ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> དཔྱད་རྩོམ། >> གྲི་གུམ་བཙད་པོ་དང་གཤེན་ཀླུ་དགའི་བོན་གཏེར་སྐོར།
གྲི་གུམ་བཙད་པོ་དང་གཤེན་ཀླུ་དགའི་བོན་གཏེར་སྐོར།
[རྩོམ་གྱི་ཡོང་ཁུངས། དྲང་སྲོང་ཟིན་བྲིས།] [རྩོམ་པ་པོ། སྒ་སྟོན་གྱི་གཏེར་གྱི་ཁ་བྱང་ནས་དྲངས།] [ཟླ་ཚེས། 12-08-18] [ཀློག་གྲངས། ]
ལྷོ་གཏེར་འབྲིག་མཚམས་པའི་ནུབ་ལུགས་ནི། རྒྱལ་གྲི་གུམ་བཙན་པོའི་རིང་ལ། གཤེན་རབ་དང་རྒྱལ་པོའི་བར་དུ་སྙན་ཕྲ་ཞུགས་ཏེ། བཀའ་ཁྲིམས་ལ་གནས་པས། རྒྱལ་པོའི་བཀའ་མ་ཆོགས་སོ། ཆེ་གཉིས་ནང་མ་མཐུན་པའི་སྐྱོན། ལྡེ་གྱིམ་ཚ་རྨ་ཆུང་མཐུ་ཆེས་པས། རྒྱལ་པོ་གླེན་པ་དང་འདྲ་ཏེ༑ གཤེན་པོ་རྣམས་བོད་ཡུལ་དུ་བཞུགས་པའི་{པར}ཐུགས་མ་བདེ་ནས། ལྷོ་བལ་མོན་ཡུལ་དུ་གཟིགས་པར་དགོངས་ཏེ། ཀུ་ཧྲངས་གསོན་མ་དང༌། མ་ཧེ་གསོན་མ་ལ། རྒྱུ་འབྲས་ཀྱི་བོན་སྒོ་ཆེན་པོ་དགུ་བཀལ་ཏེ། ཡུལ་གཙང་སྟོད་བྱེ་མ་ལ། གཡུང་དྲུང་{བྱེ་མ་ལ་གཡུང་དྲུང་}མཁར་གད་ཀྱི་བྱི་བ་མཁར་ནས་གཤེགས་པས། གཅོ་གྱིམ་བུ་ལན་ཚ་སྐུ་སྲུང་དུ་བཞུགས་ཏེ་མཆིད་མ་གནང་བས། བོན་སྒོ་ཕྱེད་དང་གཉིས་གནང་སྟེ། རྒྱུའི་བོན་ཟང་མའོ། །རྒྱུ་འབྲས་ཀྱི་བོན་དྲུག་དང་བཅས་ཏེ་གཤེགས་པ་ལ། ལྷོ་དོམ་སྒྲོ་ནག་པོར་བསྟན་པ་མི་ཚུགས་པའི་རྟགས་བྱུང་སྟེ། ནམ་མཁའ་ལ་སྒྲ་མི་སྙན་པ་དང༌། ཁ་བ་དང་བུ་ཡུག་རླུང་དམར་ལ་སོགས་པ་བྱུང༌། རྣིལ་མཛོ་ལྡེ་ཡུ་བོའི་མགུལ་ནས་སླར་ལོག་སྟེ། གཡུང་དྲུང་གི་བོན་ཐམས་ཅད་གཏེར་དུ་སྦས་ནས། གཤེན་པོ་རྣམས་སུམ་པ་གླང་གི་གྱིམ་ཤོད་ནས་མར་བྱོན་ཏེ། སོག་པོ་སྤྲེའུ་སླག་ཅན་དང༌། འཇང་མོ་མིག་དུག་མ་དང༌། ཧོར་དང་ཀེ་ལ་སོགས་པ་བོད་ལ་གནོད་པའི་ཡུལ་དུ་འགྲོ་བས། སྨོན་ལམ་བཏབ་ནས། འབྲིག་མཚམས་མཐའ་དཀར་ཀེ་རུའི་བྲག་ལ་སྦས་སོ། །དེར་བོན་བསྣུབས། གཤེན་པོ་རྣམས་གཤེགས་པས། བོད་ཀྱི་ལྷ་ཐམས་ཅད་མ་དགྱེས་པས། བོད་ཡུལ་དུ་མི་དགེ་བ་སྣ་ཚོགས་བྱུང་ངོ༌། །དབུ་ཡོགས་མངས་{ལངས}ཏེ། རྒྱལ་པོ་གྲི་གུམ་བཙན་པོའི་ཐུགས་སུ་གདོན་ཞུགས་ཏེ། ང་ལ་འཐབས་པའི་ཟླ་དགོས་པར་འདུག །རྒྱལ་ཕྲན་ལོ་ངམ་རྟ་རྫི་ལ། འོ་ཆག་{ཅག}གཉིས་འཐབ་དགོས་ཟེར་སྐད། ལོ་ངམ་རྟ་རྫིའི་མཆིད་ནས། བདག་ནི་རྒྱལ་པོ་ཆེན་པོ་ལ་བསྡོ་མི་ནུས་ལགས་སོ། །ཞེས་གསོལ་པས། གྲི་གུམ་བཙད་པོའི་ཞལ་ནས། འུ་ཅག་གཉིས་ཅི་ནས་རྩོད་དགོས་པས། ཆས་སུ་ཆུག་ཅིག་གསུངས། ལོ་ངམ་རྟ་རྫིའི་མཆིད་ནས། འོ་ན་དབང་མ་མཆིས་པས། རྗེ་ཆེན་པོའི་བཀའ་མི་གཅོག རྗེ་རྒྱལ་ཉིད་ཀྱང་ཆས་སུ་གསོལ་ཅིག བྱི་ལ་ག་མ་ཆིབས་ཀྱི་ཕྱི་ཤ་ལ་ཐོགས། སྤྲེའུ་གྲོ་པོ་ཆིབས་ཀྱི་སྔ་ཤ་ལ་ཐོགས། གཤེན་གྱི་རལ་གྲི་རྨུ་རྩ་གླད་ལ་བསྐོར་གྱིན་བྱོན་ཅིག དཔྲལ་བར་མེ་ལོང་ཐོགས་ལ་བྱོན་ཅིག གླང་དམར་བརྒྱ་ཐམ་པ་ལ་ཐལ་བ་ཁོལ་ལ་བྱོན་ཅིག གླང་གི་རྭ་རྣམས་ལ་ཆུ་གྲི་ཚུགས་ལ་བྱོན་ཅིག བདག་གིས་འབད་པས་ཡོང་ངོ་བརྗོད་པས། རྒྱལ་པོའི་ཐུགས་ལ༑ ཁོང་ལ་བྱམས་པས། བསླབ་བྱ་སློབ་པས་ཁོ་རང་འཕམ། ང་རྒྱལ་བར་འདོད་པར་འདུག་ཉན་དགོས་ཟེར་ཏེ། ལོ་ངམ་རྟ་རྫིའི་ངག་ཅི་སྐད་ཟེར་བ་བཞིན་བྱས་ནས་བྱོན་ཏེ། ད་སྤྱིར་ཉིན་རིང་པོ་ལ་མྱང་སྟོད་དུ་ཐལ་བས། བྱི་ལ་བཀལ་བས་འོག་གི་ཀླུ་མནོལ། སྤྲེལ་གྲོ་བོས་སྟེང་གི་ལྷ་མནོལ། རལ་གྲིས་གཤེན་གྱི་དམུ་ཐག་བཅད། གླང་གི་རྒྱབ་ཀྱི་འབུས་ཚིགས་པས། གླང་འདྲོགས་པས་གཅིག་ལ་གཅིག་བརྡུངས་ཏེ། རྭ་རྩེའི་གྲིས་གླང་གི་ཐལ་སྒྲོ་ཕུག་ནས་ཐལ་ཚུབ་ཀྱིས་དགྲ་མ་མཐོང༌། ཐལ་ཚུབ་གསེབ་ནས་རྒྱལ་པོའི་དཔྲལ་བར་མེ་ལོང་ལ། ལོ་ངམ་རྟ་རྫིའི་དམག་གིས་མེ་ལོང་ལ་མདའ་བརྫིར་ནས་བརྒྱབ། གྲི་གུམ་རྩད་པོ་སྐྲོངས{བཀྲོངས}། ཡུལ་དེར་མྱངས་རོ་ཐལ་ཚན་དུ་བཏགས། གྲི་གུམ་བཙད་པོའི་སྤུར་དེ་ཟངས་ཁ་སྦྱར་དུ་བཅུགས་ནས། ལྕགས་གཟེར་ནས་མྱང་ཆུ་ལ་བསྐྱུར། ཟངས་དེ་ཁྲི་མཐང་འོར་མོའི་མདུན་དུ་ཆགས། ཡུལ་དེ་ཡང་འགུར་མོར་བཏགས་སོ། །ཟངས་དེ་ཡང་རྩང་པོ་ལ་འཕྱོས་ཏེ་རྐོང་ཡུལ་དུ་ཆགས་སོ། །ཀླུས་དབང་བྱས། བོད་ཀྱི་ཁྲིམས་རལ། བོད་ལ་མི་དགེ་སྣ་ཚོགས་བྱུང༌། བོད་མི་རྣམས་ཀྱིས་གྱོད་བཏབ། བོད་མི་ཤེས་རིག་ཅན་རྣམས་ཀྱིས་གྲོས་བྱས། སྤྱིར་རྗེའི་གུད་ཕབ་ནི་སྟོར། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ནི་ཆག །གཡུང་དྲུང་གི་བོན་ནི་བསྣུབས། དཔྲལ་གྱི་མིག་ནི་ལོང༌། ཁོང་ནས་སྙིང་ཕྱུང་བ་དང་འདྲའོ། །ད་འུ་ཅག་རྣམས། རྒྱལ་གྲི་གུམ་བཙད་པོའི་དུར་བཙལ་དགོས། དེའི་རྟིང་ལ་སྲས་སྤྱན་དྲངས་དགོས། ཁྲིམས་གསོ་དགོས་ཀྱི་གྲོས་བྱས། སྤུར་བཙལ་བས་མ་རྙེད་དོ། །མོ་དང་པྲ་བཏབ་མོ་པྲ་མཐུན་པར། བུ་མོ་མཚན་དང་ལྡན་པ་གཅིག་བྱ་མིག་ལྟར་མས་འགེབ་པ་ཞིག་ཆབ་གླུད་དུ་ཐོངས། བཙལ་བས་རྙེད་ཟེར། ཁོད་དེ་བཙལ་པས་དབྱེ་གང་བར་ནས་རྙེད་དོ། །དེ་གླུད་དུ་བཏབ་པས་པུར་རྙེད་དོ། །ཡར་ལུང་མཆོང་བུའི་བྲག་ལ་སྦས། རྐོང་རིང་{རོང}བདུད་རི་སྙན་ཆད་ཀྱི་རྐེད་ལ་བསམ་ཡས་རང་འདྲའི་ལྷ་ཁང་བཞེངས་ནས་དབུ་རྩེའི་ལྷོ་ནུབ་ཏུ་སྦས་སོ། །ད་ལྟ་བཏད་{གཏད}ཁྲམས་སྒྱུར་བར་བྱེད། བོན་བསྣུབས་པའི་དབུ་གཡོགས་{ཡོགས}ཀྱིས་བོད་མ་བདེ་ལགས་སོ། ། དེ་ནས་གཏེར་སྒོ་ཕྱེ་ལུགས་ནི། སྔོན་གྱི་མཁས་པ་མི་བཞི་ཡི། སྨོན་ལམ་དབང་གིས་གཏེར་སྒོ་ཕྱེད་པས། ལྷ་རྗེ་གཤེན་རྒུར་ལ་དངོས་གྲུབ་ཏུ་བབས་ཏེ། གཤེན་སྲས་གེ་ཁོད་བྱ་བ་ལ་སྲས་གསུམ་འཁྲུངས་ཏེ། ཀླུ་དགའ་ཀླུ་བརྩེགས་གེ་ཁོད་གསུམ་མོ། །དང་པོ་རིགས་རྒྱུད་བན་དེ་ཡིན་པ་ལ། ཡབ་མྱེས་རིང་ཞང་པོ་བོན་པོ་གཅིག་རབས་ཆད་པའི་ལེའུ་ཚོ་བྱིན་ནས་བོན་སྒོར་ཞུགས། ལྷ་རྗེ་གཤེན་རྒུར་དེ་ཤེད་རྩལ་ཆེ་བས། སོ་མཚམས་ཀྱིས་མཁར་དཔེ་རྩིགས་པ་ལ། སྒོ་ནག་གྱད་པ་བྱ་བ་དང་རྩལ་འགྲན་བྱས། འབྲིག་མཚམས་ཀྱི་ན་ས་ཕག་བཅོ་ལྔ་ཚོ་ཁུར་ནས་སྐས་ལ་འཛེགས་པས། འཁལ་རྩ་འགྲམས་ནས། སྒུར་པོར་སོང་སྐད། དེ་ནས་ར་ལྗགས་བླ་ཆེན་ལ། སྔགས་ནང་མ་གཡུང་དྲུང་ཁྲོ་རྒྱས་བྱ་བ་དང༌། ཨ་ནུ་མའི་ཆབ་གཏོར་ ཤོག་ཅིག་ཞུས་ནས། འབྲིག་མཚམས་མཐའ་དཀར་ན་བསྒྲུབ་ཅིང་བཞུགས་ནས། མེ་མོ་སྦྲུལ་གྱི་ལོ། རྒུན་ཟླ་འབྲིང་པོའི་ཚེས་བཞི་ལ། སྐར་མ་ཁྲ། ཉི་མ་ཕག གཟའ་ཟླ་བ་ལ་གཏེར་སྒོ་ཕྱེད། སྔར་ནས་ཆོ་འཕྲུལ་མང་དུ་བྱུང་ངོ༌། །དེར་ཉིན་གཅིག་ཆབ་གཏོར་བཏང་ནས་དགོངས་པ་ལ་བཞུགས་ཙམ་ན། དཀྱིལ་འཁོར་ཁ་ནས་ཆབ་གཏོར་གྱི་སྣོད་ཕོར་ཡོད་པའི་བར་ནས། བྲག་ཕུག་བློ་འབྱོར་ཤིང་ཕུབ་པ་གཅིག་ཡོད་པས་གདུང་རྩར་ཀུན་ནས་བཀྲོལ་བཀྲོལ་ཟེར་ཞིང་འདུག །དེ་བཟུང་པ་དང་ཕྱག་གི་དགོས་པ་ཡང་མ་བྱུང༌། མི་རྟོག་པའི་ངང་ལ་བཞུགས་ཙམ་ན། ཡང་ད་ཕྱི་ས་ནས་ཆག་ནས་ལྡེག་ལྡེག་འདུག །ཡང་ཉིན་གཅིག་ཆབ་གཏོར་བཏང་པའི་རྗེས་ལ། ཁྱེའུ་ཟུར་ཕུད་ཅན་ཞིག་བྱུང༌། དེ་ལ་ལ་ན་རེ་ཀླུ་བཙན་སྐྱེས་གཅིག་བྱ་བ་ཡིན་ཟེར། ལ་ལ་ན་རེ་གིང་ཆེན་བཅོ་བརྒྱད་ཀྱི་ཇོ་བོ་ཡིན་ཟེར། ཁྱེའུ་དེ་ན་རེ། ཡུལ་དེའི་སྤྲགས་ཕྱུག་པོ་ཞིག་གི་མིང་བསྟན་ནས། དེ་བས་ཕྱུག་པོའི་དངོས་གྲུབ་གཅིག་ཁྱོད་ལ་བཞིན་ནམ་ཟེར་ཙམ་ན། དེ་མ་ཐག་ཏུ་བུད་མེད་རལ་པ་ས་ལ་ཁྱེབས་པ་ཞིག་བྱུང་ནས། སྙ་རྩེ་རེའི་རྐང་པ་ནས་དྲུད་སོང༌། དེ་ལ་འཇིགས་པ་དང་མ་དགའ་བའི་བསམ་པ་ཡང་མ་བྱུང༌། འདོད་དང་མི་འདོད་ཀྱང་མ་གསུངས། ཉིན་ཞིག་ཆབ་གཏོར་བཏང་ནས་ཕྱི་རོལ་དུ་ཉི་མ་ལ་བཞུགས་ཙམ་ནས། རྡོའི་ཆར་པ་བབས་ཤིང་འདུག །ཕོག་པས་ན་ཚ་ཡང་མ་བྱུང༌། ཅུང་ཞིག་ནས་རྡོ་ཆར་ཆད་པའི་རྟིང་ལ། ནམ་མཁའ་ནས་སྒྲ་ཞིག་བྱུང༌། དེའི་རྟིང་ལ་དཀར་གྱང་པ་ཞིག་བྱུང༌། དེ་བྲག་དེའི་ཐོག་ལ་བབས། དེ་གཟིགས་སུ་བྱོན་པས། པད་མའི་སྡོང་པོ་བཅུག་པ་འདྲ་བ་ཞིག་ལ། ཤེལ་གྱི་ཕུར་པ་སོར་བརྒྱད་པ་ཞིག་གི་མགུལ་ནས། གཏེར་གྱི་ཕྱག་ཚད་ལ་སོགས་པའི་ཁ་བྱང་བརྒྱབ་འདུག་སྐད། དེར་ནུ་བོ་གེ་ཁོད་དྲན་{སྦྲན}ནས། སྡོང་པོ་ལ་གཅུས་དང་འདྲ་བའི་ཐད་ཀར་ན་ཕར། ཆག་ཚད་གཅལ་གྱིན་བརྐོས་པས་མ་རྙེད། ནུ་བོ་ན་རེ། སྒུར་པོ་འདྲ་བ་ཁྱོད་ལ་གཏེར་ཁ་ཡོང་ཟེར་གསུངས་སྐད། ནུབ་མོ་ཉལ་བསྡད་པས། གེ་ཁོད་བྱ་བ་འདི་གཟའ་མི་{མིག}དམར་གྱི་སྤྲུལ་པ་ཡིན་པས། བསྟན་པ་བཞག་པའི་གནས་མེད། ཁྱོད་རང་ཚོལ་ཟེར། ནང་པར་གར་{དཀར}ཕུད་ཀྱིས་མཆོད་ནས་བཙལ་བས་སོལ་བ་མང་པོ་བྱུང༌། དེ་ནས་སྔོན་གྱི་གྲུབ་ཐོབ་རྣམས་ཀྱིས་རྡོ་ལ་བཟོས་བྱས་པའི་རེ་བཞི་སྒོ་ན་འདུག །སྒོ་དེ་ཕྱེས་ནས་ཕྱིན་པས་མཛོད་ཅིག་གི་བཟའ་ན་དཀྱིལ་འཁོར་ཞིག་གི་སྟེང་ན། འདིའི་འོག་ན་གཏེར་ཡོད་པ་དང༌། ལོ་སྐོར་གཅིག་དུ་གསོངས་ཤིག་བྱ་བའི་ཁ་བྱང་དུ་འདུག། དེའི་འོག་ན་བོན་གཏེར་བྱུང་སྟེ། ཤིང་གླ་པའི་སྒམ་བཅུ་བདུན་འདུག་པ་ལ་སྒམ་དོ་ལས་མ་ཕྱེད། སྒམ་གང་ནས་ཁམས་ཆེན་བྱུང༌། སྒམ་གང་ནས་སྔགས་ཙོ་དང་སེམས་དོན་བྱུང༌། སེམས་ཕྱོགས་སེམས་སྨད་སྡེ་དགུ་བྱུང་བ་ལ། གབ་པ་དགུ་སྐོར། གསེར་གྱི་ལུང་ནོན། ལུང་ཆུང་སེམས་ཀྱི་ཅོག་བཞག །རིག་པ་སེམས་ཀྱི་ཁུ་བྱུག །རིག་པ་རྒྱུན་ཐག །ལུང་རྒྱུན་ཐག །ལྷུག་འཇུག་ལྟ་སྒོམ་ཤོག་གཅིག་མ། སྔགས་ནང་ལ་ཞི་བ་ཡོངས་རྫོགས། ཐིག་ལེ་དབྱིངས་ཆད། ཀུན་རིག་སྡེ་ལྔ། སྤྱི་སྤུངས། ཁྲོ་བོ་དབང་ཆེན། སྔགས་ཕྱི་ལ་རྣམ་དག །ཆབ་གཏོར། གླེགས་བམ་མངའ་གསོལ། ལྡེར་སོའི་སྤྱན་དབྱེ། མུ་ཏྲ་ལྷའི་ཕྱག་རྒྱ། ཚ་ཚ་ཤོག་གཅིག་མ། མཚན་ཉིད་ལ། སྲིད་པའི་མཛོད་ཕུགས་གནས་ཆེན་བཅུ་བདུན་པོ། འབྲེལ་{འགྲེལ}ཆུང་དང་བཅས་པ་ཐོན་པ་ནི་དར། དེ་ནས་སྲིད་རྒྱལ་དུས་དྲུག་གི་བསྒྲུབ་པ་ནི། ཤངས་ཀྱི་ཁྱུང་བྱིད་ཉི་རྒྱལ་ལ་དཔེ་གསེར་བཙོ་དང་བརྗེས། ཁྲོ་རྒྱུད་གངས་རི་རྩེགས་པ། མེ་ལྕེ་འཁོར་ལོ། མཛེས་པ་མེ་ཏོག །བྱ་རྒོད་སྤུངས་པ། རིན་པོ་ཆེའི་རྩེ་མོ་རྒྱུད་ལ་སོགས་དྲུག གཡུང་དྲུང་སྐབས་ཀྱི་འཕྲིན་ལས་ནི་རོང་ཀུ་གཙུག་ཕུད་ལ་བཅོལ་བ་གསངས་བས་རབ་དང༌། ཀུན་སྣང་རྩ་བའི་དཀྱིལ་འཁོར། ཀུན་སྣང་ལས་སོ་སོ། ཀུན་སྣང་ཁ་བསྡུས་ཀྱིས་དཀྱིལ་འཁོར་གསུམ་ནི་དཔེ་གབས་སོང་ངོ༌། །གཤེན་རྒུར་ཆེན་པོས་གསང་ཚད་མ་ཐུབ་སྟེ། ལོ་བཅུ་གཉིས་ལ་གསང་རྒྱུ་སྟེ། ལོ་བརྒྱད་ལས་གསང་མ་ཐུབ་པས། གཏེར་བདག་གིས་ཆད་པ་བྱུང་བ་དང༌། ཞང་གསེར་ཡིག་ཅན་གྱིས་མཆོད་རྟེན་མངའ་གསོལ་ལ་ཕྱྭ་ཚེ་བྱས་པས་བློ་དུག་གིས། ལོ་བཙུན་རྡོ་རྗེ་དབང་ཕྱུག་གིས་དུག་གིས་བསྐྲོངས་{བཀྲོངས}སོ། ། སླད་ན་སློབ་མ་བཅུ་དྲུག་ཡོད་དེ། མྱང་སྟོད་ཀྱི་དཔོན་བཞི་ནི། སྐྱིད་མཁར་གྱི་ཞུ་གཡས་ལེགས་པོ། ཁུ་འདོར་གྱི་ཅོག་ལ་གཡུ་སྐྱིད། མེ་ཉག་གི་མེ་ཉག་བོན་ཅིག །སྒྲེའི་མཚེ་མི་བྲན་བན་དང་བཞིའོ། མྱང་སྨད་ཀྱི་ཀ་བ་བརྒྱད་ནི། རོང་ཀུ་གཡུང་དྲུང་གཙུག་ཕུད། རོང་ཀུ་ཨ་ཙ་ར། ཕུག་པ་རྒོད་གསོས། དོག་སྒོམ་གཙང་པོ་འབར། ར་ལྗགས་འཕགས་པ་སྐྱབས། ར་ལྗགས་ཡོན་སྐྱིད། སྐྱིད་དཔལ་འདུས་གསས། བྲུ་ཤ་ལྷ་གནམ་གསས་དང་བརྒྱད་དོ། །རྒྱལ་མཚན་ཐོབ་པའི་མི་བཞི་ནི། ཇོ་སྒོམ་གཡུང་དྲུང་རྒྱལ་མཚན། མར་པ་ཤེས་རབ་རྒྱལ་མཚན། འཛི་བོན་དབང་གི་རྒྱལ་མཚན། བྲུ་ཤ་ཁྱུང་གི་རྒྱལ་མཚན་དང་བཞིའོ། །དེ་ལ་ལྕོག་ལ་གཡུ་སྐྱིད་ཀྱི་ནི། ཁམས་ཆེན་ལ་སྤྲོ་བསྡུ་བྱས་པས། བསོད་ནམས་ཟད་སྐད། ཞུ་གཡས་ཀྱིས་བོན་མ་བཅོས་པས་བསོད་ནམས་ཐོབ་བོ། འབྲིག་མཚམས་པའི་ཁ་བྱང་ཚར་རོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག