ལས་ཆོས་ཉིད་ཆེས་གལ་ཆེན་ཞིག་ཡོད་པ་ནི། རིག་གནས་ཀྱི་ཆ་འཕྲིན་ཁག་ཅིག་མཚོན་རྟགས་རང་བཞིན་གྱི་གོ་དོན་ཞིག་ཏུ་གྱུར་རྗེས་གཏམ་རྒྱུད་ཅིག་གྲུབ་པ་རེད་ཅེས་ཟེར། {15}དེས་ན་སྟོན་པ་གཤེན་རབ་ཀྱིས་སྲིད་པའི་ཆགས་རབས་གསུངས་པ་ལའང་ཆོས་ཉིད་དེ་ལྡན་འདུག་སྟེ། དངོས་པོའི་གཤིས་ལུགས་མཚོན་པའི་ཟབ་དོན་གང་ཞིག་འཇུག་རྟེན་པས་གོ་སླ་ཞིང་དང་ལེན་བྱ་ཐུབ་པའི་ཆེད་དུ། “གནས་ལུགས”དེ་ཉིད“མཚོན་བྱེད”ཅིག་ཏུ་བསྒྱུར་ནས་གོམ་གང་མདུན་སྤོས་ཀྱིས་དེ་ལ“གཏམ་རྒྱུད”ཅིག་སྦྱར་པས་གཞི་ནས“དཔེ་དོན་རྟགས་གསུམ”ཚང་བའི་དྲང་དོན་དུ་གྱུར་བ་ཞིག་ཡིན་ངེས་སོ། །“དཔེ་དོན་རྟགས་གསུམ”གྱིས་སྒོ་ནས་འཆད་པ་འདི་ནི་གནའ་དུས་བོན་གྱི་སྐྱེ་ཆེན་རྣམས་ལ་དར་སོ་ཆེ་བའི་འཆད་ཐབས་ཤིག་སྟེ། དཔེར་ན་བོན་གྱི་རྫོགས་པ་ཆེན་པོའི་ཟབ་དོན་མང་པོ་ཞིག་ནི་འཆད་ཐབས་དེ་ལ་བརྟེན་ནས་སེམས་ཅན་གྱི་རྒྱུད་གྲོལ་བར་བྱས་པ་རེད།
      སྤྱིར་ཆོས་ལུགས་ནི་རིམ་པ་གསུམ་བརྒྱུད་ནས་འཕེལ་རྒྱས་བྱུང་བ་ཡིན་ཏེ། ཐོག་མར་རང་བྱུང་ཆོས་ལུགས་དང་བར་དུ་ལྷ་རིག་པའི་ཆོས་ལུགས། ཐ་མ་ཀུན་སྤྱོད་ཆོས་ལུགས་ཡིན། དེ་ལྟར་ན་སྟོན་པ་གཤེན་རབ་བྱོན་པའི་དུས་དེར་ལྷ་རིག་པའི་ཆོས་ལུགས་ཀྱི་དུས་སྐབས་སུ་སླེབས་ཡོད། དེའི་རྒྱུ་མཚན་གང་ཡིན་ཟེར་ན། སྟོན་པ་གཤེན་རབ་ཀྱི་སྔོན་དུ“བདུད་བོན”དང་“བཙན་བོན”སོགས་བོན་རིགས་མང་པོ་ཞིག་ཡོད་པ་དེ་རྣམས་ཕལ་ཆེར་རང་བྱུང་དད་མོས༼རང་བྱུང་ཆོས་ལུགས༽ཀྱི་ཆར་གཏོགས་ལ། སྟོན་པ་གཤེན་རབ་ཀྱིས་སྲིད་པའི་ཆགས་རབ་ལའང“ལྷ་སྒྲུང”གི“ཤུན་པ”སྦྱར་བ་ནི་ཕྱོགས་གཅིག་ནས་སྲིད་པའི་བྱུང་ཁུངས་ཀྱི་སྐོར་འདི་གཟུགས་སུ་བཀོད་པའི་ཐབས་ལ་བརྟེན་ན་འགྲེལ་བདེ་བར་དམིགས་པ་དང༌། ཕྱོགས་གཅིག་ནས་ཁོང་གིས་སྐབས་དེའི་མི་རྣམས་ལ་སྔོན་ནས་གོམས་པའི་ལྷ་རིག་པའི་འདུ་ཤེས་ལ་བསྟུན་པ་མ་ཡིན་ནམ། དེ་ནི་དཔེར་ན་མི་ལ་ལས《ནུབ་ཕྱོགས་སུ་གནས་སྐོར་ཕྱིན་པའི་རྣམ་ཐར》༼《西游记》༽ནི་དོན་དངོས་སུ་རྩོམ་པ་པོས་ཏའོ་ལུགས་དང་རོའུ་ལུགས། ཁྱད་པར་དུ་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་རྣམས་རབ་བཏགས་དང་གཟུགས་སུ་བཀོད་པའི་ཐབས་ལ་བརྟེན་ནས་རྩོམ་རིག་གམ་སྒྱུ་རྩལ་གྱི་ལམ་ནས་འགྲེལ་སྟོན་བྱེད་པ་ཞིག་ཡིན་ཟེར་ཞིང༌། ལྟ་ཚུལ་འདིའི་ལྟར་ན《རྣམ་ཐར》འདིའི་རྩོམ་པ་པོ་དངོས་ནི་ལྭུའུ་ཁྲིན་ཨང་མ་ཡིན་པར་མིང་རྒྱལ་རབས་ཀྱི་བློན་ཆེན་ལི་ཁྲུང་ཧྥང༼李春芳༽བྱ་བ་ཡིན་པ་དང༌། དེའི་མཚོན་བྱ་ནི་རྣམ་ཐར་དེའི་ནང་གི་མི་སྣ་གཙོ་བོ་ཐང་ཟིན་བླ་མ་བརྒྱུད་ནས་ནང་བ་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་རྟོགས་པའི་ཤེས་རབ། འཁོར་བའི་སྡུག་བསྔལ། ཐར་བའི་ཕན་ཡོན་སོགས་བརྗོད་ཡོད། དཔེར་ན་རྣམ་ཐར་དེ་ནང་གི་མི་སྣ་སུང་ཝུའུ་ཁུང་ལ་མཚོན་ན་དེ་ནི་མི་ཡན་གར་པ་ཞིག་མ་ཡིན་པར་ཐང་ཟིན་བླ་མའི་ཐུགས་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་མཚོན་པ་དང༌། ཐང་ཟིན་བླ་མ་རང་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་མཚོན་པ་སྟེ། སུང་ཝུའུ་ཁུང་མེད་ན་ཐང་ཟིན་གྱིས་བདུད་འདུལ་མི་ཐུབ་པ་དང་རྒྱ་གར་ནས་ཆོས་ཀྱང་བདེ་བླགས་སུ་ལེན་མི་ཐུབ་པ་དེ་ལས་སྟོང་ཉིད་རྟོགས་པའི་ཤེས་རབ་མེད་ན་མ་རིག་པའི་བདུད་འདུལ་དཀའ་བ་དང་ཐར་བའི་གོ་འཕང་དེ་བས་ཀྱང་འཐོབ་མི་ཐུབ་པ་དང༌། ༼གཏམ་རྒྱུད་ནང་དུ་ཐང་ཟིན་བླ་མར་ལམ་བར་དུ་འཕྲད་པའི་བདུད་དེ་རེ་རེས་འདོད་ཆགས་དང་ཞེ་སྡང༌། གཏུ་མུག ང་རྒྱལ། ཕྲག་དོག་ལ་སོགས་ཉོན་མོངས་རྣམས་གཟུགས་སུ་བཀོད་ནས་མཚོན་པ་ཡིན་ཟེར། ༽དེ་ལས་ལྡོག་སྟེ་ཝུའུ་ཁུང་ལ་ཐང་ཟིན་བླ་མས་རོགས་རམ་དང་མཛུབ་སྟོན། ཚོད་འཛིན་མེད་ན་སྤྲུལ་སྒྱུར་གྱི་ནུས་པ་ཅི་འདྲ་ཆེ་ཡང་དོན་ཆེན་པོ་མི་འགྲུབ་པ་དང་ཐ་ན་རི་བོས་མནན་པའི་འོག་ནས་ཀྱང་ཐར་མི་ཐུབ་པ་དེ་ལས་བྱང་ཆུབ་སེམས་ཀྱིས་གཞི་མ་བཏིང་ན་སྟོང་ཉིད་རྟོགས་པའི་ཤེས་རབ་ཁོ་ནས་འཁོར་བ་ལས་འཕགས་མི་ནུས་ན་ཐབས་དང་ཤེས་རབ་གཉིས་ཟུང་འབྲེལ་བྱེད་དགོས་པའི་གནས་ལུགས་མཚོན་ཡོད། དེ་བཞིན་དུ་མི་སྣ་ཚུལ་ཁྲིམས་ལ་མཚོན་ནའང་རྫུ་འཕྲུལ་ཙམ་སྟོན་རྒྱུ་ཡོད་པ་དེ་ལས་མི་དགེ་བ་བཅུ་སོགས་ཚུལ་ཁྲིམས་ཙམ་བསྲུངས་པའི་ཕན་ཡོན་ལས་ཀྱང་བསམ་གྱིས་མི་ཁྱབ་པའི་འབྲས་བུ་འཐོབ་ཏུ་ཡོད་ཀྱང་སྟོང་ཉིད་རྟོགས་པ་ལས་བྱུང་བའི་འབྲས་བུར་དོ་ཟླ་མེད་པ་དེ་མཚོན། ཡང་དེ་བཞིན་དུ་ས་ཧོ་ཧྲ་དང་བདུད་ཀྱི་ཆོ་འཕྲུལ་རེ་རེ། བདུད་དེ་རྣམས་ཀྱི་མཇུག་འབྲས༼གཏམ་རྒྱུད་ལས་བདུད་ཐམས་ཅད་མཐར་ནམ་མཁའི་ལྷ་ཞིག་གིས་དྲང་བ་ལས་སེམས་ཅན་རྣམས་འོད་གསལ་གྱི་ལྷ་ལས་མཆེད་པ་དེ་མཚོན་པ་ཡིན་ཟེར། ༽སོགས་གཏམ་རྒྱུད་དེའི་མགོ་མཇུག་བར་གསུམ་ཐམས་ཅད་ནས་ནང་པ་སངས་རྒྱས་པའི་དགོངས་དོན་མཚོན་པ་ཡིན་ཟེར་བ་དང་ཀུན་ནས་མཚུངས་སོ། །
      གཞན་ཡང་དཔེར་ན་ནམ་མཁའི་སྐར་ཚོགས་ལ་བལྟས་ནས་དེ་རྣམས་ཐུག་གིས་འབྲེལ་མཐུད་བྱས་རྗེས་རྟ་མཆོག་དང་གླང༌། སྡུག་སྲིན་ཆེན་པོའི་གཟུགས་དབྱིབས་དང་མཚུངས་པར་བརྟེན་ནས་དེ་ལ་གསོན་ཉམས་ལྡན་པའི་གཏམ་རྒྱུད་སྣ་ཚོགས་སྦྱར་ནསགླང་གི་སྐར་ཁྱིམ། སེང་གེའི་སྐར་ཁྱིམ། བུམ་པའི་སྐར་ཁྱིམ། རྟའི་སྐར་ཁྱིམ། ལུག་གི་སྐར་ཁྱིམ་སོགས་བཤད་ཚུལ་ཡོད་པ་ལྟར། ང་ཚོས་ཕྱིའི་གཏམ་རྒྱུད་དམ་ལྷའི་རྣམ་པར་བཏང་བ་དེ་དག་གི་ཕྱི་ཤུན་དོར་རྗེས་ལྷག་ཏུ་ལུས་འདུག་པ་ནི་དོན་དམ་དུ་གནས་པའི་དངོས་པོ་འབའ་ཞིག་དང་གནས་ལུགས་འབའ་ཞིག་གོ། དེ་ལྟར་ན་རྒྱའི“གནམ་གོར་མོ་དང་ས་གྲུབ་བཞི”ཡིན་ཞེས་པའི་བཤད་རྒྱུན་དེ་དང་བསྡུར་ན་གཤེན་རབ་ཀྱིས་སའི་གོ་ལ་ནི་བྱ་སྒོང་ལྟར་ཟླུམ་པོ་ཡིན་ཞིང་བར་སྣང་ཁམས་ནི་མུ་མཐའ་མེད་པ་དང“འཇིག་རྟེན་བྱེ་བ་ཕྲག་བརྒྱ”ཡོད་ཚུལ་གསུངས་པ་དེ་ལ་ཚན་རིག་གི་རང་བཞིན་ཡོད་པ་མ་ཡིན་ནམ། ཞིབ་ཏུ་བསམ་ན་འདི་ནི་གནའ་བོའི་རྒྱའི་ཤེས་རིག་དང་ཞང་ཞུང་ཤེས་རིག་བར་གྱི་ཁྱད་པར་ཡང་ཡིན་ནོ། །

གཉིས། ནང་བཅུད་ཀྱི་སེམས་ཅན་གྲོལ་ཚུལ་ཐད་ཀྱི་སྨྲ་བ་ལ་དཔྱད་པ།
1.གཞུང་གི་དགོངས་དོན་མདོར་བསྡུས་སུ་བསྟན་པ།

      དང་པོ་བྱེད་པོས་བྱས་པ་ལས་སེམས་ཅན་གྲོལ་ཚུལ་ཐད་ལ་གཞུང་དེ་ལས༌། “རྒྱུ་ལྔའི་བཅུད་ལས་སྒོང་གཉིས་སྲིད། །དཀར་ནི་འོད་དང་ཟེར་ལས་བརྡོལ། །”ཅེས་པ་ནས“ཀློང་ལས་གཡུ་མཚོ་སྔོན་མོར་སྲིད། །མཚོ་དབུས་དཔྱལ་མོ་གཅིག་སྲིད་པ། །ཆུ་ལྕམ་རྒྱལ་མོ་སྲིད་པའི་ཡུམ། །སངས་པོ་ཆུ་ལྕམ་གཉིས་སྲིད་པས། །མིང་དགུ་སྲིང་དགུ་བཅོ་བརྒྱད་འཁྲུངས། །”ཞེས་པའི་ཚིག་སོགས་ཀྱིས་སྟོན་ཏེ། མཉམ་མེད་ཆེན་པོས“རྒྱུ་འོད་ལྔ་ལ་སོགས་ཀྱི་བཅུད་ལས་སྒོ་ང་དཀར་ནག་གཉིས་སུ་སྲིད་དོ། །གང་དུ་སྲིད་ཅེ་ན། དཀར་པོ་ནི་བསམ་གཏན་གསུམ་པར་སྲིད་དོ། བཞི་བ་ལས་གསུམ་པ་སྲིད་པ་ལ་སོགས་ཀྱི་དོན་ནོ། །རྫུ་འཕྲུལ་འོད་ལས་ཡས་ཆགས་སོ། །ཞེས་པ་ནག་པོ་ནི་ཚངས་རིས་ཀྱི་ཐད་ཀའི་མུན་པ་ལ་སྲིད་དོ། །མདོ་ནས་བདུད་ཀྱི་འབྱུང་གནས་དང་མཐུན་ནོ། །བསམ་གཏན་གྱི་ལྷ་བདེན་དང་ཏིང་ངེ་འཛིན་བདེ་དགའ་ལས་སྐྱེས་པ་མ་ཡིན་པས་སྐྱོན་མེད། དེ་ལ་འོད་སྒོང་དུ་གྲུབ་པའོ། །ཡང་ན་འོད་སྒོང་ཡིན་པས་སོ། །ཞེས་འགྲོ་མགོན་བློ་གྲོས་ཀྱིས་གསུངས་སོ། །དཀར་པོ་རང་འོད་དང་རང་ཟེར་ལས་བརྡོལ་བ་ལས་ཡོད་ཁམས་སྲིད་པའི་རྒྱལ་པོ་ཞེས་བྱ་བ་གསལ་ཞིང་སྲིད་དོ། །དེ་ནི་སངས་པོའམ། སྣང་བ་འོད་ལྡན་ཡིན་གསུངས་སོ། །”{16}ཞེས་དང༌། ཡང་དྲན་འགྲེལ་ལས། “ཀློང་ལས་གཡུ་མཚོ་སྔོན་མོར་སྲིད་ཅེས་པ། འབྱུང་བ་རྒྱུ་ལྔ་ཀློང་ལས་ཟིལ་དང་ཆར་དུ་སྲིད། དེ་ལས་ཕྱིའི་རྒྱ་མཚོ་རུ་སྲིད་དོ། །དེ་ལས་སྲིད་པའི་སྨོན་ལམ་དང་སེམས་ཅན་གྱི་ལས་དབང་གིས། མཚོ་དབུས་དཔྱལ་མ་མོ་ཞིག་སྲིད་ཅེས་པ། མཚོ་དེ་ལ་རླུང་གིས་སྐྱོད་པས། ཝུ་བ་གུར་ཙམ་པ་ཞིག་བྱུང༌། དེ་ལས་འོད་སྒོང་སྔོན་པོར་བྱུང༌། སྒོ་ང་རང་གིས་རང་བརྟོལ་བས། གཡུའི་བུད་མེད་སྔོན་མོ་ལ། མཐིང་གི་མཆན་ལྟས་བདུན་དུ་བརྩེགས་པ་བྱུང་ངོ༌། །ཆུ་ལྕམ་རྒྱལ་མོ་སྲིད་པའི་ཡུམ་ཞེས་པ། ཡབ་སངས་པོ་འབུམ་ཁྲིས་མིང་བཏགས་པ། སྒོ་བ་ཆུ་ལྕམ་རྒྱལ་མོ་ཞེས་ཀྱང་བྱ། ཆབ་ཤང་འཕྲུལ་མོ་ཞེས་ཀྱང་བྱ། བཟང་ཟ་རིང་བཙུན་ཞེས་ཀྱང་བྱ། སྲིད་པའི་རྒྱལ་མོ་ཞེས་ཀྱང་བྱ། ས་ཏྲིག་ཨེར་ཏེ་ཞེས་ཀྱང་བྱ། སངས་པོ་ཆུ་ལྕམ་གཉིས་སྲིད་པས་ཞེས་པ། ”དེ་གཉིས“དབུ་མ་བཏུད་ཤངས་མ་བླན་པར་བཤོས་པ་ལས། རི་དྭགས་དང་གཅན་གཟན་དང་འདབ་ཆགས་སུ་བྱུང་ངོ༌། །དབུ་བཏུད་ཤངས་བླན་དེ་བཤོས་པ་ལས། {17}སྲས་མིང་པོ་དགུ་དང་སྲིང་མོ་དགུ་སྟེ་བཅོ་བརྒྱད་འཁྲུངས་སོ། །དེ་ལས་འགྲོ་བ་མིའི་རིགས་གྲོལ་ཚུལ་མང་དུ་གསུངས་སོ། །
      གཉིས་པ་བྱེད་པོ་མེད་པར་འབྱུང་བ་ལས་བྱུང་བའི་ཐད་ལ། གོང་དུ་གསུངས་པའི་སྲིད་པ་སངས་པོ་འབུམ་ཁྲི་དང་ཆུ་ལྕམ་རྒྱལ་མོ་གཉིས་ཀྱང༌། དྲན་པས“དེ་ཡང་ཀུན་རྫོབ་ཏུ་ཡབ་དང་ཡུམ་ལ་སྨོས་ཀྱང༌། དོན་དམ་པར་ཐབས་དང་ཤེས་རབ་ཏུ་གནས་པའོ། །”ཞེས་དང“ལྕམ་དྲལ་བཅོ་བརྒྱད་སྲིད་པ་ཡིན་ཞེས་པ། ཡབ་དང་ཡུམ་ཡང་ཕོ་དང་མོ་རུ་སྲིད། སྲས་ཕོ་མོ་གྲངས་མཉམ་པ་ཡང་སྲིད་པ་ཕོ་ཕྱེད་མོ་ཕྱེད་དུ་བསྟན་པ་ཡིན་ལ། དོན་དུ་དབྱིངས་དང་ཡེ་ཤེས་ལས་འདས་པ་མེད་དོ། །བཅོ་བརྒྱད་དུ་བསྟན་པ་ཡང་སེམས་ཅན་ཁམས་ཆེན་པོ་བཅོ་བརྒྱད་ལ་མ་རྟེན་པ་མེད་པའི་ཕྱིར་རོ། །”{18}ཞེས་དོན་དམ་གྱི་ངོས་ནས་འགྲེལ་བཤད་གནང་འདུག་པ་ལྟར་དང༌། གཞུང་ལས། “རླུང་སྒྲ་མེ་ཉི་ཆུ་ཟླ་དང༌། །ནམ་མཁའི་འོད་ནི་དེ་བཞིན་སྟོན། །ལྷ་མོ་ལྔ་ནི་སྲིད་ནས་ཀྱང༌། །འབྱུང་བ་ལྔ་ཡི་བཅུད་དུ་གསལ། །འབྱུང་བ་ལྔ་ཡི་རྒྱུ་རྐྱེན་དང༌། །ལྷ་མོ་ལྔ་ཡི་རྫུ་འཕྲུལ་ལས། །རྩི་ཤིང་ནགས་ཚལ་སྐྱེད་མོས་ཚལ། །”སོགས་ཚིག་གི་འགྲེལ་བར། དྲན་པས། “ད་དྭངས་མ་ལྔའི་བཅུད་ལྔ་སྟོན་ཏེ། དྭངས་མའི་བཅུད་ལས་ཡོད་འབུམ་རྒྱལ་པོས་དབྱིངས་ཀྱི་ལྷ་མོ་ལྔར་སྨོན་པས། སེམས་ཅན་གསོ་བའི་ལྷ་མོ་ལྔ་བྱུང་སྟེ། ལི་མུ་ཞེས་པས། རླུང་གི་ལྷ་མོ་ལི་མུར་བརྒྱད་མར་བྱུང་སྟེ། སྣང་སྲིད་ཕྱི་ནང་སྐྱེ་བའི་སྒོ་སོལ་བར་བྱེད། རྟག་པར་འཛིན་པའི་དབུགས་རྟེན་ནོ། །ཚངས་སྟང་ཞེས་པ་མེའི་ལྷ་མོ་ཚངས་སྟང་རིང་མོ་ཞེས་བྱ་སྟེ། སྐྱེ་བ་ཐམས་ཅད་ཀྱི་དངོས་པོ་སྨིན་པར་བྱེད། གཟི་མདངས་ཀྱི་བཀྲག་སྟེར་བར་བྱེད་དོ། ཏིང་ནམ་ཞེས་པ་ཆུའི་ལྷ་མོ་ཏིང་ནམ་རྒྱལ་མོ་ཞེས་བྱ་བ་འབྱུང་སྟེ། སྐྱེ་རྒུ་ཐམས་ཅད་བག་ལ་སྡུད་ཅིང་རླན་པར་བྱེད་དོ། ནེ་སླས་ཞེས་པ། སའི་ལྷ་མོ་སྲ་བརྟན་མ་ཞེས་བྱ་བར་བྱུང་སྟེ། སྐྱེ་རྒུ་རྣམས་བརྟན་ཅིང་རྟེན་རྟས་པས་བྱེད་དོ། །དམུ་ཧི་ནིང་ཞེས་པ། ནམ་མཁའི་ལྷ་མོ་གསལ་བྱེད་མ་ཞེས་བྱ་སྟེ། སྐྱེ་རྒུ་ཐམས་ཅད་ཀྱི་གོ་འབྱེད་ཅིང་དབང་པོ་གསལ་བར་བྱེད༌། ལྷ་མོ་ལྔ་ནི་སྲིད་ནས་ཀྱང་ཞེས་པ། དེས་ཅི་བྱེད་ན་དྭངས་མའི་ལྷ་མོས་བཅུད་དང་སྙིང་བོ་གསལ་ཏེ་སྲོག་འཛིན་པའོ། །འབྱུང་བ་ལྔའི་རྒྱུ་རྐྱེན་དང་ཞེས་པ། འབྱུང་བ་ལྔ་ཡིས་རྒྱུ་བྱས། ཡོད་འབུམ་གྱི་སྨོན་ལམ་གྱིས་རྐྱེན་བྱས་པས་ལྷ་མོ་ལྔ་རུ་བྱུང་བའོ། །ལྷ་མོ་ལྔའི་རྫུ་འཕྲུལ་ལས། ཞེས་པ། གོང་ལྟར་ལམ་སོལ་བ་དང༌། སྨིན་པའི་རྫུ་འཕྲུལ་དང་བསྡུད་པའི་དང༌། རྟེན་པའི་དང་གོ་གསལ་འབྱེད་པའི་རྫུ་འཕྲུལ་དང་ལྔ་ལས་ཞེས་བྱའོ། །དེ་ལས་ཅི་ཞེ་ན། རླུང་གི་སྙིགས་མ་ལས། རང་སྐྱེས་རྩི་ཤིང་ནགས་ཚལ་ཡང་ལྷ་མོ་ལྔའི་སྟོངས་སྡོམ་པ་ལས་བྱུང༌། བདག་པོས་སྐྱེད་པའི་ཚལ་ཡང་སྟོབས་སྡོམ་པ་ལས་བྱུང༌། ཆུའི་སྙིང་པོ་ལས་ཚའི་རིགས་དང༌། སའི་སྙིང་པོ་ལས་གསེར་དང༌། ནམ་མཁའི་སྙིང་པོ་ལས་གཡུ་དང༌། རྩིའི་བཅུད་དུ་མར་དང༌། རླུང་གི་སྙིང་པོ་ལྕགས་དང༌། མེའི་སྙིང་པོར་ཟངས་ལས་སོགས་པ་རྣམས་ལྷ་མོ་ལྔའི་སྟོབས་སྡོམ་པ་ལས་བྱུང་ནས། ”{19}ཞེས་གསུངས་སོ། །དེས་ན་གོང་ནས་བཤད་པའི་ལྷ་མོ་ཞེས་པའང་གཟུགས་སུ་སྣང་བའི་བྱེད་པོ་མ་ཡིན་པར་དེ་ནི་འབྱུང་ལྔའི་རང་བཞིན་ཙམ་དུ་ཟད་པ་ཤིན་ཏུ་གོ་སླ།

2.དེང་དུས་ཚན་རིག་གི་འགྲེལ་སྟངས།

      སྤྱིར་མཛོད་སོགས་ལས་བཤད་པའི“བཅུད”ལ་འབྱུང་བའི་བཅུད་དང་ཡེ་ཤེས་ཀྱི་བཅུད། སེམས་ཅན་གྱི་བཅུད་ཅེས་གསུམ་དུ་དབྱེ་ཡོད་ཅིང༌། དེ་ལས་རྩི་ཤིང་ལ་སོགས་ནི་འབྱུང་བའི་བཅུད་དུ་བཞག་ཡོད། མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས“བཅུད་ཀྱི་སྒྲ་ནི་སྙིང་བོའམ། རྩ་ལམ་བརྟེན་པ་དང་འབྲས་བུ་ལ་སོགས་ལ་འཇུག་གོ”{20}ཞེས་པ་དང༌། དྲན་པས“དེ་ལ་བཅུད་གསུམ་གྱི་གཟུང་དོན་ནི། ཕྱི་ལྟར་བེམ་པོས་བསྡུས་པ་དང༌། ནང་ལྟར་ལུས་སེམས་ཀྱིས་བསྡུས་པ་དང༌། ཁྱད་པར་དབྱིངས་ཤེས་ཀྱིས་བསྡུས་པའོ། །ངོ་བོ་ནི་ཐོགས་བཅས་ཀྱི་རྣམ་པ་དང༌། ལུས་སེམས་དྲན་རིག་གི་བྱེ་བྲག་དང༌། རང་རིག་འཕྲོ་འདུའི་རྣམ་པར་སྣང་བའོ། །བརྡའ་ནི་བཅུད་ཅེས་བྱའོ། །”{21}ཞེས་དང་ཡང་མཚན་ཉིད་ཀྱི་སྟེང་ནས་གཙོ་བོ“སྐྱེ་འཕེལ་བྱེད་པ”དང“བཅུད་ཅེས་པ་རང་རང་གི་ནུས་མཐུ་ལས་བྱུང་བའི་སྙིང་བོའོ”{22}ཞེས་གསུངས་པ་ལ་སོགས་དེའི་སྟེང་ནས་དེང་དུས་ཀྱི་སྒྲ་ལ་སྦྱར་ན“ཚེ་སྲོག”ཅེས་པར་ངོས་བཟུང་ཆོག་པ་རེད། འོ་ན་ཚེ་སྲོག་ནི་ཅི་ཞིག་ཡིན་ཟེར་ན། མི་རྣམས་ཀྱིས་ཡུན་རིང་དུ་ཞིབ་འཇུག་བྱས་པས་ཚེ་སྲོག་གྲུབ་པའི་གཞི་རྩའི་འཇལ་བྱེད་ནི་ཕྲ་ཕུང་ཡིན་པ་དང༌། ཕྲ་ཕུང་ནི་གཙོ་བོ་སྤྲི་དཀར་དང་ཉིང་སྐྱུར་གྱིས་གྲུབ་ལ། ཉིང་སྐྱུར་ནང་དུ་རང་རྒྱུད་སྤེལ་བའི་གསང་བ་འདུས་ཡོད་པ་རྟོགས། དེ་ལ་མཚན་ཉིད་མདོར་བསྡུས་པ་ཞིག་བཞག་ན། ཚེ་སྲོག་ནི། ༡.ཚོར་སྣང་ལྡན་ཞིང་འགུལ་སྐྱོད་བྱེད་པ། ༢.རྙིང་འདོར་གསར་ལེན་གྱི་སྒོ་ནས་སྐྱེ་འཕེལ་བྱེད་པ། ༣.“བྱེ་བྲག”རེ་ནས་ཀྱང་རང་ཉིད་བསྐྱར་བཟོ་བྱས་ནས་རྒྱུད་སྤེལ་ཐུབ་པ། ༤.སྤྲི་དཀར་དང་ཉིང་སྐྱུར་གཉིས་དངོས་པོའི་རྨང་གཞིར་བྱས་ནས་རྒྱུད་འཛིན་དང་འཕེལ་འགྱུར་བྱེད་པའི་རང་བྱུང་གི་དངོས་གཟུགས་ཡིན་པའོ། །
      དུས་རབས19ནང་ཏུར་ཝུན་བྱོན་པ་ནས་ཁོང་གིས་གླིང་ཆེན་ཨ་མེ་རི་ཁ་ལྷོ་མ་ནས་ལོ་ལྔའི་རིང་ལ་ཚ་ཁུལ་དང་ཚ་ཁུལ་ཕལ་བའི་སྲོག་ཆགས་དང་སྐྱེ་དངོས་ལ་གཞི་རྒྱ་ཆེ་བས་རྟོག་ཞིབ་དང་ཚོད་ལྟ་གནང་རྗེས། འཇིག་རྟེན་སྟེང་གི་དངོས་རིགས་དེ་རྣམས་ཆགས་པ་དང་གནས་པ། རྣམ་པ་དང་རིགས་མང་བ་ནི་གཙོ་བོ་རང་བྱུང་གིས་འདེམས་ནས་གྲུབ་པར་འདོད་དེ། སྐྱེ་དངོས་ཐམས་ཅད་རང་བྱུང་ཁོར་ཡུག་དང་འཕྲོད་ཆེད་ཕན་ཚུན་འགྲན་རྩོད་བྱས་ནས་མུ་མཐུད་དུ་རྒྱུད་འགྱུར་བྱུང་བཞིན་ཡོད། སྐྱེ་དངོས་གང་ཡིན་ཀྱང་རྒྱུད་འགྱུར་བྱས་ནས་འཚོ་གནས་ལ་འཕྲོད་པ་ཞིག་ཏུ་ཡོང་ཆེད། རྒྱུད་སྤེལ་ནས་རིམ་བཞིན་སྐྱེ་རབས་གོང་མ་ལས་སྐྱེ་རབས་ཕྱི་མ་རྣམས་འཚོ་གནས་ཐུབ་པའི་ནུས་པ་ལྡན་པ་དང༌། དེ་ལས་ལྡོག་ཚེ་རང་བྱུང་ཁམས་ཀྱིས་འདོར་བ་ལས་འོས་མེད། ཏུར་ལྭུན་གྱི་རིག་པའི་རྣམ་བཤད་འདི་ལ་སྐྱེས་དངོས་འཕེལ་འགྱུར་སྨྲ་བ་ཟེར་ཞིང༌། དུས་ད་ལྟའི་བར་ཚན་རིག་པ་རྣམས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་ཅིང༌། མིའི་རིགས་ནི་གནའ་སྤྲ་ནས་འགྱུར་ཡོང་བའི་བཤད་ཚུལ་ཡང་གཙོ་བོ་རིག་པ་འདི་ལ་རྒྱབ་རྟེན་བཅོལ་བ་རེད།  སྤྱིར་ཏུར་ཝུན་གྱི《མིའི་རིགས་ཀྱི་བྱུང་ཁུངས》ཞེས་པ་དེ་སྤེལ་བ་ནས། མིའི་རིགས་ནི་སྤྲ་མི་ནས་བྱུང་བ་དང༌། སྤྲ་མི་ནི་ཅུང་དམའ་རིམ་གྱི་སྲོག་ཆགས་ཤིག་ནས་རིམ་བཞིན་འཕེལ་འགྱུར་བྱས་ནས་ཡོང་བ་དང་དེའི་ཁུངས་དེད་ན་རྒྱ་མཚོའི་གདོད་མའི་སྐྱེ་དངོས་ལ་ཐུག་ཡོད་པ་རེད། དེ་ལྟར་ཚེ་སྲོག་ནི་སའི་གོ་ལའི་རྒྱ་མཚོའི་ནང་བྱུང་བའི་ལྟ་ཚུལ་འདི་ནི་དུས་རབས20ནང་གི་ཚན་རིག་པ་མང་པོས་ཁས་ལེན་པ་ཡིན་ནོ། །
      ཚེ་སྲོག་བྱུང་འཕེལ་ལ་ཞིབ་འཇུག་བྱས་པའི་སྟེང་ནས་བལྟས་ན། དུས་ད་ལྟའི་བར་ཚེ་སྲོག་འབྱུང་བའི་རྫས་འགྱུར་འཕེལ་འགྱུར་གྱི་ཚོད་ལྟ་ནི་རྒྱལ་ཁབ་ཕྱི་ནང་གི་ཚོད་ལྟ་ཁང་མང་པོ་ནས་སྒྲུབ་བཞིན་ཡོད་དེ། དཔེར་ན། “ཨ་མེ་རུ་ཁའི་ཡུག་ལེ་ཡིས་ཚེ་སྲོག་ནི་སའི་གོ་ལའི་རང་སྟེང་ནས་བྱུང་བ་དེར་ཁས་ལེན་བཞིན་ཡོད། ཁོ་དང་ཁོའི་སློབ་མ་མུ་ལེ་གཉིས་ཀྱིས་གདོད་མའི་རླུང་ཁམས་ཤིག་ལད་ཟློས་བྱས་ནས་བཟོ་བཀོད་བྱས་ཏེ། རང་བྱུང་གི་ཆ་རྐྱེན་འོག་ཏུ་ཚེ་སྲོག་དང་འབྲེལ་ཡོད་ཀྱི་དངོས་པོ་ཞིག་འབྱུང་ཐུབ་མིན་ལ་ཞིབ་འཇུག་བྱས་པ་རེད། ཁོ་ཚོས་གདོད་མའི་སའི་གོ་ལའི་དབུགས་གཟུགས་གཅིག་ཏུ་བསྲེས་རྗེས་གློག་གི་མེ་སྟག་གིས་འགྱེད་སྤྲོ་བྱས་པ་རེད། གདོད་མའི་དབུགས་གཟུགས་དེ་དག་གི་ནང་དུ་ཆིང་དབུགས་དང་ཨེན་དབུགས། ཆུའི་རླངས་པ། ཝན་ཀ་པ། མུ་ཟི་ཆིང་རྫས་སོགས་འདུས། དེ་དག་ནི་གཟའ་ཕུར་བུ་དང་བར་སྣང་ཁམས་ཡོངས་སུ་ཁྱབ་གདལ་དུ་གནས་ཡོད་པ་རེད། གློག་གི་མེ་སྟག་འགྱེད་སྤྲོ་བྱེད་པ་དེ་ནི་གློག་དམར་འཁྱུག་པ་དང་འདྲ་མཚུངས་ཡིན་ལ། ང་ཚོས་ཤེས་དགོས་པ་ཞིག་ནི། དུས་སྔ་མོའི་སའི་གོ་ལའི་སྟེང་དུ་སྔར་ཆར་བ་ཆེན་པོ་འབབ་པ་དང་བསྟུན་ནས་གློག་དམར་རྒྱུན་མ་ཆད་པར་བྱུང་མྱོང་ཡོད་པ་རེད། ཐ་ན་དུས་དེ་རིང་ཡང་སའི་གོ་ལ་དང་གཟའ་ཕུར་བུའི་སྟེང་དུ་གློག་དམར་དེ་ལྟ་བུ་རྒྱུན་དུ་འཁྱུག་བཞིན་ཡོད་པ་རེད། གཟའ་ཁོར་གཅིག་གི་ཡུན་ལ་གློག་བཏང་སྟེ་དབུགས་གཟུགས་ལ་ཅོར6.27×106~6.27×107ཡི་ནུས་ཚད་བཏོན་པ་རེད། དཔེ་མཚོན་གྱི་ཚོད་ལྟ་ཐེངས་ཤིག་གི་ནང་དུ་དཔྱད་ཆས་ལས་ཁམ་མདོག་གི་དངོས་པོ་ཞིག་མར་བཞུར་སྟེ་འཚིག་སྣུམ་མཐུག་པོ་ཞིག་ཆགས། དེའི་ནང་དུ་ཝན་ཀ་པ་ཧོ་ཁེ950ལས་གྲུབ་པའི་ཨེན་གཞི་སྐྱུར་ཧོ་ཁེ200འདུས། ཨེན་གཞི་སྐྱུར་ནི་ཚེ་སྲོག་སྤྲི་དཀར་གྱི་གྲུབ་བྱེད་ཡིན། ”{23}ཞེས་བཀོད་ཡོད། འོ་ན་སའི་གོ་ལའི་སྟེང་དུ་ཚེ་སྲོག་མ་བྱུང་བའི་སྔོན་དུ་བར་སྣང་ཁམས་སུ་ཚེ་སྲོག་བྱུང་ཡོད་དམ་ཞེ་ན། རྫས་འགྱུར་རིག་པའི་ཕྱོགས་ནས་བཤད་ན། སའི་གོ་ལའི་སྟེང་གི་སྐྱེ་དངོས་གཟུགས་དངོས་པོའི98%ནི་ཐཱན་དང་ཆིང༌། དབྱང༌། ཏན། ལིན། མུ་ཟི་བཅས་གཞི་རྒྱུ་དྲུག་གིས་གྲུབ་ལ། གཞི་རྒྱུ་འདི་དག་ནི་བར་སྣང་ཁམས་འཕེལ་འགྱུར་བྱུང་བ་དང་བསྟུན་ནས་བྱུང་བར་འདོད་པ་རེད། དུས་རབས20པའི་ལོ་རབས30ནང་གནམ་རིག་པ་བ་དག་གིས་བར་སྣང་ཁམས་ཀྱི་འོད་ཤལ་ནང་དུ་འཇིག་རྟེན་བར་སྣང་དུ་ཀ་རྨང་དང་ཆིན་རྨང་སོགས་ཆ་རྡུལ་ཡོད་པ་གསར་དུ་མཐོང༌། སྐྱེ་ལྡན་ཆ་རྡུལ་གསར་མཐོང་བྱུང་བ་དེ་ནི་དུས་རབས20ནང“གནམ་རིག་པའི་ཕྱོགས་སུ་གསར་མཐོང་བྱུང་བ་བཞིའི”ཁྲོད་ཀྱི་གཅིག་ཡིན། འདིའི་སྟེང་ནས་བར་སྣང་ཁམས་སུ་གང་ས་གང་དུ་ཚེ་སྲོག་འགྲུབ་བྱེད་ཆེས་གཞི་རྩའི་གཞི་རྒྱུ་ཡོད་པ་གསལ་བཤད་བྱས། 2009ལོའི་ཟླ8པའི་ཚེས17ཉིན། ཚན་རིག་པས་ཐོག་དང་པོར་དུ་སྐར་གྱི་ཐལ་རྡུལ་ཁྲོད་སྤྲི་དཀར་གྲུབ་བྱེད་ཀྱི་གཞི་རྩའི་དངོས་པོ་སྟེ་ཨེམ་རྨང་སྐྱུར་རྙེད་པ་ཁྱབ་བསྒྲགས་བྱས་པས། སའི་གོ་ལའི་སྟེང་གི་ཚེ་སྲོག་ནི་བར་སྣང་ཁམས་ནས་བྱུང་བའི་སྨྲ་བ་དེར་བདེན་དཔང་གསར་བ་ཞིག་མཁོ་འདོན་བྱས་པ་རེད། ཡང་ཚན་རིག་པ་འགའ་རེ་ནས་ཕལ་ཆེར་ལོ་ཐེར་འབུམ་བཞིའི་སྔོན་དུ་སའི་གོ་ལར་དུ་སྐར་དང་རྒྱུ་སྐར་ཆུང་ཆུང་མང་པོས་བརྡབས་པས་སྐྱེ་ལྡན་ཆ་རྡུལ་མི་ཉུང་བ་ཞིག་ཀྱང་སྐར་མ་དེ་དག་གིས་ཁྱེར་ཡོང་བས་གཞི་ནས་ཚེ་སྲོག་བྱུང་བར་འདོད། {24}མདོར་ན། ཚན་རིག་པའི་སྡེ་ལ་ཚེ་སྲོག་གི“ས་བོན”ནི་སའི་གོ་ལའི་རང་སྟེང་ནས་བྱུང་བ་དང་བར་སྣང་ཁམས་སུ་བྱུང་བ། སྐར་མ་གཞན་པའི་སྟེང་ནས་འཕོས་ཡོང་བ་སོགས་ལྟ་ཚུལ་མང་པོ་བྱུང་སྟེ་དུས་ད་ལྟའི་བར་ཞིབ་འཇུག་བྱས་ནས་གསལ་ཐག་བཅད་ནས་འདི་རེད་ཅེས་པ་ཞིག་བྱུང་མེད།

3.བསྡུར་དཔྱད།
༡ མཚོན་ཙམ་ཞིག་བསྡུར་བ།

      མཛོད་ལས“འབྱུང་བ་ལྔ་ལས་ཀུན་ཀྱང་སྤྲུལ། །རྫུ་འཕྲུལ་འོད་ལས་ཡས་ཆགས་སོ། །ནང་བཅུད་སྐྱེ་གནས་བསྟན་པའོ། །”ཞེས་གསུངས་པ་དེར་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས“འབྱུང་བ་ལྔ་ལ་བརྟེན་ནས་ལུས་ཀུན་ཀྱང་མི་མཐུན་པར་སྤྲུལ་ལོ། །རྫུ་འཕྲུལ་ཅན་གྱི་འོད་གསལ་ལས་རིམ་པ་བཞིན་དུ། ལྷ་དང་མི་དང་བྱོལ་སོང་དང་ཡི་དྭགས་དང་དམྱལ་བ་རྣམས་ཡས་མར་ཆགས་སོ། །དེ་དག་གི་ནང་བཅུད་ཀྱི་སྐྱེ་གནས་བསྟན་ཅེས་མདོ་བསྡུ་བའོ། །”{25}ཞེས་འགྲེལ་བ་གནང་ཞིང༌། དེ་ལྟར་འགྲོ་བ་སེམས་ཅན་གྱིས་བསྡུས་པའི་བཅུད་ནི་མེ་ཆུ་ས་རླུང་ནམ་མཁའ་སོགས“རྒྱུ་བཞི་རྐྱེན་དང་ལྔ་ལས་བྱུང༌། །གཅིག་མ་ཚང་བས་འབྱུང་བ་མེད། །”{26}ཅིང༌། ཆགས་ནི་ཕྲ་རབ་རྡུལ་ལས་ཆགས་ཞེས་གསུངས་པ་ལྟར། སྣོད་བཅུད་ཐམས་ཅད་མཐར་གཏུག་ན་ཕྲ་རབ་རྡུལ་གྱིས་གྲུབ་པ་དང་བསྐལ་བ་འཇུག་པའི་དུས་ཀྱང་ཕྲ་རབ་ཀྱི་རྡུལ་ལ་འཐིམ་ཚུལ་གསུངས་ཡོད་པ་རེད། དེས་ན“ཕྲ་རབ་ཀྱི་རྡུལ་སངས་རྒྱས་ཀྱི་སྤྱན་གྱིས་མཐོང༌། དེ་བདུན་འདུས་པ་རྡུལ་ཕྲན་ཏེ་སེམས་དཔའི་སྤྱན་གྱིས་མཐོང༌། དེ་བདུན་འདུས་པ་ལྕགས་རྡུལ་ཏེ་མོས་སྤྱོད་སྤྱན་གྱིས་མཐོང༌། དེ་བདུན་འདུས་པ་ཆུ་རྡུལ་ཏེ་ལྷའི་སྤྱན་གྱིས་མཐོང༌། དེ་བདུན་འདུས་པ་རི་བོང་གི་སྤུ་རྩེ་ལ་ཆགས་པའི་རྡུལ་ཏེ་ཆོ་འཕྲུལ་གྱིས་སྤྱན་གྱིས་མཐོང༌། དེ་བདུན་འདུས་པ་ལུག་གི་སྤུ་རྩེ་ལ་ཆགས་པའི་རྡུལ་དེ་གྲུབ་པའི་སྤྱན་གྱིས་མཐོང༌། དེ་བདུན་འདུས་པ་གླང་གི་སྤུ་རྩེ་ལ་ཆགས་པའི་རྡུལ་ཏེ་རྟའི་སྤྱན་གྱིས་མཐོང༌། དེ་བདུན་པ་ཉི་ཟེར་རྡུལ་ཏེ་མིའི་མཐོང་བར་བཤད་དོ། །”{27} སྤྱིར“སའི་གོ་ལ་ཇི་ལྟར་ཆགས་པ་དང་ཚེ་སྲོག་གི་བྱུང་ཁུངས་དང་དེའི་འཕེལ་འགྱུར་སོགས་ཀྱི་གསང་བ་དེ་བརྟོལ་དགོས་ན། ཐོག་མར་གཞི་རྒྱུ་སྣ་ཚོགས་དང་དེས་གྲུབ་པའི་འདྲེས་འགྱུར་རྫས་སྣ་ཚོགས་རྟོགས་དགོས་པ་རེད། ”དེའི་རྒྱུ་མཚན་ནི། “མི་དང་སའི་གོ་ལ་ཐམས་ཅད་དངོས་པོ་ནས་འགྱུར་ཡོང་བའི་ཐོན་དངོས་རེད། མ་རྡུལ་དུས་རབས་ཀྱི་ཐོན་དངོས་དཀོན་པོ་འགའ་རེ་མ་གཏོགས་སའི་གོ་ལ་དང་དེའི་ནང་གི་ཡོད་ཚད་དང་དེ་མིན་རྒྱ་མཚོ་ནང་གི་ཆུ་དང་སའི་གོ་ལའི་ཁོར་ཡུག་གི་ཁ་དབུགས་སོགས་ཐམས་ཅད་བར་སྣང་ཁམས་ནས་རང་བྱུང་གིས་གྲུབ་པའི་གཞི་རྒྱུ་དགུ་བཅུ་ཡི་འདྲེས་འགྱུར་རྫས་ཡིན། གཞི་རྒྱུ་དང་འདྲེས་འགྱུར་རྫས་ནི་མ་རྡུལ་གྱིས་གྲུབ་ཅིང༌། མ་རྡུལ་ནི་གཞི་རྩའི་རིལ་རྡུལ་གྱིས་གྲུབ་པ་རེད། ”{28}གོང་དུ་ཚེ་སྲོག་ནི་མཛོད་དུ“ཕྲ་རབ་རྡུལ”དང་ཚན་རིག་གི“རིལ་རྡུལ”གྱིས་གྲུབ་ཚུལ་བཤད་པ་གཉིས་ཤིན་ཏུ་མཐུན་ལ། འོ་ན་ཚེ་སྲོག་འགྲུབ་བྱེད་ཀྱི་གཞི་རྩའི་རྒྱུ་ཆ་དེ་ཐོག་མར་གང་ནས་བྱུང་བ་དང་ཇི་ལྟར་གྲུབ་པ་ཡིན་ཟེར་ན། ཡང་གོང་དུ་དྲངས་པ་ལྟར་མཛོད་དུ་ཐོག་མར་འབྱུང་ལྔའི་རྒྱུ་ལས་འོད་ཀྱི་རྣམ་པ་ལས་བྱུང་ཞིང་དེ་ལ“སངས་པོ་འབུམ་ཁྲི”ཞེས་མིང་དུ་བཏགས་ཤིང༌། དེ་ནས་འོད་དེ་རྒྱ་མཚོར་འཕྲོས་པས“དེ་ལས་སྲིད་པའི་སྨོན་ལམ་དང་སེམས་ཅན་གྱི་ལས་དབང་གིས། མཚོ་དབུས་དཔྱལ་མ་མོ་ཞིག་སྲིད་ཅེས་པ། མཚོ་དེ་ལ་རླུང་གིས་སྐྱོད་པས། ལྭུ་བ་གུར་ཙམ་པ་ཞིག་བྱུང༌། དེ་ལས་འོད་སྒོང་སྔོན་པོར་བྱུང༌། སྒོ་ང་རང་གིས་རང་བརྟོལ་བས། གཡུའི་བུད་མེད་སྔོན་མོ་ལ། མཐིང་གི་མཆན་ལྟས་བདུན་དུ་བརྩེགས་པ་བྱུང་ངོ༌། །”དེ་ལ“ཆུ་ལྕམ་རྒྱལ་མོ”ཞེས་མིང་དུ་བཏགས་པ་གཉིས་ཀྱི་འབྲས་བུར་ཚེ་སྲོག་གྲུབ་ཚུལ་བཤད་པ་རེད། ཚན་རིག་གི་བཤད་ཚུལ་ནི་གོང་དུ་བཀོད་པ་ལྟར་ལགས་ཀྱང་འདིར་སྒྲུབ་བྱེད་དུ་དམིགས་ནས་སླར་ཡང་ཚན་རིག་པ་འགའ་རེའི་ལྟ་བ་དྲངས་ན། 1922ལོར་སའོ་ལན་གྱི་སྐྱེ་དངོས་རྫས་འགྱུར་རིག་པ་བ་ཡཱ་ལེ་ཧྲན་ཏ.ཨོ་པཱ་ལིན་གྱིས་ཚེ་སྲོག་ནི་གློག་འཁྱུག་པ་ལས་བྱུང་བ་རེད་ཅེས་སྙན་གྲགས་ཆེ་བའི་ཚོད་དཔག་གི་བཤད་ཚུལ་ཅིག་བཏོན་པ་རེད། དེའི་ལྟ་ཚུལ་ལྟར་ན་ཉི་མ་དང་སའི་གོ་ལའི་རང་སྟེང་གི་འགྱེད་འཕྲོ་ཅན་གྱི་ནུས་ཚད་དེས་རླུང་ཁམས་ཆེན་པོའི་རིམ་པའི་ཁྲོད་ཀྱི་སྐྱེ་མེད་ཆ་རྡུལ་ལ་ནུས་པ་ཐེབས་པས། སྐྱེ་མེད་ཆ་རྡུལ་དེ་སྐྱེ་ལྡན་ཆ་རྡུལ་དུ་གྱུར་ཏེ་སའི་གོ་ལའི་མཚོ་དང་ཚོའུ་ནང་དུ“བཅའ་སྡོད”བྱས་ཤིང་དེ་འཕེལ་རྒྱས་སུ་སོང་སྟེ་གདོད་མའི་ཚེ་སྲོག་ཏུ་གྱུར་པ་རེད།
      1950ལོར་ཨ་མེ་རུ་ཁའི་ཀྲའུ་ཅཱ་ཀོ་སློབ་ཆེན་གྱིས་ཐེངས་དང་པོར་ཨོ་པཱ་ལིན་གྱི་ཚོད་དཔག་གི་བཤད་ཚུལ་དེ་བདེན་མིན་ཚོད་ལྟ་བྱས་ནས་ར་སྤྲོད་བྱས་པ་རེད། ཁོ་ཚོས་མཚོ་དང་ཚོའུའི་དོད་དུ་ཆུའི་ནང་དུ་ཝོན་ཀ་པ་དང་ཨེམ་སོགས་ཆ་རྡུལ་བསྣན་ཏེ་ཚ་བོ་བཟོས་ཤིང་གློག་གི་མེ་སྟག་བཏང༌། གཟའ་འཁོར་གཅིག་གི་རྗེས་སུ་ཝོན་ཀ་པའི་ནང5%ཡི་ཐཱན་ནི་ཨེམ་རྨང་སྐྱུར་ཆ་རྡུལ་དུ་གྱུར་ཡོད་པ་རེད། ཨེམ་རྨང་སྐྱུར་ནི་ཏག་ཏག་སྐྱེ་དངོས་ཀྱི་སྤྲི་དཀར་རྫས་འགྲུབ་བྱེད་ཀྱི་གཞི་རྩའི་གྲུབ་ཆ་ཡིན། {29}ནོར་པེར་བྱ་དགའ་ཐོབ་མཁན་དང་སུའེ་ཏེན་གྱི་རྫས་འགྱུར་རིག་པ་བ་ཨ་རོའུ་ཝོ་སིའི་འདོད་ཚུལ་ལྟར་ན། མིའི་རིགས་ཀྱི་ཚེ་སྲོག་ནི་བར་སྣང་ཁམས་སུ་བྱུང་སྟེ། དང་ཐོག་ཚེ་སྲོག་ལྡན་པའི་མཚན་མེད་འཕེལ་ནུས་ཀྱི་ཕྲ་ཕུང་ཞིག་བར་སྣང་ཁམས་ནས་རླུང་ཁམས་ཆེན་མོ་བརྒྱུད་དེ་མཐར་རྒྱ་མཚོའི་ནང་དུ་ལྷུང་སྟེ་སྐྱེ་འཕེལ་བྱུང་ཞིང་དེ་ནས་སའི་གོ་ལའི་སྟེང་གི་ཚེ་སྲོག་ཐམས་ཅད་བསྐྲུན་པར་བཞེད། ཨ་རི་དང་ཁ་ན་ཏའི་ཚན་རིག་པ་ཚོས་རྩིས་འཁོར་སྟེང་ནས་ཚོད་ལྟ་ཞིབ་འཇུག་བྱས་པས་ཚེ་སྲོག་གི་དངོས་པོ་ནི་སྐར་མ་མིག་དམར་སྟེང་ནས་སའི་གོ་ལའི་སྟེང་ཁྱེར་ཡོང་བ་དང༌། དེར་མ་ཟད་ཉེ་བའི་ལོ་འདི་དག་གི་རིང་ལ་གསར་རྟོགས་བྱུང་བ་མི་ཉུང་བ་ཞིག་ཀྱང་ཨ་རོའུ་ཝོསིའི་ལྟ་བ་འདི་བདེན་པའི་སྒྲུབ་བྱེད་དུ་སོང་ཡོད། {30}པེ་ཅིན་གྱི་དུས་ཆོད2010ལོའི་ཟླ7པའི་ཚེས7ཉིན་གླིང་ཆེན་ཡོ་རོབ་ཀྱི་དབྱིངས་བསྐྱོད་ཅུའུ༼航天局༽ནས“ཕུ་ལང་ཁུ”ཞེས་པའི་མཁའ་དབྱིངས་རྒྱངས་མཐོང་གིས་ཐོག་དང་པོར་བར་སྣང་ཁམས་ཀྱི་ལྗོངས་རིས་པར་བླངས་པ་ཁྱབ་བསྒྲགས་བྱས་ཤིང༌། པར་རིས་དེ་ལས་བར་སྣང་ཁམས་ཀྱི་ཆེས་གནའ་བོའི་འོད་དེ་ཀུན་ལ་འགྲེམ་སྟོན་བྱས་ཡོད་པ་རེད། {31}དེ་ལྟར་གོང་དུ་བཀོད་པའི་ཚན་རིག་པ་དེ་དག་གི་ལྟ་བ་དང་ཚན་རིག་གི་འབྲས་བུ་རྣམས་མདོར་བསྡུས་ན། ཚེ་སྲོག་ནི་དང་ཐོག་འོད་ཟེར་ལ་འབྲེལ་བ་ཡོད་པ་དང་ལྷག་པར་དུ་ཆུའམ་རྒྱ་མཚོ་ལས་བྱུང་བའི་ལྟ་བ་དེ་རིགས་ནི་བཤད་སྟངས་མི་གཅིག་པ་མ་གཏོག་མཛོད་ཀྱི་དགོངས་པ་དང་མཐུན་ཆ་ཡོད། ཡང་གོང་དུ་མཛོད་ཀྱི་དགོངས་དོན་བསྟན་པ་ལས་བཤད་པ་ལྟར། འགྲོ་བ་སེམས་ཅན་ཐམས་ཅད་ཐོག་མར་སངས་པོ་ཆུ་ལྕམ་གཉིས་སྲིད་པས། སྲས་མིང་པོ་དགུ་དང་སྲིང་མོ་དགུ་སྟེ་བཅོ་བརྒྱད་འཁྲུངས་ཤིང༌། དྲན་པས་“དེ་ལྟར་སྲིད་པ་ཕོ་དགུ་མོ་དགུའི། དཔྱལ་མོ་དགུ་དང་སྟངས་པོ་དགུ་ནི། ལུས་ཀྱི་རྫུ་འཕྲུལ་དུ་མ་བཤོས། སེམས་ཀྱི་ཆོ་འཕྲུལ་དུ་སྤྲུལ་པ་སྟེ། ཤ་ཁྲག་ཟས་སུ་མི་ཟ། ལྷབ་ལྷུབ་གོས་སུ་མི་གྱོན། འོད་དང་སྨིགས་་ཚུལ་དུ་གནས་ཤིང༌། མཚན་རྣམས་ནི་བདའ་ཡིས་དོན་བདོ་བ་ཙམ་ལས་ངེས་པ་མེད་དོ”{32}ཞེས་གསུངས་ཤིང༌། དེ་ནས་དེ་དག་གི་སྤྲུལ་བ་ལས་ལྕམ་དྲལ་བཅོ་བརྒྱད་བཅོ་བརྒྱད་བལྟམས་པ་ལས་འགྲོ་བ་རིགས་དྲུག་གྲོལ་ཚུལ་གསུངས་པ་ལས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཁུངས་གཅིག་ཡིན་ཚུལ་གསུངས་ཡོད་པ་རེད། མཛོད་དུ་ཡེ་ཤེས་ཀྱི་བཅུད་བསྟན་པའི་དུས་སུའང། “གཅིག་ལས་བཅུ་སྤྲོས་བརྒྱ་སྟོང་ལྟར། །ཁྲི་དང་འབུམ་འགྱུར་ཡེ་ཤེས་བཅུད། །”ཅེས་གསུངས་པ་ཕྱིར་དྲང་དོན་ལ་སྦྱར་ཆོག་པ་རེད།
      ཚན་རིག་གི་སྟེང་ནས་སའི་གོ་ལའི་སྟེང་གི་ཚེ་སྲོག་ཐ་དག་གི་ཆེས་སྔ་བའི་ཐུན་མོང་གི་མེས་པོ་སྟེ། ཐོག་དང་པོར་རང་ཉིད་བསྐྱར་བཟོ་ཐུབ་པའི་གདོད་མའི་ཕྲ་ཕུང་ནི་བར་སྣང་ཁམས་ཀྱི་དངོས་པོ98%འགྲུབ་བྱེད་ཀྱི་གཞི་རྒྱུ་ཆེན་པོ་དྲུག་གིས་གྲུབ་པ་ཡིན་ཏེ། གཞི་རྒྱུ་ཆེན་པོ་དེ་དྲུག་ནི་ཆིང་དང་ཧེལ། ཐཱན། ཏན། དབྱང༌། ནེན་བཅས་ཡིན། འོ་ན་སྐྱེ་མེད་གཞི་རྒྱུ་འདི་དག་གིས་ཚེ་སྲོག་ལྡན་པའི་གདོད་མའི་ཕྲ་ཕུང་ཇི་ལྟར་གྲུབ་པ་ཡིན་ཟེར་ན་དེ་ནི་ད་དུང་གསང་བ་ལྐོག་གྱུར་གྱི་གནས་སུ་ལུས་ཡོད་ནའང༌། དེང་དུས་རྒྱུད་རྒྱུ་ཞིབ་འཇུག་གི་ཕྱོགས་ནས་མིའི་འཕེལ་འགྱུར་དང་བྱུང་ཁུངས་ཀྱི་ཐད་ལ་བལྟས་ན། སྤྲ་མིའི་སྔོན་དུ་མིའི་རྒྱུད་རྒྱུ་ནི་སྲོག་ཆགས་མང་པོར་འདྲ་ས་ཡོད་པ་དང༌། དེར་མ་ཟད་ཤིན་ཏུ་དམའ་རིམ་ཡིན་པའི་སྲོག་ཆགས་བར་དུའང་འདྲ་ས་མང་པོ་ཡོད་པ་རེད། དཔེར་ན་མིའིDNAསྟེང་གི་སྒྲིག་རིམ་དང་ཆགས་ཚུལ་གྱི་ཕྱོགས་ནས་ཙི་གུ་དང་ཁྱིམ་བྱ་བར་འདྲ་ས་མང་སྟབས། ཚན་རིག་པ་ལ་ལས་ལོ་དུང་ཕྱུར་གསུམ་གྱི་སྔོན་དུ་མི་དང་ཙི་གུ ཁྱིམ་བྱ་རྣམས་ཐུན་མོང་གི་མེས་པོ་གཅིག་ནས་འཕེལ་འགྱུར་བྱས་ཡོང་བར་འདོད། ཡང་གནའ་དཔྱད་པས་ལོ་དུང་ཕྱུར་གསུམ་དང་བྱེ་བ་བདུན་གྱི་ལོ་རྒྱུས་ ཡོད་པའི་འགྱུར་རྡོར་བརྟག་ཞིབ་བྱས་རྗེས། མིའི་རིགས་འདུས་པའི་སྐམ་སར་འཚོ་བའི་སྒལ་ཚིགས་ལྡན་པའི་སྲོག་ཆགས་ཐམས་ཅད་ནི་ཉའི་རིགས་སུ་གཏོགས་པའི་ཡན་ལག་ཁྱད་པར་བ་ཞིག་ལས་ད་ནས་ཡར་བརྩིས་ན་ལོ་དུང་ཕྱུར་གསུམ་དང་བྱེ་བ་དྲུག་ས་ཡ་ལྔའི་སྔོན་དུ་འཕེལ་འགྱུར་བྱས་ནས་ཡོང་བར་འདོད། {33} འདིའི་སྟེང་ནས་ཀྱང་མཛོད་དང་ཚན་རིག་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་མེས་པོ་གཅིག་ལས་གྲོལ་ཚུལ་གསུངས་པ་གཉིས་ཕྱོགས་མཐུན་པར་སྣང་ངོ༌། །ཡངDNAསྟེང་ནས་མིའི་རིགས་ཀྱི་གྲོལ་ཁུངས་དེད་ཚེ་འཛམ་པོ་གླིང་གི་མི་ཡོད་ཚད་དང་ཐོག་མ་ཡུམ་དགུ་ལས་མཆེད་པར་བཤད་པ་དེའང་སངས་པོ་ཆུ་ལྕམ་གཉིས་ལས་སྲས་མིང་པོ་དགུ་དང་སྲིང་མོ་དགུ་ལས་འགྲོ་བ་མིའི་རིགས་གྲོལ་ཚུལ་བཤད་པ་གཉིས་མ་སྒྲིག་རང་འགྲིག་ཏུ་སོང་ཡོད་དོ། །
