བརྒྱ་པའི་མགོན་པོ་སངས་རྒྱས་སྨན་གྱི་ལྷ། །
གསོ་རིག་བོན་བསྟན་སྐུ་སྲས་དཔྱད་བུ་དང༌། །
གང་དེའི་གསུང་སྤྲུལ་དྲང་སྲོང་ཡིད་ལ་སྤྲུལ། །
རྩ་བརྒྱུད་བླ་མ་བཅས་ལ་གུས་པས་འདུད། །
ལུང་རིག་ཡོན་ཏན་ཟླ་བའི་མ་མ་ལ། །
ཐོས་བསམ་གྲུ་ཡི་གཤོག་པས་འདོར་ནུས་པའི། །
གསོ་རིག་བོན་སྐུའི་ལག་ལེན་ཡིད་བཞིན་ནོར། །
རང་འདྲའི་གཡུང་དྲུང་བོན་འདི་ཨེ་མ་མཚར། །
སངས་རྒྱས་སྨན་གྱི་ལྷ་རྒྱལ་བ་གཤེན་རབ་མི་བོ་ཆེ་དེ་ཉིད་ཀྱིས་གསུངས་པའི་རྩ་བའི་ཐུགས་འབུམ་མཁའ་སྔོན། གསོ་བྱེད་ཀྱི་སྨན་འབུམ་ནག་པོ། གསོ་བྱེད་སྨན་འབུམ་དཀར་པོ། དག་པའི་དཔྱད་འབུམ་ཁྲ་བོ་དང་བཞི་ནི་སྐུ་སྲས་དཔྱད་བུ་ཁྲི་ཤེས་ལ་བསྟན། དཔྱད་བུས་ཀྱང་འོལ་མོ་གླིང་ཆེན་དུ། ཉིད་ཀྱི་སྐུ་སྤྲུལ་དྲང་སྲོང་ཡིད་ལས་སྤྲུལ་པ་ལ་བཤད༌། ཞང་ཞུང་བོན་གྱི་གསོ་རིག་གཅེས་བསྡུས་ལས། ཨོ་རྒྱན་པད་མ་སྤུངས་པ་རུ། །འཚོ་བྱེད་གཞོན་ནུ་བྱ་བར་སྤྲུལ། །རམ་པ་དུག་འབྱེད་བསྒྱུར་བ་ཡི། །དུག་ལ་བདུད་རྩི་སྨན་དུ་སྒྱུར། །ཉི་ཁྲི་དཔྱད་ཀྱི་འཁོར་ལོ་བསྐོར། །སྨན་ལྷའི་དཀྱིལ་འཁོར་གཏན་ལ་ཕབ། །ཅེས་པའི་སྐྱེས་བུ་དེའི་བཀའ་རྒྱུད་འབུམ་བཞི་དང་གསོ་རིག་གི་བོན་རྣམས་མང་དུ་ཡོད་ཅིང་། བསྟན་པ་དར་ནུབ་སྐབས་སུ་འབུམ་བཞི་ནི་ལྷོ་འབྲིག་མཚམས་མཐའ་དཀར་ལ་སྦས། ཕྱིས་སུ་སྤྲུལ་སྐུ་གཤེན་ཆེན་ཀླུ་དགས་གཏེར་ཞལ་ཕྱེས་ནས་ས་སྐྱ་ཀུན་དགའི་མིང་ལ་གནང། དེས་ཀྱང་འབུམ་བཞི་ཆོས་སུ་བསྒྱུར་ཅིང་རྒྱུད་བཞི་ཞེས་པའི་མིང་བསྒྱུར་ནས་སྟོན་པ་སངས་རྒྱས་སྨན་ལྷ་ལ་སྟོན་པ་བཅོམ་འདས་དང༌། དཔྱད་བུ་ཁྲི་ཤེས་ལ་དྲང་སྲོང་རིག་པའི་ཡེ་ཤེས་དང༌། དྲང་སྲོང་ཡིད་ལ་སྤྲུལ་པ་དེ། དྲང་སྲོང་ཡིད་ལ་སྐྱེས་སུ་མཚན་བསྒྱུར་བ་ཡིན་ནོ། །དེ་ཡང་ཆོས་ཀྱི་རྒྱུད་བཞིའི་མཐའ་ཡི་བཤད་བྱང་ལས་འཁོར་ལོ་རྒྱལ་པོའི་བེའུ་འབུམ་ཞེས་པ་ཞང་ཞུང་ནས་བསྒྱུར་བའི་རྒྱུད་ཅེས་པ་ཡང་དེ་དོན་ནོ། །དེ་སོགས་བོན་གཏེར་སྨན་རྒྱུད་བྱོན་པའི་གྲངས་ནི། ཨ་ཙ་ར་མི་གསུམ་གྱིས་བསམ་ཡས་ཀྱི་གློ་བོ་གེ་དཀར་སྒྲོམ་གཉིས་ནས་ཐོན་པའི་གསོ་བྱེད་སྔོ་ཤིང་ལྡུམ་བཅོས། བསམ་ཡས་མཆོད་རྟེན་དམར་པོའི་སྒྲོམ་དྲུག་ནས་ཐོན་པའི་གསོ་དཔྱད་སྨན་གྱི་སྡེ། གཡུ་ཐོག་ཁུ་ཚ་ཟླ་འོད་ཀྱིས་སྤ་གྲོའི་ཕུག་བཅལ་དུ་གཏེར་སྒྲོམ་གཙག་ཆ་ནས་དྲངས་པའི་འབུམ་བཞིའི་ཆ་ལག་དང་བཅས་པ་ཆོས་ཀྱི་རྒྱུད་བཞི་ཆ་ལག་དང་བཅས་པའང་ཟེར་ཏེ། དོན་དུ་གཤེན་གཏེར་གྱི་འབུམ་བཞི་དང་སྤ་གྲོའི་འབུམ་བཞི་སོགས་དོན་གཅིག་གོ། བུ་མཚོ་སྲིད་པའི་རྒྱལ་པོས་གཙང་སྟོད་བྱེ་མ་གཡུང་དྲུང་ནས་ཐོན་པའི་བདུད་རྩི་སྨན་གྱི་རྒྱུད་དགུ་ཡོད་པའི་ནང་ནས། རྩ་འབུམ། སྨན་འབུམ། ནད་འབུམ། དཔྱད་འབུམ་དང་བཞི་ནི་ད་ལྟ་ཡུལ་ལྗོངས་འདི་རུ་ཕེབས་འདུག་པ་དང༌། མཚེ་བོན་གར་གསས་ཀྱིས་སྐྱིད་མཁར་སྔོ་ཕུག་ནས་དྲངས་པའི་བདུད་རྩི་ནི་ལིའི་རྒྱུད་བཅུ་གཅིག་གཡུ་འབྲང་ཕྱུག་མོའི་སྒྲུབ་སྐོར་དང་བཅས་པ་ཐོན། རྒྱལ་རོང་སེ་གཉན་ཞིག་པོས་དམུ་རྡོ་སྤུངས་རྩེའི་གཡས་ཟུར་ནས་ཐོན་པའི་བདུད་རྩི་དཔྱད་མདོའི་མཐའ་སེལ་སོགས་དང༌། སྤྲུལ་སྐུ་མི་ཤིག་རྡོ་རྗེའི་སྙན་རྒྱུད་ལས་མན་ངག་ཉམས་ཡིག་ཆེ་ཆུང་སོགས་ཡོད་དོ། །དེ་བཞིན་རྗེས་འཛིན་གྱི་མཁས་གྲུབ་གཤེན་སྟོན་ལྷ་རྗེ་སྨན་རྒོད། ལྷ་རྗེ་ཇོ་བཀྲ། གཤེན་དམ་པ་རྒྱལ་ཚབ། ཞུ་ཡས་ལྷ་རྗེ་སྐྱེད་པོ་སོགས་མཁས་གྲུབ་སྐྱེས་ཆེན་དུ་མ་ཞིག་བྱོན་པ་ཡིན། དེ་ཡང་གཡུ་ཐོག་ཡོན་ཏན་མགོན་པོའི་རྣམ་ཐར་ལས། དང་པོ་གནོད་ཀྱི་འཇིག་རྟེན་ཆགས། བཅུད་ཀྱི་སེམས་ཅན་བདེ་བའི་ཕྱིར་དུ། དང་པོ་གསོ་བ་རིག་པ་བྱོན། དེ་ནས་གསོ་དཔྱད་འབུམ་པ་བྱོན། དེ་ནས་དཔལ་ལྡན་རྒྱུད་བཞི་བྱོན། དེ་ནས་ཡན་ལག་བརྒྱད་པ་བྱོན། དེ་ནས་མཁས་པ་སོ་སོའི་ལུགས་ཞེས་འཁོད་ཡོད། དུང་དཀར་ཚིག་མཛོད་ལས། རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་སུ་བྱུང་བའི་བོན་གྱི་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་ནས་ཕན་ཤེས་སྨན་དཔྱད་ཟེར་བ་དེ་ནི། བོན་གྱི་ཆོས་ལུགས་ལ་དད་པ་ཡོད་པའི་སྨན་པ་མཁས་ཅན་ཞིག་ཡིན་པ་བཅས་བོད་མི་རིགས་རང་ཉིད་ཀྱི་གསོ་རིག་ལོ་རྒྱུས་འཕེལ་རྒྱས་ཀྱི་རྨང་གཞི་ལེགས་པོ་ཡོད་པ་རེད། ལྷག་པར་དུ་ཏུན་ཧོང་ནས་ཐོན་པའི་གནའ་རབས་བོད་ཀྱི་སྨན་གཞུང་མདོར་བསྡུས་ཤིག་གི་ནང་སྤང་རྒྱན་དང་གུར་ཀུམ་ལྕུམ་རྩ་སོགས་སྐྱེ་དངོས་རིགས་ཀྱི་སྨན་སྣ་ཉི་ཤུ་རྩ་བཞི་གླ་རྩི་དང་དོམ་མཁྲིས་སོགས་སྲོག་ཆགས་ལས་བྱུང་བའི་སྨན་སྣ་ཁག་ཉི་ཤུ་རྩ་ལྔ་གསེར་གཡུ་སོགས་གཏེར་ཁའི་རིགས་ནས་སྨན་བཅོས་བྱ་ཚུལ་འཁོད་ཡོད་པ་མ་ཟད། སྨན་བཅོས་བྱ་ཚུལ་དེ་དག་གི་ནང་ནས་མང་པོ་ཞིག་དེང་སང་ལག་ལེན་བསྟར་མུས་ཡིན་པ་དང༌། སྨན་གཞུང་དེའི་མཇུག་ཏུ་འཁོད་དོན། དཔྱད་གཞི་འདི་ནི་ཞང་ཞུང་གི་དཔྱད་ཕུག་པ་དང་སྦྱར་ཏེ་བགྱིད་པ་ལགས་སོ་ཞེས། གནའ་རབས་ཞང་ཞུང་གི་སྨན་བཅོས་ནས་འབྱུང་བ་ལྟར་གྱི་སྨན་བཅོས་བྱས་ཚུལ་གསལ་པོར་བཤད་ཡོད། ཏི་སེའི་འོད་ལས། དེང་དུས་དངོས་ཡོད་བོན་གྱི་བཀའ་འགྱུར་གྱི་ཁྲོད་ན་བཞུགས་པའི་ཡིག་ཆ་ནི་བདུད་རྩིའི་བང་མཛོད་འབུམ་བཞི་རུ་གྲགས་པ། བུ་མཚོ་སྲིད་པའི་རྒྱལ་པོའི་གཏེར་མའི་སྐོར་རྩ་བ་ཐུགས་འབུམ་སྔོན་པོ། འཚོ་བྱེད་སྨན་འབུམ་དཀར་པོ། འཚོ་ཐབས་དཔྱད་འབུམ་ཁྲ་བོ། གསོ་བྱེད་ནད་འབུམ་ནག་པོ་ཞེས་སུ་གྲགས་པ་འདི་བཞི་ཡོད་པ་དེ་རྣམས་ནི་མདོ་སྡེ་ཆེན་པོ་དགུ་རུ་གྲགས་པའི་ནང་ཚན་གྱི་འབུམ་བཞི་ཡིན་པ་དང༌། དེང་དུས་ཡོངས་གྲགས་ཀྱི་རྒྱུད་བཞི་འདིའང་གཞི་རྩའི་བྱུང་ཁུངས་དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་ལྔའི་ནང་ཚན་དུ་གྱུར་པ་ཞིག་སྟེ། བཞི་རུ་གྲགས་པ་འདི་རྣམས་ལོ་ཆེན་བེ་རོ་ཙ་ནས་བོན་གྱི་སྨན་གཞུང་ལས་བླངས་པ་ཞིག་ཡིན་པའི་རྟགས་སུ་ཞུ་བ་པོའི་འཁོར་དྲང་སྲོང་དང་ནད་བཅོས་ཀྱི་སྔགས་རྣམས་ཞང་ཞུང་གི་སྐད་རང་སར་བཞག་ཡོད་པ་སོགས་ཀྱིས་ཚུལ་ཉི་མ་བསྟན་འཛིན་རབ་བྱུང་བཅུ་བཞིར་མཛད་པའི་བཀའ་འགྱུར་སྒྲིག་བྱང་ནང་དུ་གསལ་པོར་གསུངས་ཡོད། ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་ཀྱང། མདོར་ན་གཡུང་དྲུང་བོན་གྱི་ཚེ་རིག་གམ་གསོ་རིག་ནི་གཞུང་ལུགས་དང་སྨན་རྫས་རིག་པ་བརྟག་ཐབས་རིག་པ་གསོ་ཐབས་རིག་པ་སོགས་ཆ་ལག་གང་ཙམ་ཚང་བའི་གནའ་བོའི་གསོ་བ་རིག་པའི་གཞུང་ལུགས་གལ་ཆེན་ཞིག་ཡིན་ཞེས་གསུངས་ཡོད། །
རྒྱལ་བ་གཤེན་རབ་ནས་གསུངས་པའི། །
ཞང་བོད་གསོ་རིག་དབྱིག་གི་ནོར། །
འཛམ་གླིང་མཁས་མང་སྐྱེད་ཚལ་དུ། །
ཉིན་མོའི་སྐར་མ་ལྟ་བུར་བཞུགས། །
སྤྱི་ལོ་༢༠༡༡ལོའི་ཟླ་བ་༡༠པའི་ཚེས་༢༦དགོང་མོར་ཕ་ཡུལ་རྒུ་ཆེན་དུ་བྲིས།།