      ཡང་མཛོད་ལས། “མི་མཁན་མ་མོའི་སྤྲུལ་བ་ནི། །རྫི་བ་དུང་ཕྱུར་འོད་དང་བཤོས། །མི་རིགས་ལྕམ་དྲལ་བརྒྱད་དུ་བལྟམས། །”ཞེས་པ་སོགས་ཀྱི་དགོངས་དོན་ལ་མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོ་མཆོག་གི་ཞལ་ནས། “འཛམ་གླིང་གི་མི་གྲུང་ཤེས་མཆོག་ཏུ་གྱུར་པ་ནི། སྲིད་པ་ཡེ་སྨོན་འཕྲུལ་གྱི་རྒྱལ་པོ༼མང་བཀུར་རྒྱལ་པོ༽དང་ཆུ་རླུང་རྫུ་འཕྲུལ་མ་གཉིས་ཀྱི་སྲས་སུ་ཕྱ་ རྗེ་སྒམ་པོ་དང༌། དམུ་རྗེ་བཙན་པོ་དང༌། གཙུག་རྗེ་ཨོས་ཀོ་དང་གསུམ་བྱུང༌། ཕྱྭ་རྗེ་སྒམ་པོ་ལས་ཡེ་མཁྱེན་འཕྲུལ་གྱི་རྒྱལ་པོ། ཐུགས་དཀར་ཐུགས་དམར་དགུ་རྒྱུད། ཕྱ་རབས་མཆེད་བཞི་འཛམ་གླིང་གི་ཡུལ་ལྷ་གཞི་བདག་ཐམས་ཅད་གྲོལ། དམུ་རྗེ་བཙན་པོའི་གདུང་ལས། རྒྱལ་རིགས་བྲམ་ཟེའི་རིགས། རྗེའུ་རིགས་དམངས་རིགས་བཞི་བྱུང༌། རྒྱལ་རིགས་ཀྱི་རྒྱུད་ལ་འཁོར་ལོ་དབང་བསྒྱུར། དྲུམས་ཤིང་བཅུད་འཐུང༌། མེ་ཏོག་སྦུབས་གནས། སྨྲ་མི་གྲོང་བདུན་གྱི་མི་རྣམས་བྱུང༌། ཚེ་ལོ་ཉི་ཁྲིའི་དུས་སུ། རྗེའི་རིགས་ཀྱི་རྒྱུད་ལ་ཞང་ཞུང༌། ཏ་ཟིག བལ་བོའི་མི་རིགས་གསུམ་བྱུང། བྲམ་ཟེའི་རྒྱུད་ལས་ཀྱང་རྒྱ་གར། ཕྲོམ། ལི་བལ་གྱི་མི་རིགས་བྱུང༌། དམངས་རིགས་ཀྱི་རྒྱུད་ལ་ཐོད་དཀར། ཟ་ཧོར། གར་ལོག་གི་མི་རིགས་བྱུང༌། ཡང་ཚེ་ལོ་ཁྲི་དང་སྟོང་གི་བར་ཙམ་ན། ཐུགས་དཀར་བུ་དགུའི་གདུང་ལས་ཐུགས་དཀར་ལ་ཁྲའི་རྒྱལ་བུ་མཐེང་གེའི་སྲས་རྒྱུད་ལ་རྒྱ་བོད་ཧོར་གསུམ་གྱི་མི་རིགས་བྱུང་ཞེས་བཤད་པ་འདིས། རྒྱ་བོད་ཧོར་གསུམ་ནི་གདུང་རྒྱུད་གཅིག་པའི་སྤུན་ཟླ་ཡིན་པ་དང༌། དུས་མཉམ་པ་དང་དུས་ནི་ཚེ་ལོ་ཁྲི་བ་ཞེས་པར་མཛོད་རང་ལུགས་ཀྱི་མི་ལོ་ཉིས་བརྒྱ་ནས་གཅིག་ཕྲི་བའི་དབང་དུ་བྱས་ན། མི་ལོ་ཁྲི་ཕྲག་ཉིས་བརྒྱ་སྟེ། འབུམ་ཕྲག་ཉི་ཤུ་ཙམ་ཡིན་པ་ལུང་གིས་གྲུབ་ལ་སྟོན་པ་གཤེན་རབ་ཀྱི་གསུང་ལ་ཡིད་ཆེས་ན། ཞིབ་རྩིས་བྱས་ན་མ་མཐའ་ཡང་རྒྱ་བོད་ཧོར་གསུམ་གྱི་མི་རིགས་འདི་མི་ལོ་འབུམ་ཕྲག་དུ་མའི་སྔོན་ནས་བྱུང་ཞིང་རིགས་པས་ཀྱང་རྒྱ་བོད་ཧོར་གསུམ་གྱི་མི་རིགས་འདིའི་བཞིན་རས་དང་ལུས་ཚད་ཆེ་ཆུང༌། ས་གནས་ཀྱི་བབ་གང་ལ་བརྟག་ཀྱང་བློ་ངོར་མི་བདེ་བ་ཅི་ཡང་མེད་སྙམ་པ་ཞིག་འཆར་རོ། །”{34}གསུངས། དེ་ལ2000ལོའི་ཟླ11པའི་ཚེས20ཉིན་གྱི《འཚོ་བའི་ཚགས་པར》༼《生活时报》༽སྟེང་འདི་ལྟར་བཀོད་ཡོད་དེ། “རང་ཚགས་པར་གྱི་བརྡ་འཕྲིན༼གསར་འགོད་པ། 赵文立༽ལྟར་ན། རང་རྒྱལ་གྱི་ཚན་རིག་པ་དང་ཕྱི་རྒྱལ་ཁབ་ཀྱི་ཚན་རིག་པ་མཉམ་ལས་བྱས་པའི་ཞིབ་འཇུག་གི་འབྲས་བུ་གསར་བ་ཞིག་ལས་སྔོན་ཆད་ཚོད་དཔོག་བྱས་ནས་བཤད་པའི་དེང་རབས་ཀྱི་རྒྱ་མི་དང་བོད་མི་གཉིས་ཀྱི་མེས་པོ་གཅིག་ཡིན་པའི་སྨྲ་བ་དེ་གོམ་གང་མདུན་སྤོས་ཀྱིས་ར་སྤྲོད་བྱས་པ་རེད། མཚམས་སྦྱོར་བྱས་པ་ལྟར་ན། ཧྥི་ཏན་སློབ་ཆེན་དང་ཡུན་ནན་སློབ་ཆེན། ཨ་མེ་རི་ཁའི་ཏི་ཀྲིག་སློབ་ཆེན་དང་ཧ་ཧྥོ་སློབ་ཆེན། སི་ཏན་ཧྥི་སློབ་ཆེན་སོགས་སློབ་ཆེན་མང་པོ་ཞིག་གི་ཚན་རིག་པ་བཅུ་ཕྲག་ཅིག་མཉམ་ལས་བྱས་པའི་ཞིབ་འཇུག་འདིས་ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར22ཀྱི་རྒྱ་རིགས་མི་ཚོགས་དང༌། དེ་མིན་ཡུན་ནན་དང་བོད་ལྗོངས། མཚོ་སྔོན་སོགས་ཀྱི་བོད་རིགས་མི་ཚོགས་ཀྱི་ཕོ་རིགས་ཀྱི་ཚོས་ལེན་རྫས་ཕྲ༼染色体༽རིགསYཕན་ཚུན་བསྡུར་ཞིང་དབྱེ་ཞིབ་བྱས་ཚེ། རྒྱ་རིགས་མི་ཚོགས་དང་བོད་རིགས་མི་ཚོགས་ལ་ཐུན་མོང་གི་ཚོས་ལེན་རྫས་ཕྲ་རིགསYདམིགས་བསལ་ཅན་དེ་ཡོད་པ་རེད། ཚོས་ལེན་རྫས་ཕྲ་རིགསYདམིགས་བསལ་ཅན་དེ་ནི་འཛམ་གླིང་གི་མི་ཚོགས་གཞན་ན་ཤིན་ཏུ་མཐོང་དཀོན་པ་ཞིག་རེད། ཚོས་ལེན་རྫས་ཕྲ་རིགསYནི་ཕ་རྒྱུད་ནས་བརྒྱུད་པའི་ཚོས་ལེན་རྫས་ཕྲན性染色体རིགས་ཤིག་ཡིན་ཞིང༌། དེ་ནི་མིའི་རིགས་ཀྱི་བརྒྱུད་སྤེལ་ཁྲོད་བསྐྱར་ བཟློས་སུ་མི་འབྱུང་བ་ཞིག་ཡིན་སྟབས། མིའི་རིགས་བརྒྱུད་སྤེལ་གྱི་བརྡ་འཕྲིན་དེ་འགྱུར་བ་མེད་པར་གཏན་འཇགས་ངང་ཟིན་ཐོ་ལྟ་བུར་བཀོད་ཡོང་བ་རེད། དེ་ལ་ཞིབ་འཇུག་བྱས་ན་མིའི་རིགས་ཀྱི་འབྱུང་ཁུངས་དང་འཕེལ་འགྱུར་གྱི་གོ་རིམ་དེ་ཐད་ཀར་གསེད་འགྲོལ་ཐུབ་པ་རེད། ལོ་རབས80བའི་མགོར། ཚན་རིག་པས་ཁྲག་རིགས་དང་སྤྲི་དཀར་གྱི་རིགས། འཁོར་སྐར་ཕྲ་མོ་སོགས་བརྒྱུད་སྤེལ་གྱི་རྟགས་མང་པོར་ཞིབ་འཇུག་བྱས་པས། དེང་རབས་རྒྱ་མི་དང་དེང་རབས་བོད་མི་གཉིས་བརྒྱུད་སྤེལ་རིག་པའི་ཕྱོགས་ནས་ཤིན་ཏུ་འདྲ་ཉེ་ཡིན་པ་མཐོང་བར་བརྟེན་ཏེ་དེང་རབས་རྒྱ་མི་དང་དེང་རབས་བོད་མིའི་མེས་པོ་ནི་འབྱུང་ཁུངས་གཅིག་ཡིན་པར་ཚོད་དཔག་བྱས་ནས་བཤད་པ་རེད། གཞན་སྐད་བརྡ་རིག་པའི་ཞིབ་འཇུག་ཐད་ནས་ཀྱང“རྒྱ་བོད་ཁུངས་གཅིག”ཡིན་པའི་ལྟ་བ་དེ་ར་སྤྲོད་བྱས་པ་རེད། སྐད་བརྡ་རིག་པ་བ་རྣམས་ཀྱིས་དུས་སྔ་མོ་ཞིག་ནས་རྒྱ་སྐད་དང་བོད་སྐད་གཉིས་མིང་བརྡ་དང་བརྡ་སྤྲོད། སྐད་གདངས་སོགས་ཀྱི་ཕྱོགས་ནས་ཤིན་ཏུ་འདྲ་ཉེ་ཡིན་པ་མཐོང་སྟེ། དེ་དག་རྒྱ་བོད་སྐད་ཁོངས་སུ་གཏོགས་པར་བྱས་པ་རེད། རྒྱ་བོད་སྐད་ཁོངས་ནི་འཛམ་གླིང་ན་སྐད་རིགས360ཡོད་པ་ལས་ཧིན་རྡུ་དང་ཡོ་རོབ་གླིང་གི་སྐད་ཁོངས་རྗེས་ཀྱི་སྐད་ཁོངས་ཆེན་པོ་གཉིས་པ་ཡིན། སྐད་བརྡ་རིག་པའི་ཁྱད་ཆོས་ལྟར་རྒྱ་བོད་སྐད་ཁོངས་དེའང་རྒྱ་སྐད་དང་བོད་འབར་སྐད་ཁག་གཉིས་སུ་དབྱེ། བོད་སྐད་དང་ཡུན་ནན་གྱི་གྲངས་ཉུང་མི་རིགས་མང་ཤས་ཀྱི་སྐད་རིགས་ནི་བོད་འབར་སྐད་ཁག་ཏུ་གཏོགས་པ་རེད། ཚན་རིག་པས་ཀྲུང་གོ་དང་ཐེ་གོ འབར་མ། ཧིན་རྡུ་སོགས་རྒྱལ་ཁབ་ཀྱི་རྒྱ་བོད་སྐད་ཁོངས་མི་ཚོགས་ལས་ཕོ་རིགས་ཀྱི་ཚོས་ལེན་རྫས་ཕྲནYལ་ཞིབ་འཇུག་བྱས་པས། བོད་འབར་སྐད་ཁོངས་མི་ཚོགས་དང་རྒྱ་སྐད་མི་ཚོགས་ནི་ཧ་ལམ་ལོ6000དང་ལོ10000གི་སྔོན་དུ་ཀྲུང་གོའི་བྱང་ཕྱོགས་སུ་སོ་སོར་གྱེས་ཏེ། བོད་འབར་སྐད་ཁོངས་ཀྱི་མེས་པོ་ནི་རྨ་ཆུའི་སྟོད་དང་བར་རྒྱུད་ནས་ལྷོ་ཕྱོགས་སུ་སྤར་ཞིང༌། དེའི་ཁྲོད་ཀྱི་ཁག་ཅིག་ཡུན་ནན་དང་བོད་ལྗོངས་ཀྱི་ལྷོ་ཁུལ་དང་གླིང་ཆེན་ཨ་ཤེ་ཡའི་ཤར་ལྷོ་དང་ཨ་ཤེ་ཡ་ལྷོ་མའི་ས་ཁུལ་དུ་ཕེབས་ཏེ་དེང་གི་རྒྱ་བོད་སྐད་ཁོངས་མི་ཚོགས་ཀྱི་མེས་པོར་གྱུར་པ་དང༌། ཡང་དེའི་ཁྲོད་ཀྱི་ཁག་ཅིག་ནི་ཨ་ཤེ་ཡ་དབུས་མའི་མི་རིགས་སུ་འདྲེས་ཏེ་དེང་རབས་བོད་མིའི་མེས་པོར་གྱུར་པ་རེད། ཞིབ་འཇུག་ལས་གཞི་འདིའི་འགན་འཁུར་པ་གཙོ་བོ་སློབ་དཔོན་ཆེན་མོ་ཅིན་ལི金力ལགས་ཀྱི་ཞལ་ནས། འདི་ནི་འདུས་རྡུལ་བརྒྱུད་སྤེལ་རིག་པའི་ཕྱོགས་ནས་དེང་རབས་རྒྱ་མི་དང་དེང་རབས་བོད་མི་གཉིས་ཀྱི་འབྱུང་ཁུངས་ནི་མེས་པོ་གཅིག་ཡིན་པ་དེ་གསལ་བཤད་བྱས་ཞེས་གསུངས་སོ། །”
      དེ་ལྟར་དུ་ཡང་མཛོད་ལས་འགྲོ་བ་རིགས་དྲུག་ཏུ་གྲོལ་ཚུལ་ལས་དཔེར་ན་ཚྭ་དམྱལ་དང་གྲང་དམྱལ་སོགས་སུ་འཚོ་བའི་སེམས་ཅན་དེ་དག་གི་སྐྱེ་གནས་དང་ཚེ་ཚད། ལུས་ཚད་སོགས་ཀྱང་བསྟན་ཡོད་དེ། དྲན་པས“དང་པོ་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་ཀྱིས། །གནས་ཡུལ་དང་དབང་ཡུལ་ཐམས་ཅད། །ནམ་མཁའ་ལྟར་མཐའ་ཡས་པར་སྐྱེ་ཞིང་འཕེལ་ལོ། །རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད་ཀྱིས། །ཡུལ་ཐམས་ཅད་ཀྱི་རྣམ་པ་མཐའ་ཡས་པར་སྐྱེ་ཞིང་མཆེད་དོ། །”{35}ཞེས་གསུངས་པ་ལྟར། མཛོད་ལས་སེམས་ཅན་དེ་དག་ནི“སྤྲུལ་བ་གཞན་མཐོང་མ་གཏོགས་པ། །དེ་དག་གོང་ན་མཐོང་བ་མེད། །གནས་དང་གནས་འོག་ཅིག་སྲིད་པ། །དེ་དག་དེ་ཡི་གོང་ན་སྲིད། །”ཅེས་སོ། །སྔོན་ཆད་མི་རྣམས་ཀྱིས་ཚེ་སྲོག་ནི་ཆ་རྐྱེན་ལེགས་པའི་ཁོར་ཡུག་ཏུ་མ་གཏོག་གནས་མི་ཐུབ་པར་འདོད་ཀྱང༌། ད་ལྟ་ཚན་རིག་གི་སྟེང་ནས་སའི་གོ་ལའི་ཚེ་སྲོག་ཁྱད་པར་ཅན་གྱི་རྣམ་པ་རིམ་པར་གསར་དུ་མཐོང་བའི་སྟེང་ནས་ལྟ་ཚུལ་དེ་འགྱུར་བཞིན་ཡོད། ཚེ་སྲོག་དེ་དག་ནི་ཤིན་ཏུ་ངན་པའི་ཁོར་ཡུག་ཏུ་འཚོ་ཞིང༌། གལ་ཏེ་མཐར་སོན་གྱི་ཁོར་ཡུག་དེ་དང་བྲལ་ཚེ་གསོན་མི་ཐུབ་པས་དེ་དག་ལ་མཐར་སོན་སྐྱེ་དངོས་ཕྲ་རབས་སུ་འབོད། དཔེར་ན་ད་ལྟའི་བར་ཚ་གྲངས500Cཡན་བརྒལ་ཐུབ་པའི་ཕྲ་སྲིན་མང་བའི་སྲོག་ཆགས་དང་ཡང་ན་རྩི་ཤིང་གི་རིགས་ཤིག་རྙེད་སོན་མ་བྱུང་ནའང༌། ཕྱི་རྒྱ་མཚོ་ཆེན་མོའི་ཞབས་ཏེ་ཚ་གྲངས་ཤིན་ཏུ་མཐོ་བ3000Cཡིན་པའི་ཆུའི་ནང་དུའང་ཕྲ་སྲིན་སྣ་ཚོགས་འཚོ་གནས་བྱས་ཡོད་པ་གསར་དུ་མཐོང་ཞིང༌། དུས་སྔོན་ཚན་རིག་པ་རྣམས་ཀྱིས་སའི་གོ་ལའི་ལྷོ་སྣེའིvostokམཚོའི་ནང་དུ་སྐྱེ་དངོས་ཕྲ་རབས་ཡོད་པ་མཐོང་ཞིང༌། དེ་དག་ནི་སྨི་སུམ་སྟོང་ལྷག་ཡོད་པའི་དར་རིམ་གྱི་འོག་ཏུ་འཚོ་གནས་བྱས་པ་ཡོད་པ་ཆུའི་འཁྱག་ཚད་ནི་དར་ཚེགས་ལས་ཀྱང་དམའ་བ་རེད། དེ་བཞིན་དུ་གནོན་མཐོའི་ཁོར་ཡུག༼高压环境༽དང་རྩིབས་འཕྲོ་དྲག་པའི་ཁོར་ཡུག༼强辐射环境༽སོགས་སུའང་འབུ་ཕྲ་སོགས་འཚོ་གནས་བྱས་ཡོད་པ་གསར་དུ་མཐོང་བ་རེད། {36}
      ཡང་སྟོན་པ་གཤེན་རབ་ཀྱིས“སྟོང་གསུམ་འཇིག་རྟེན་ཕར་འདས་ན། །འཇིག་རྟེན་ཁམས་ཀྱང་བསམ་ལས་འདས། །”ཞེས་སོགས་གསུངས་པར་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛོད་འགྲེལ་ལས“གཉིས་པ་འཇིག་རྟེན་ཙམ་གྱི་གནས་ལུགས་ནི་གཡུང་དྲུང་ལས་རྣམ་དག་ལས། སེམས་ཅན་ལས་ལ་གྲངས་མང་ཕྱིར། སྟོང་གསུམ་འཇིག་རྟེན་ཁམས་གཞན་ཆགས་ཞེས་ཏེ། འོག་མིན་བར་དུ་ཆ་ཚང་བ་དང༌། མ་ཚང་བ་ཚངས་རིས་མན་ཆད་ལས་མེད་པ་དང༌། ཡར་བཀན་པ་དང་མར་ཁ་སྦུབ་དང་འཕྲེད་ཉལ་དང་ཟུར་ཕྱོགས་ཅན་དང་ཟླུམ་པོ་དང་ནར་མ་རིང་ཡུག་དང་ཉི་ཟླ་མེད་པའི་མུན་པར་གནས་པ་དང༌། ཉི་ཟླ་ཟུང་གཅིག་གིས་སྟོང་གསུམ་རངས་པ་ཀུན་ལ་གསལ་བྱེད་བྱེད་པ་དང༌། དགོས་ཁུང་ནས་འདི་དང་འདྲ་བར་ཉི་ཟླ་ཟུང་རེ་ཟུང་རེ་ཡོད་པ་དང༌། ཉི་ཟླ་མི་དགོས་པ་རང་གསལ་དུ་གནས་པ་དུ་མར་མདོ་སྡེ་གཞན་ནས་བཤད་དོ། །”ཞེས་གསུངས་ཤིང༌། དེ་ལ་གོང་དུ་བརྗོད་པའི་མཐར་སོན་སྐྱེ་དངོས་ཕྲ་རབས་དང་བར་སྣང་ཁམས་སུ་གང་ས་གང་དུ་ཚེ་སྲོག་འགྲུབ་བྱེད་ཀྱི་ཆེས་གཞི་རྩའི་གཞི་རྒྱུ་ཡོད་པ་ལ་སོགས་ཀྱི་སྟེང་དུ་སྐྱེ་དངོས་འཚོ་གནས་བྱེད་པར་དམིགས་བསལ་གྱི་ཁོར་ཡུག་ཅིག་ངེས་པར་མཁོ་བའི་ངེས་པ་མ་མཆིས་ཤིང་དེ་ལྟར་ན་བར་སྣང་ཁམས་ཀྱི་སྐར་མའི་གཞན་དང་གཞན་དུའང་ཚེ་སྲོག་ཡོད་སྲིད་པ་ཚན་རིག་པ་རྣམས་ཡིད་ཆེས་བཞིན་ཡོད་པ་དང་ཁོང་རྣམས་ཀྱིས་མུ་མཐུད་དུ་འཚོལ་ཞིབ་བྱེད་བཞིན་ཡོད་པ་རེད།

༢ རགས་ཙམ་དཔྱད་པ།

      སྤྱིར་ཆོས་ལུགས་ཀྱི་ཕྱོགས་ནས་ཚེ་སྲོག་གི་བྱུང་གནས་འགྲོ་གསུམ་ལ་གྲུབ་མཐའ་རང་རང་གི་ལྟ་བ་ལྟར་འགྲེལ་བ་སྣ་ཚོགས་ཤིག་རྒྱབ་ཡོད་ཀྱང༌། ཚན་རིག་གི་ཕྱོགས་ནས་བཤད་ན་ད་དུང་ཚེ་སྲོག་གི་གསང་བ་བརྟོལ་མེད་པར་མུ་མཐུད་དུ་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་ཏེ། 1991ལོར་ལྗར་པན་གྱི་ཚན་རྩལ་དུས་དེབ《ཚན་རིག་གི་ཞོགས་པའི་ཉི་གཞོན》ཞེས་པ་ལས་དེང་རབས་ཚན་རིག་གི་སྡེ་ནས་འགངས་ཆེའི་གནད་དོན་ཁྲོད་ནས་བདུན་འདེམས་ནས་དེ་དག་ནི་འཛམ་པོ་གླིང་ནས་དེང་རབས་ཚན་རིག་གི་ཕྱོགས་ནས་ལྐོག་ཏུ་གྱུར་པའམ་འགྲེལ་ཐབས་མེད་པའི་གནས་སུ་བཞག་ཡོད་པ་རེད། དེ་དག་གང་ཡིན་ཞེ་ན། 1.བར་སྣང་ཁམས་ཇི་ལྟར་གྲུབ་པ། 2.ཉི་མའི་ཁྱིམ་རྒྱུད་ཁྲོད་ཀྱི་རྒྱུ་སྐར་བཅུའི་གསང་བ། 3.ཚེ་སྲོག་ཇི་ལྟར་བྱུང་བ། 4.སྐྱེ་དངོས་ཀྱི་རྣམ་པ་ཇི་ལྟར་གྲུབ་པ། 5.གཏུམ་འབྲུག་ཇི་ལྟར་རྩ་མེད་དུ་སོང་བ། 6.མིའི་རིགས་ཇི་ལྟར་བྱུང་བ། 7.ཨེར་ཉེ་ནོའི༼El Niño Phenomenon༽སྣང་ཚུལ{37}་ཇི་ལྟར་བྱུང་བ། བཅས་སོ། །ནུབ་ཕྱོགས་སུ་འཕེལ་འགྱུར་སྨྲ་བ་དང་འགལ་ཟླར་ལངས་པ་ནི“ལྷ་དབང་ཕྱུག་གིས་འཇིག་རྟེན་བསྐྲུན་པའི”སྨྲ་བ་དེ་ཡིན་ལ། “ལྷ་བཟོས”སྨྲ་བ་དེའི་ལྟ་བ་ནི“དངོས་རིགས་འགྱུར་མེད”དུ་འདོད་པ་སྟེ་དབང་ཕྱུག་གིས་གནའ་དང་པོ་འཇིག་རྟེན་བཟོ་སྐབས་དངོས་པོའི་རིགས་ཅི་འདྲ་ཞིག་བཟོས་པ་ཡིན་ན་ད་ལྟའང་འཇིག་རྟེན་ན་དངོས་པོའི་གྲངས་ཀ་དེ་ཙམ་ལས་མེད་པར་འདོད་དོ། །དེ་དང་བསྡུར་ན་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་མཛོད་ལས་སྣོད་བཅུད་གང་ཡང“བྱེད་པ་མེད་དེ་རང་བཞིན་སྲིད”ཅིང༌། བྱེད་པོ་རུ་སྨྲ་བའི“སངས་པོ་ཆུ་ལྕམ”གཉིས་ཀྱང་ངོ་བོ་འབྱུང་བ་ལྔའི་རང་བཞིན་དུ་ངེས་ལ། སེམས་ཅན་ལའང་འདི་ཙམ་གྱི་གྲངས་མེད་པར་མཐའ་ཡས་པ་རྣམས་སྤྱི་དང་བྱེ་བྲག་རང་རང་གི་ལས་ལས་སྐྱེ་གནས་རིགས་དྲུག་ཏུ་ལུས་མ་ངེས་པར་སྣ་ཚོགས་སུ་ལེན་པ་མ་ཟད་ཐམས་ཅད་རྟེན་འབྲེལ་དང་རྒྱུ་འབྲས་ཀྱི་ཆོས་ཉིད་དུ་གྲུབ་ཡོད་པར་གསུངས་པ་ནི་འཕེལ་འགྱུར་སྨྲ་བ་ལའང་མི་མཐུན་པ་མེད།
       གཞན་ཡང་མཛོད་ལས“བསྐལ་བ་རྣམ་པ་མང་བཤད་ཀྱང༌། །”ཞེས་པ་ནས“བར་གྱི་བསྐལ་བ་དཔག་མེད་ནས། །ཚེ་ལོ་བཅུ་ཡི་བར་དུའོ། །དེ་ནས་ཡར་སྐྱེ་བ་དང་མར་འབྲི་བ། །བསྐལ་བ་གཞན་ནི་བཅོ་བརྒྱད་དང༌། །ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། །དེ་དག་ཚད་ནི་བརྒྱད་ཁྲིའི་བར། །ཇི་ལྟར་འཇིག་རྟེན་ཆགས་པ་འདི། །བསྐལ་བ་ཉི་ཤུར་གནས་པ་ཡིན། །”ཞེས་གསུངས་པའི་ཆགས་པའི་བསྐལ་བ་དེ་ནི། ཚེ་ལོ་དཔག་མེད་ནས་བཅུ་ལ་ཐུག་པར་མར་འགྲིབ་པ་ལ་ཡ་ཐོག་རིང་མོ་དང༌། དེ་ནས་བཅུ་བ་ནས་ཡར་སྐྱེ་བ་བརྒྱད་ཁྲི་དང་བརྒྱད་ཁྲི་ནས་མར་འགྲིབ་སྟེ་བསྐལ་བ་བཅོ་བརྒྱད་བྱུང་བ་ལ་བར་གྱི་ཁུག་པ་བཅོ་བརྒྱད་ཟེར། དེ་ནས་བཅུ་ལས་ཡར་སྐྱེ་བ་བརྒྱད་ཁྲི་ལ་ཐུག་པའི་རྐྱང་བ་གཅིག་ལ་མ་ཐོག་ཐུང་ངུ་ཟེར། དེ་ལྟར་འཇིག་རྟེན་ཆགས་པའི་ཡུན་ནི་བར་བསྐལ་ཉི་ཤུ་ཡོད་པར་གསུངས་ཤིང༌། དེའི་རིང་ལ་སེམས་ཅན་གྱིས་བསྡུས་པའི་བཅུད་ཀྱང་ཡུན་ནས་ཡུན་དུ་གནས་སྲིད་པར་འདོད་དེ། དོན་དུ་ཡར་སྐྱེ་མར་འགྲིབ་བཤད་པ་འདི་ནི་ཚེ་སྲོག་ནི་གཏན་འཇགས་སུ་འཕེལ་ཡོང་བ་ཞིག་མ་ཡིན་པར་ད་ལྟའི་བར་དུའང་རང་བྱུང་གི་གནོད་པ་ཚབས་ཆེན་གང་མང་ཐེབས་ནས་ཆགས་འཇིག་མང་པོ་ཞིག་བྱུང་མྱོང་ཡོད་པ་ནི་གཏུམ་འབྲུག(恐龙)རྩ་མེད་དུ་སོང་བའི་སྟེང་ནས་ཀྱང་ཤེས་ཐུབ་པ་ཡིན། ཡིན་ནའང“ཚེ་སྲོག་ནི་སླར་སྐྱེ་ཐུབ་པ་ཞིག་ཡིན་ལ། དེར་ཁོར་ཡུག་གི་མཐུན་རྐྱེན་འཛོམས་ཚེ་ནམ་ཡིན་ཡང་བསྐྱར་འབྱུང་ཐུབ་པ་རེད། སའི་གོ་ལའི་སྟེང་དུ་ཚེ་སྲོག་ཐེངས་འགའ་ཞིག་བྱུང་མྱོང་བ་ནི་ཚན་རིག་གིས་བདེན་དཔང་བྱས་ཡོད་དེ། སའི་གོ་ལར་ལོ་ཐེར་འབུམ་བཞི་དང་དུང་ཕྱུར་དྲུག་ཡོད་པའི་ལོ་རྒྱུས་ཁྲོད་དུ་ཕལ་ཆེར་ལོ་ཐེར་འབུམ་གཅིག་གི་སྐབས་སུ་ཚེ་སྲོག་བྱུང་ཡོད་ཀྱང༌། ཚེ་སྲོག་ནི་སྟོབས་ཆུང་ལ་ཉམས་ཞེན་པས་ཁོར་ཡུག་གི་ཆག་སྒོའི་ཁྲོད་དུ་རྩ་མེད་དུ་སོང་བ་རེད། ཡིན་ནའང་ནམ་ཞིག་ཁོར་ཡུག་གི་ཆ་རྐྱེན་འཛོམས་ཚེ་ཚེ་སྲོག་ཡང་བསྐྱར་བྱུང་བ་སྟེ། ཆེས་མཐའ་མཇུག་ནི་ལོ་བྱེ་བ་གཅིག་དང་ས་ཡ་ལྔའི་སྔོན་དུ་གཏུམ་འབྲུག་རྩ་མེད་དུ་སོང་བ་དང༌། ད་ལྟ་བལྟས་ཚེ་སྐྱེ་དངོས་མང་ཆེ་བ་ནི་ལོ་བྱེ་བ་གཅིག་དང་ས་ཡ་ལྔའི་སྔོན་དུ་བྱུང་བའི་ཆག་སྒོ་དེའི་རྗེས་སུ་སླར་ཡང་བྱུང་བ་རེད། དེ་འདྲ་ཞིག་ཡིན་ཀྱང་མིག་སྔར་བར་དུ་ས་རྒྱུས་ཀྱི་ཤུལ་རྗེས་སྟེང་ནས་ལོ་བྱེ་བ་གཅིག་དང་ས་ཡ་ལྔའི་སྔོན་དུ་རིག་པ་དང་ལྡན་པའི་ཚེ་སྲོག་དང་ཤེས་རིག་གི་སྤྱི་ཚོགས། ཚན་རྩལ་གྱི་སྤྱི་ཚོགས་ཤིག་བྱུང་མེད་པ་ནི་འགྱུར་རྡོའི་སྟེང་ནས་ཤེས་ཐུབ་པ་རེད། ”{38}ཞེས་རང་རྒྱལ་གྱི་མཚན་སྙན་གྲགས་ཆེ་བའི་གནམ་རིག་པ་བ་སྐུ་ཞབས་ལི་ཅིན་ལགས་ཀྱིས་དེ་ལྟར་གསུངས་སོ། །
       དེའི་སྐོར་ལ་སྒ་སྟོན་གྱིས་ཀྱང“འབྱུང་བ་ལྔ་ལས་ཀུན་ཀྱང་སྤྲུལ་ཏེ་གཟུགས་མེད་ལྷ་དང་བར་དོ་ཡང་ནམ་མཁས་གོ་ཕྱེ་བ་ལས་འབྱུང་ངོ༌། །རྫུ་འཕྲུལ་འོད་ལས་ཡས་ཆགས་ཏེ་ད་ལྟའི་བསྐལ་བ་འདི་འོད་གསལ་གྱི་ལྷ་ལས་བབས་པར་བཤད་པས་འདིའི་གོང་དུ་མེའི་འཇིགས་པ་འབྱུང་པར་མངོན་ནོ། །”{39}གསུངས་ཤིང༌། སྐུ་ཞབས་ལི་ཅིན་ལགས་ཀྱིས་ཀྱང་ཤེས་རིག་གི་སྤྱི་ཚོགས་ཤིག་སའི་གོ་ལའི་ལོ་རྒྱུས་སྟེང་དུ་སྔོན་ཆད་ཀྱང་བྱུང་མྱོང་ཡང་དེ་དག་ཐམས་ཅད་མཇུག་ཟིན་པ་དང༌། སའི་གོ་ལའི་ལོ་རྒྱུས་དང་བསྡུར་ན་ཤེས་རིག་གི་སྤྱི་ཚོགས་བྱུང་བ་དེ་ནི་དུས་ཡུན་ཤིན་ཏུ་ཐུང་སྟེ། གལ་ཏེ་སའི་གོ་ལའི་སྟེང་དུ་ཐེངས་དང་པོར་ཚེ་སྲོག་བྱུང་བ་ནས་ད་བར་དུ་ལོ་གཅིག་ཡིན་པའི་ཆ་བཞག་ན། གཏུམ་འབྲུག་ནི་ལོ་དེའི་ནང་ཟླ12པའི་ཚེས1ཉིན་བྱུང་བ་ཡིན་པ་དང༌། ཟླ12པའི་ཚེས25ཉིན་གཏུམ་འབྲུག་རྩ་མེད་དུ་སོང་བ་ཡིན་ཞིང༌། མིའི་རིགས་ནི་ཟླ12པའི་ཚེས25ཉིན་བྱུང་བ་དང༌། ལོ་ངོ་དྲུག་སྟོང་གི་མིའི་རིགས་ཤེས་རིག་གི་ལོ་རྒྱུས་ནི་ཟླ12པའི་ཚེས31ཉིན་གྱི་ཆུ་ཚོད23དང་སྐར་མ59ཙམ་ཡིན་པར་གསུངས་སོ། །{40}
      ཞར་བྱུང་དུ་སྨྲ་བ་ཞིག་ལ། གོང་དུ་བཀོད་པ་ལྟར་འགྲོ་བ་མིའི་རིགས་ནི་བོན་གྱི་མཛོད་སོགས་ལས་འོད་གསལ་གྱི་ལྷ་ལས་མཆེད་པར་བཤད་པ་འདིར་ང་ཚོས་དངོས་གཙོ་རིང་ལུགས་ཀྱི་ཕྱོགས་ནས་སམ་ཡང་ན་དེང་དུས་ཚན་རིག་པ་མང་ཤོས་ཀྱིས་འདོད་པའི་མིའི་རིགས་ནི་གནའ་སྤྲ་ནས་འཕེལ་འགྱུར་བྱས་ནས་ཡོང་བ་ཡིན་ཞེས་པའི་ལྟ་ཚུལ་ངོས་ནས་བཤད་ན་ཤིན་ཏུ་དགོད་བྲོ་བ་ཞིག་ཏུ་འདུག་མོད། འོན་ཀྱང་དེང་དུས་ཚན་རྩལ་གོང་དུ་འཕེལ་བ་དང་ཞིབ་འཇུག་གཏིང་ཟབ་ཏུ་སོང་བ་དང་བསྟུན་ནས་ལོ་བརྒྱ་ཕྲག་ཅིག་གི་རིང་ལ་ཚན་རིག་པའི་སྡེ་ལ་དབང་བསྒྱུར་བའི་ཏུར་ཝུན་གྱི་མིའི་རིགས་འཕེལ་འགྱུར་སྨྲ་བའི་ལྟ་ཚུལ་དེར་ཡང་ཕྱོགས་སོ་སོ་ནས་རྒོལ་ལན་ཐེབས་ཡོང་བ་རེད། དེ་དག་མདོར་བསྡུས་ན།
       ༡གནའ་སྤྲ་རྣམས་ནགས་ཚལ་ལས་རྩྭ་ཐང་དུ་འབབ་དགོས་པའི་སྒྲུབ་བྱེད་སྟོང་བར་གྱུར་པ་རེད། འཕེལ་འགྱུར་སྨྲ་བའི་ལྟ་ཚུལ་ལྟར་ན། གནའ་སྤྲ་སྐོར་ཞིག་མིར་འགྱུར་བའི་ཆ་རྐྱེན་གཙོ་བོ་ནི་གླིང་ཆེན་ཨ་ཧྥེ་རི་ཁ་ལྷོ་ཕྱོགས་སུ་གྲོག་རོང་ཆེན་པོ་ཞིག་བྱུང་པ་དེས་རང་བྱུང་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་ཚ་ཁུལ་གྱི་ནགས་ཚལ་སྟུག་པོ་དེ་དག་ཉམས་པས་གནའ་སྤྲ་རྣམས་སྡོང་མགོ་ནས་རྩ་ཐང་དུ་མི་འབབ་ཐབས་མེད་གྱུར་ཏེ་རིམ་བཞིན་ཡར་ལངས་ནས་འགྲོ་དགོས་བྱུང་བས་གཞི་ནས་མིར་གྱུར་པ་རེད་ཟེར། {41} ཡིན་ནའང་དེ་སྔོན་ཨ་རིའི་དབྱི་ལའོ་སློབ་ཆེན་གྱི་༼美国耶鲁大学༽ཅིན་སི་ཏུང་གནའ་དཔྱད་རུ་ཁག་གིས་ཨ་ཧྥེ་རི་ཁ་ཤར་མའི་ས་རྒྱུས་དང་ཁ་དབུགས་ལ་ཞིབ་ཏུ་བརྟག་དཔྱད་ཞིབ་འཇུག་བྱས་རྗེས་མཐོང་བ་ནི། ལོ་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་ལྔའི་གོང་དུ་ཁེན་ནི་ཡའི་གྲོང་རོང་ཆེན་པོའི་ས་ཁུལ་དེའི་རྣམ་པ་ནི་དེང་གི་དུས་དང་ཁྱད་པར་མེད་པས་འདིས་གོང་དུ་ས་དེའི་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཚུལ་བཤད་པ་དེ་བདེན་མེད་དུ་བཏང་བ་རེད།
      ༢ གནའ་དཔྱད་རིག་པའི་ཕྱོགས་ནས་སྤྲ་དང་མི་གཉིས་མེས་པོ་གཅིག་ཡིན་པའི་སྒྲུབ་བྱེད་ཀྱི་དཔང་རྟགས་ཞན་པ་རེད། སྤྲ་མི་མེས་པོ་གཅིག་པའི་ལྟ་ཚུལ་དེ་ནི་གཙོ་བོ་གནའ་བོའི་འགྱུར་རྡོ་ལ་བརྟེན་པ་རེད། ཡིན་ནའང་མིའི་རིགས་ཀྱི་འགྱུར་རྡོ་དེ་གོང་དུ་ཡར་འདེད་བྱས་པ་ཇི་ལྟར་སྔ་ན་དེའི་ཕྱོགས་ཀྱི་འགྱུར་རྡོ་དེ་ལྟར་དུ་དཀོན་པ་རེད། དེར་མ་ཟད་གནའ་དཔྱད་ཀྱིས་ཚད་འཇལ་གཏན་འཁེལ་བྱེད་པའི་ཕྱོགས་ནས་ཀྱང་ལོ་ལ་ཧེ་བག་ཆེན་པོ་བརྒྱུགས་པ་སོགས་དེང་གི་ཚན་རིག་པ་མང་ཤོས་ཤིག་གིས་དེར་སྒྲུབ་བྱེད་དཀོན་ཅིང་ཐ་ན་སོ་གཅིག་གཉིས་རེ་དང་རུས་པ་ཆག་དུམ་རེ་གཉིས་ཀྱི་སྟེང་ནས་མིའི་རིགས་ཀྱི་ལོ་རྒྱུས་འབུམ་ཕྲག་མང་པོར་ཁུངས་འདེད་དང་སྡོམ་ཚིག་འགོད་པ་དེར་མི་རློམ་པ་རེད། 
      ༣ མིའི་རིགས་ནི་གནའ་སྤྲ་ནས་འཕེལ་འགྱུར་ཡོང་བའི་ལྟ་བ་འདི་ནི་སྐྱེས་དངོས་འཕེལ་འགྱུར་སྨྲ་བའི་ཆོས་ཉིད་དང་འགལ་བ་རེད། ཚན་རིག་པས་ཁྲག་ཁུའི་ནང་གི་སྤྲི་དཀར་འདུས་རྡུལ་གྱི་ཁྱད་པར་ལ་དཔྱད་འཇལ་བྱས་པ་ལྟར་ན། མི་དང་ད་ལྟའི་སྤྲ་ཆེན་དང་སྤྲ་ནག་རྣམས་ཤིན་ཏུ་ཉེ་བ་དང༌། ཕལ་ཆེར་ལོ་བྱེ་བ་བཞིའི་སྔོན་དུ་སོ་སོར་གྱེས་བར་འདོད། ཡིན་ནའང་ལོ་བྱེ་བ་བཞིའི་རིང་དུ་སྤྲ་ཆེན་དང་སྤྲ་ནག་ལ་ཕལ་ཆེར་འགྱུར་ལྡོག་ཅི་ཡང་མེད་པ་དང་ད་ལྟའི་འཕེལ་ཚད་འདི་ལྟར་ན་ད་ནས་ལོ་བྱེ་བ་བཞི་སོང་ཡང་མིར་ནམ་ཡང་འགྱུར་ཐབས་མེད་པ་རེད། དེས་ན་འཕེལ་འགྱུར་སྨྲ་བ་ནི་སྐྱེ་དངོས་ཡོངས་ལ་འཕྲོད་པའི་ཆོས་ཉིད་ཅིག་ཡིན་པའི་ཆ་ནས་གནའ་སྤྲ་སྐོར་ཞིག་མིར་གྱུར་ན་གཞན་དག་མིར་འགྱུར་བཞིན་པའམ་ཡང་ན་འགྱུར་མི་ཐུབ་པའི་རྒྱུ་མཚན་ཅི་ཞེས་དོགས་པ་ཟ་བཞིན་ཡོད།
      ༤ འཛམ་གླིང་སྟེང་གི་མི་རྒྱུད་རིགས་བཞི་བྱུང་བའི་བཤད་ཚུལ་དེ་འཕེལ་འགྱུར་གྱི་ཆོས་ཉིད་དང་འགལ་བ་རེད། སྤྱིར་མིའི་རིགས་རྒྱུད་ལ་མི་དཀར་པོ་དང་སེར་པོ། ནག་པོ། རྫ་མདོག་བཅས་བཞི་ཡོད་པ་རྣམས་སྤྲ་སེར་དང་སྤྲ་དཀར། སྤྲ་ནག རྫ་མདོག་གི་སྤྲ་བཅས་བཞི་ལས་འཕེལ་འགྱུར་བྱུང་བ་ཡིན་པ་ཞིག་ཆགས་འདུག་མོད། འོན་ཀྱང་དོན་དངོས་སུ་འཕེལ་འགྱུར་སྨྲ་བའི་བཤད་ཚུལ་ལྟར་ན་གནའ་སྤྲ་སྐོར་ཞིག་མིར་གྱུར་པ་མ་གཏོགས་མདོག་མི་གཅིག་པའི་སྤྲ་རིགས་་མང་པོ་ཞིག་མིར་གྱུར་ཚུལ་བཤད་ཀྱི་མེད་པ་མ་ཟད། མི་རྒྱུད་རིགས་བཞི་འཚོ་བའི་གནས་ཁུལ་ནས་བཤད་ཀྱང་ཚ་ཁུལ་གྱི་མི་རྣམས་དཀར་པོ་ཡིན་དགོས་ཀྱང་ནག་པོ་ཡིན་པ་སོགས་སྐྱེ་དངོས་འཕེལ་འགྱུར་གྱི་ཆོས་ཉིད་དང་འགལ་པ་རེད།
      དེ་ལྟར་མིའི་རིགས་ཀྱི་མེས་པོ་ནི་སྤྲ་ཡིན་མི་སྲིད་པའི་སྒྲུབ་བྱེད་གཞན་དང་གཞན་ཡང་མང་དུ་ཡོད་དོ། །དེ་བས་ན་བོན་གྱིས་འགྲོ་བ་མིའི་རིགས་འོད་གསལ་གྱི་ལྷ་ལས་མཆེད་པར་འདོད་པ་འདིར་ཡང་ང་ཚོས་སྔ་མོ་ནས་འཕོངས་ཕྱིས་རྡོ་བཞིན་དུ་རིང་དུ་འཕེན་པའམ་དགག་བཞག་བྱ་རྒྱུར་རྔམ་མི་དགོས་པར་ད་དུང་བརྟག་རྒྱུ་ཡོད་དེ། གནས་ལུགས་ལ་ལ་ཞིག་བཤད་སྟངས་མ་མཐུན་པ་མ་གཏོགས་ཚན་རིག་དང་འབེབས་སའི་གནས་གཅིག་ཡིན་པ་དཔེར་ན་ཚེ་སྲོག་གི་བྱུང་ཁུངས་ཐད་ནས་ཀྱང་འོད་ལ་འབྲེལ་བ་ཡོད་ཚུལ་སྔོན་ནས་བཤད་པ་བཞིན་ལགས་ཤིང༌། གཞན་ཡང་ཚན་རིག་གི་དཔྱད་འབྲས་གང་ཡང་གསལ་ཐག་མ་ཆོད་ཀྱི་བར་དུ་ཚན་རྩལ་གྱི་འབྲས་བུ་གསར་བ་དག་ལ་བརྟེན་ནས་དཔྱད་དཔག་སྔ་མ་སྔ་མ་རྣམས་བདེན་མེད་དུ་གཏོང་བཞིན་ཡོད་པས་སོ། །

མཇུག་བསྡུ་བ།

      ང་ཚོ་ཚང་མས་གནའ་ནས་བྱུང་བའི་དངོས་པོའམ་གནས་ལུགས་ཤིག་ཡིན་ཕྱིན་ཐམས་ཅད་སླ་ཆོས་ཤིག་དང་འགྲེལ་མི་ཐུབ་པ་མེད་སྙམ་པའི་བསམ་བློ་ཞིག་ངང་ལ་ཆགས་ཡོད། ཡིན་ནའང་དོན་དངོས་ནི་དེ་ལྟ་མ་ཡིན་པར་གནའ་དུས་ཐབས་ཆག་གི་ཆ་རྐྱེན་འོག་བྱུང་བ་སྐོར་ཞིག་ཚན་རིག་བླ་ན་དར་བའི་དེང་གི་དུས་སུའང་མི་རྣམས་ལྐོག་གྱུར་གྱི་གནས་སུ་ཚུད་ཡོད་པ་དཔེར་ན་གནའ་རབས་ཨེ་ཅིབ་ཀྱི་གཏོར་གཟུགས་མཆོད་རྟེན་དང་མ་ཡཱ་ཤེས་རིག་སོགས་ལྟ་བུ་གནའ་བོའི་མུན་པའི་ཁམས་ནས་བློ་ཡིད་ལས་་འགོང་བའི་ཤེས་རིག་གི་མེ་སྟག་ལན་རེ་འཕྲོ་བའི་ནང་དུ་རང་རེ་ཞང་བོད་ཤེས་རིག་ལའང་འགྲེལ་ཐབས་མེད་པའི་འོད་སྣང་མི་ཉུང་བ་ལྡན་པ་ནི་ཚད་མར་གྲུབ་ཡོད། དེས་ན་གཤེན་རབ་ཀྱིས་དུས་སྐབས་དེའི་རིག་པའི་ཆུ་ཚད་ལས་བརྒལ་ཞིང་ཚན་རིག་དང་མཐུན་པའི་གསུང་མང་དུ་གནང་འདུག་པ་ནི་ཤིན་ཏུ་ནས་ཀྱང་ངོ་མཚར་ཆེའོ། །ང་རང་སྐད་ཆ་འདི་ལ་ཤིན་ཏུ་ནས་འཐད་དེ། “ལོ་རྒྱུས་ཞིབ་འཇུག་གི་ནུས་པ་ནི‘ཤུལ་རྗེས’དེ་སྤེལ་བ་ཡིན་ལ། ‘རྟོགས་བཏགས’ཀྱིས་སྤེལ་བ་ཞིག་ཀྱང་ཡིན། རྩོམ་རིག་གིས‘རྟོགས་བཏགས་ཀྱི་སྒོ་ནས་སྤེལ་བའི’ནུས་པ་དེས་ལོ་རྒྱུས་ཀྱི‘ཤུལ་རྗེས་སྤེལ་བའི’ནུས་པ་དེ་ཁ་སྐོང་ཐུབ་པ་རེད། ཚན་རིག་གི་རང་བཞིན་མེད་ན་ལོ་རྒྱུས་ཀྱི་བདེན་ཁ་ཤོར་འགྲོ་བ་དང༌། རྩོམ་རིག་གི་རང་བཞིན་མེད་ན་ལོ་རྒྱུས་ལ་མདངས་ཡལ་བ་རེད། ”{42}ཞེས་སོ། །
       བོན་གྱི《སྲིད་པའི་མཛོད་ཕུགས》ནི་རང་བཞིན་དེ་ལས་མ་འདས་ཏེ། སྟོན་པ་གཤེན་རབ་ཀྱིས་སྲིད་པའི་ཆགས་རབས་སྐོར་འདི་གསུངས་པའི་དུས་སུའང་ཕྱོགས་གཅིག་ནས་སྐབས་དེའི་ཁོང་གི་སློབ་བུ་དང་མི་རྣམས་ཀྱི་ཁམས་ལ་བསྟུན་ནས“རྟོགས་བཏགས”ཀྱི་ཐབས་སམ་རྩོམ་རིག་གི་རྣམ་པ་སྟེ“སངས་པོ་ཆུ་ལྕམ”སོགས་ཀྱི་གཏམ་རྒྱུད་ལ་སྦྱར་ནས་གསུངས་ཤིང༌། ཡང་ཕྱོགས་གཅིག་ནས་ཡང་དག་རིག་པའི་གནས་ལུགས་སམ་ཚན་རིག་གི་བདེན་ཁ་མ་ཤོར་བར་དེའི“ཤུལ་རྗེས”ཇི་བཞིན་དུ་སྤེལ་ཡོང་བ་རེད། མདོར་ན་ངས་གོང་ནས་མཛོད་ཕུགས་ཀྱི་དགོངས་དོན་དང་ཚན་རིག་གི་ལྟ་ཚུལ་གཉིས་གོ་བསྡུར་ཁུལ་གྱིས་མདོ་ཙམ་དཔྱད་པ་བཏང་ཡང་ཁོ་བོར་གཅིག་ནས་སྲོལ་རྒྱུན་རིག་གནས་ལ་ཐོས་པ་ཕྲ་ཞིང་གཉིས་ནས་དེང་རབས་ཚན་རིག་གི་ཤེས་བྱ་ལའང་སྦྱང་བ་དམན་པ་སྟེ། བརྗོད་བྱ་འདི་ལྟ་བུ་ཞིག་གླེང་བ་ལ་མ་མཐའ་ཡང་དེང་རབས་གནའ་དཔྱད་རིག་པ་དང་སྐྱེ་དངོས་རིག་པ། གནམ་རིག་པ། དངོས་ལུགས་རིག་པ། རྫས་འགྱུར་རིག་པ་སོགས་ཕྱོགས་ཀྱི་རྨང་གཞི་ཤེས་བྱ་དགོས་པ་དཔེར་ན་ཚེ་སྲོག་གི་བྱུང་བ་དེ་འདྲེས་འགྱུར་རྫས་དང་འབྲེལ་བ་ཡོད་པས། དེ་ལ་ཇི་སྐད་དུ“འདྲེས་འགྱུར་རྫས་གང་ཡིན་ཀྱང་ཐམས་ཅད་ངེས་གཏན་གྱི་དངོས་ལུགས་དང་རྫས་འགྱུར་གྱི་ཁོར་ཡུག་ལས་བྱུང་བ་རེད། འདིའི་ཕྱོགས་ཀྱི་ཤེས་བྱ་ལ་ཐོས་པ་ཕྲ་ན་རང་བྱུང་དོ་མཉམ་ཞེས་པའང་ཅི་ཡིན་པ་རྟོགས་དཀའ་ལ། དེ་ནི་དཔེར་ན་ཧྲ་ཧྲི་པེ་ཡཱ་ལྟར་དབྱིན་ཡིག་བྱང་ཆུད་པ་ཞིག་མ་མཁྱེན་ན《ཧ་མུ་ལེ་ཐེ》ལྟ་བུའི་འཛམ་གླིང་ན་སྙན་པའི་གྲགས་པ་འབར་བའི་བརྩམས་ཆོས་དེ་ལྟ་བུ་ཞིག་ཀྱང་བརྩམ་དཀའ་བ་རེད། ”{43}ཅེས་གསུངས་པ་ལྟར་བདག་གིས་མི་ཤེས་བཞིན་དུ་ཚིག་ཟིན་རེ་ལ་བརྟེན་ནས་འདི་ལྟ་བུ་ཞིག་བྲིས་པ་ནི་མཁས་རྣམས་དགྱེས་པའི་མཆོད་པའི་ཟས་སུ་འགྲོ་མི་སྲིད་ནའང་འདི་ཙམ་ཡང་ཁོང་རིགས་དེའི་ཕྱོགས་ལ་ཞིབ་འཇུག་གི་ཕྱག་སོར་ཡངས་པའི་དྲན་སྐུལ་དང་བློས་བསླང་གི་རྐྱེན་དུ་འགྲོ་བའི་རྒྱུར་གྱུར་ཅིག་གུ། 

        མཆན།
{1}{6}{26}སྟོན་པ་གཤེན་རབ་ཀྱི་བཀའ། 《སྲིད་པའི་མཛོད་ཕུགས》 [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། 2008.11
{2}འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི《ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ་བཞུགས》[M]གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། དེབ་བཅུ་གཉིས་པ། མི་རིགས་དཔེ་སྐྲུན་ཁང༌། 2010.9
{3}{14}{16}{20}{25}མཉམ་མེད་ཤེས་རབ་རྒྱལ་མཚན། 《སྣང་སྲིད་མཛོད་ཕུགས་ཀྱི་གཞུང་དང་འགྲེལ་བ་འཕྲུལ་གྱི་སྒྲོན་མེ་བཞུགས་སོ》 [M] སྣང་ཞིག་བོན་གྱི་བཤད་སྒྲུབ་སློབ་གླིང༌། 2004.6
{4}{5}{7}{9}{10}{11}{17}{18}{19}{21}{22}{32}{35}དྲན་པ་ནམ་མཁའ། 《བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ》 [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། 2008.11
{8}སྟོན་པ་གཤེན་རས་ཀྱི་བཀའ། 《གཡུངདྲུང་ལས་དག》 [M]ཤིང་པར།
{12}王小波 《地球之水天上来吗》百科知识 2000.7
{13}{27}{39}སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། 《མཛོད་ཀུན་ལས་བཏུས་པ་སྣོད་བཅུད་ཀྱི་འགྲེལ་བ་བཞུགས་སོ》 [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། 2008.11
{15}何新 《艺术现象的符号--文化学阐释》[M]人民文学出版社。1987.8
{23}韩欣编著《探索•发现》[M]内蒙古人民出版社,2006.5
{24}尹怀勤 《地球生命来自太空?》《百科知识》[J]2009.11
{28}{43}P•克劳德著黄开年 李鄂荣 黎勇奇等译《天地人—宇宙的简史》[M]地质出版社。1986.9
{29}聂继军 《21世纪科技十大难题》百科知识[J]。2000.3
{30}础德 《当代科学的六大悬念》百科知识.[J]2000.10
{31}《中学物理教学参考》[J]2010.8
{33}李兴 《基因能回答“我们来自哪里”吗?》 《百科知识》[J]2001.2
{34} བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། བོན་ལུགས་དང་འབྲེལ་ནས་བོད་ཀྱི་རིག་གནས་ཀྱི་ཐོག་མའི་བྱུང་ཁུངས་ལ་དཔྱད་པ། 《མཁས་དབང་བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་དང་དཔྱད་རྩོམ་ཕྱོགས་བསྒྲིགས》[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། 2009.1
{36}谢小军 袁红莉《地球生命不会孤独——极端微生物的昭示》百科知识[J]。2000.10
{37}ཨེར་ཉེ་ནོའི་སྣང་ཚུལ་ཅེས་པ་ནི་ཞི་བདེ་རྒྱ་མཚོའི་དམར་ཐིག་གི་རྒྱུད་དེ་གཞི་རྒྱ་ཆེ་བའི་མངའ་ཁོངས་སུ་རྒྱ་མཚོ་དང་རླུང་ཆེནགཉིས་ཕན་ཚུན་ནུས་པ་ཐེབས་རྗེས་དོ་མཉམ་ཤོར་བ་ལས་བྱུང་བའི་གནམ་གཤིས་ཀྱི་སྣང་ཚུལ་ཅིག་ཡིན།
{38}{40}《UFO.外星人.地外文明——与天文学家的对话》百科知识 [J] 2000.7
{41}ཡོངས་གྲགས་སུ་འགྲོ་བ་མིའི་རིགས་ཀྱི་བྱུང་ཁུངས་ནི་གླིང་ཆེན་ཨ་ཧྥེ་རི་ཁ་ཡིན་པར་བཤད།
{42}李红岩《历史是艺术—评张荫记麟的一个历史观》《北京农业工程大学学报》“社会科学”版,[J]1990年总第7期
      ཟུར་བལྟས་དཔྱད་གཞི།
[1] 《生物进化论》 [M]人民教育出版社1975.4
[2] 舒天丹 仇静 主编《生命的密码》[M] 中国环境科学出版社
[3] 韩欣编著《探索•发现》[M]内蒙古人民出版社2006.6
[4]「德」哈拉尔德•弗里切著倪永华译《神秘的宇宙——从大爆炸到毁灭》[M]宇航出版社
[5]「美」I.阿西摩夫著周惠民等译《生命的起源》[M]科学出版社
[6] 《天体、地球、生命和人类的起源》[M]上海人民出版社

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག