ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> དཔྱད་རྩོམ། >> ང་རང་བོན་པོ་ཞིག་ཡིན་པའི་འགན་འཁྲི། རྩོམ་ཡིག་གསུམ།
ང་རང་བོན་པོ་ཞིག་ཡིན་པའི་འགན་འཁྲི། རྩོམ་ཡིག་གསུམ།
[རྩོམ་གྱི་ཡོང་ཁུངས། གཡུང་དྲུང་བོན་དྲ་ཚིགས།] [རྩོམ་པ་པོ། པད་མ་ཚེ་དབང་སོགས།] [ཟླ་ཚེས། 12-06-29] [ཀློག་གྲངས། ]

ང་རང་བོན་པོ་ཞིག་ཡིན་པའི་འགན་འཁྲི།
༧གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་༡༢པའི་སྐབས་མཐོ་རིམ་སློབ་མའི་འགྲན་རྩོམ་ཨང་དང་པོ།
པད་མ་ཚེ་དབང་། ཝཱ་ཎ་མཐོ་སློབ།
གླེང་གཞི།

    བོད་ཁ་བ་གངས་ཅན་གྱི་ཆབ་དཔལ་རིག་གསུམ་གྱི་བྱུང་ཁུངས་ནི་ཆུ་མགོ་གངས་ལ་ཐུག་པ་ལྟར་གནའ་བོའི་ཞང་བོན་གྱི་རིག་གཞུང་ལ་ཐུག་ཡོད་པ་ནི་དུས་རབས་འདིའི་དཔྱོད་ལྡན་པ་ཡོངས་ཀྱིས་མིག་མཐོང་ལག་ཟིན་རེད། དེ་ལྟར་ཡང་ཆགས་སྡང་དང་རུ་ཏྲ། ཕྱོགས་རིས་དང་འཐེན་འཁྱེར། རང་རྒྱལ་དང་གཞན་ཕམ་སོགས་ཀྱིས་འདས་པའི་དུས་རབས་ནང་ཞང་བོན་གྱི་རིག་གཞུང་ལ་ཆགས་འཇིག་དང་ཉམས་དམས་གང་ཙམ་ཞིག་བྱུང་ཡོད་ནའང། བདེན་པ་དང་གནས་ལུགས། དངོས་བྱུང་དང་དྲང་ཚུགས་བཅས་ལ་འགྱུར་བ་གང་མང་མེད་པ་གསལ་བར་གནས་ངེས་ཡིན་པ་ནི་དངོས་པོའི་རང་གཤིས་ཡིན་པར་བརྟེན། ཞང་བོད་རིག་གཞུང་ཡང་དེ་ལྟར་གསེར་ས་འོག་ཏུ་སོང་ཡང་འོད་ནམ་མཁར་ཁྱབ་པ་ལྟར་ནམ་ཡང་གསོན་པོར་གནས་ཡོད་མ་ཟད་ད་དུང་དུས་རབས་འདིའི་དཀྱོག་མཚམས་ནས་གནའ་བོའི་ཞང་བོན་གྱི་རིག་གཞུང་གི་གཟི་འོད་ཇེ་ཆེ་དང་སྙན་གྲགས་ཀྱི་བ་དན་གོ་ལ་ཟླུམ་པོ་འདིའི་ཁྱོན་ཡོངས་ལ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པ་ནི་གཙོ་བོར་༧སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་གི་ཐུགས་རྗེའི་བཀའ་དྲིན་དང་། སྔོན་བྱོན་ཞང་བོན་གྱི་ལོ་པཎ་མཁས་གྲུབ་རྣམས་ཀྱིས་བདག་ཅག་བོན་འབངས་ཡོངས་ཀྱི་མིག་མདུན་དུ་ཁྲ་ལྷམ་མེར་བཞག་པའི་རྒྱལ་བའི་གསུང་དྲི་མ་མེད་པ་བཀའ་དང་བཀའ་བརྟེན་རིོག་པའི་རྒྱ་མཚོ་འདི་དག་ཡིན་པ་ནི་གོར་མ་ཆགས། དེར་བརྟེན་སྐབས་བརྗོད་གཞི་དང་འབྲེལ་བའི་སྒོ་ནས་བོན་པོ་ཞིག་ཡིན་པའི་འགན་ཁྲི་གཙོ་བོ་ནི། དང་པོ་རང་ཉིད་བོན་པོ་ཞིག་ཡིན་པར་ངོ་འཕྲོད་པའིོ་ཐོག་ནས། རང་གི་ཕ་མེས་ཡང་མེས་ནས་བརྒྱུད་པའི་རྒྱ་ཆ་ལ་གཏིང་ཟབ་པའི་ཞང་བོད་ཀྱི་རིག་གཞུང་ལ་རྒྱུས་ལོན་དགོས། གསུམ་པ་ནི་དེ་དག་ལ་གཅེས་འཛིན་དང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བྱ་རྒྱུ་ནི་རང་ཉིད་བོན་པོ་ཞིག་ཡིན་པའི་འགན་འཁྲི་གཙོ་བོ་དེ་ཆགས་ཡོད་པ་ནི་སྐབས་འདིར་ངའི་གླེང་གཞི་གཙོ་བོ་དེ་ཡིན།

དང་པོ་རང་ཉིད་བོན་པོ་ཞིག་ཡིན་པར་ངོ་འཕྲོད་དགོས།

   གོང་གི་གླེང་གཞིའི་ནང་བརྗོད་ཟིན་པ་ལྟར་། དང་པོ་རང་ཉིད་བོན་པོ་ཞིག་ཡིན་པ་ངོ་འཕྲོད་པའི་ཐོག་ནས་རང་ཉིད་བོན་པོ་ཚད་ལྡན་ཞིག་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། དེ་མིན་ང་བོན་པོ་ཡིན་ཞེས་ཁ་ནས་བརྗོད་པ་ཙམ་གྱིས་རང་ཉིད་བོན་པོ་ཡིན་པའི་ངེས་པ་གང་ཡང་མེད། མ་ཟད་ཁ་ནས་བོན་པོ་ཡིན་ཞེས་བརྗོད་དེ་ཚུལ་མིན་གྱི་བྱ་སྤྱོད་ལ་རོལ་བ་ཡིན་ཚེ་བོན་པོིའི་མཚན་ཤེས་དང་མིང་རྗེས་ངན་པ་འཇོག་པ་ཙམ་མ་ཟད། གཡུང་དྲུང་གི་བོན་རིན་པོ་ཆེ་ལའང་བསྐུར་པ་བཏབ་པ་ཡིན་པས་དེ་ནི་བོན་པོ་ཞིག་མིན་པ་ནི། དེ་ཡང་བདག་ཅག་གི་འདྲེན་པ་ཆེན་པོ་རྒྱལ་བ་གཤེན་རབ་མི་བོས་སྡོམ་པ་སྣ་གཅིག་མ་སྲུང་བར། ང་ཡི་འཁོར་གཏོགས་མི་འགྱུར་ཞེས་གསུང་པ་ལྟར། རང་ཉིད་བོན་པོ་ཚད་ལྡན་ནམ་ཡང་དག་པ་ཞིག་ཆགས་པ་ལ་སྟོན་པ་མཆོག་གིས་ཇི་ལྟར་བཀའ་བསྩལ་པ་ལྟར། ལས་འབྲས་ལ་ཡིད་ཆེས། སྐྱབས་གནས་མཆོག་གསུམ་ལ་དད་པ་དང་ཡིད་ཆེས། སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་སོགས་དགོས་པ་ནི་བོན་ལ་འཇུག་པའི་སྒོ་ལྟ་བུ་ཡིན་པས། བོན་པོ་ཡིན་ཕྱིན་ཆད་འདི་དག་ལ་རྡོག་རོལ་དུ་བཏང་མི་ཉན། གཞན་ཡང་བོན་པོ་ཞིག་ཆགས་མིན་ལུས་རྟེན་གྱི་སྒོ་ནས་དབྱེ་བ་གཉིས་སུ་གྲངས་ངེས་པ་ཡིན། དང་པོ་ནི། རང་གི་རྒྱུད་པ་ཕ་མེས་ཡང་མེས་ནས་བོན་པོ་ཡིན་ལ་རང་ཉིད་ཀྱང་དེ་བཞིན་བོན་ལ་མོས་པ་དང་དད་པ་ཡོད་པ་དང་། གཉིས་པ་ནི་རང་ཉིད་ཀྱི་ཕ་མེས་ཀྱི་ཆོས་ལུགས་བོན་པོ་མིན་ཀྱང་རང་ཉིད་བོན་ལ་མོས་ཤིང་རྗེས་སུ་ཚུལ་བཞིན་དུ་འཇུག་པ་གཉིས་སོ། དེ་གཉིས་ལས་ཀྱང་གཙོ་བོ་ནི་རང་ཉིད་ཀྱིས་བོན་ལ་སྟོན་པས་གསུངས་པ་ལྟར་ཚུལ་བཞིན་དུ་བོན་ལ་འཇུག་མིན་ལ་རགས་ལས་སོ། རང་ཉིད་བོན་པོ་ཞིག་ཡིན་པ་ངོ་འཕྲོད་དགོས་པའི་རྒྱུ་མཚན་ནི། དེང་སང་རང་ཉིད་བོན་པོ་ཡིན་པ་ངོ་མ་འཕྲོད་པའི་དབང་གིས་རང་གི་ཕ་མེས་ཡང་མེས་ཀྱི་ཕྱག་རྗེས་ནག་བསུབ་བཏང་བ་མ་ཟད་དེ་དག་ལ་དུས་ནས་དུས་སུ་རུ་ཏྲ་དང་རྡོག་རོལ་དུ་གཏོང་བཞིན་པ་ནི་ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཀྱང་མཐུན་ཐབས་མེད། དེ་ཡང་རྒྱུ་མཚན་གཙོ་བོ་ནི་རང་ཉིད་ཀྱིས་རང་ཉིད་རིག་གཞུང་རྣལ་མ་དེ་ངོ་འཕྲོད་པའི་རྐྱེན་གྱིས་ཡིན་པ་རེད་སྙམ།

གཉིས་པ་ཞང་བོད་ཀྱི་རིག་གཞུང་ངོས་ཟིན་པ་བྱེད་དགོས།

    རང་ཉིད་བོན་པོ་ཞིག་ཡིན་ཕྱིན་ཆད་ཞང་ཞུང་དང་བོན་གྱི་རིག་གཞུང་ངོས་ཟིན་ཐུབ་པ་བྱེད་རྒྱུ་ནི་ལས་འགན་གཙོ་བོའི་ནང་གི་གཙོ་བོ་དེ་རེད་སྙམ། དེང་སང་བོན་པོ་མང་པོ་ཞིག་གིས་བོན་པོའི་རིག་གཞུང་གཏིང་ཟབ་ལ་རྒྱ་ཆེ་བ་འདི་དག་མ་ཤེས་པའི་དབང་གིས་གཞན་ལ་བརྗོད་མ་ཤེས་པ་མ་ཟད། རང་ཉིད་ཀྱང་བག་འཁུམ་ནས་སྤྱི་ཚོགས་ནང་དུ་དཀའ་ངལ་ཇི་སྙེད་ཅིག་འཕྲད་བཞིན་པ་ཡང་། རང་ཉིད་བོན་པོ་ཞིག་ཡིན་པའི་ཆ་ནས་བོན་པོའི་རིག་གཞུང་ངོ་མ་ཤེས་པའི་རྐྱེན་གྱིས་རེད། ཞང་བོད་ཀྱི་རིག་གཞུང་ནི་སྟོན་པ་གཤེན་རབ་མི་བོ་མཆོག་གིས་གསུངས་པའི་བཀའ་ཐེག་པ་རིམ་དགུ་དང་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་རྣམས་དང་། དེ་བཞིན་ཞང་བོད་ཀྱི་ལོ་པཎ་མཁས་རྣམས་ཀྱིས་མཛད་པའི་བཀའ་བརྟེན་གཙོ་བོར་གྱུར་པའི་བོད་གངས་ཅན་དང་ཧི་མ་ལ་ཡའི་རིག་གཞུང་གི་ཕྱི་མོ་དག་རེད། མདོར་བསྡུས་ནས་བཤད་ན་བོད་གངས་ཅན་གྱི་ཆབ་དཔལ་རིག་གསུམ་དང་། ཧི་མ་ལ་ཡ་གཙོ་བོར་གྱུར་པའི་དབུས་ཨེ་ཤི་ཡའི་རིག་གཞུང་མང་དག་གཅིག་གི་བྱུང་ཁུངས་ནི་གནའ་བོའི་ཞང་ཞུང་བོན་གྱི་རིག་གཞུང་འདི་ཉིད་ཡིན་པ་དེང་སང་མངོན་གྱུར་ལྟར་དེ་དག་ངོ་ཤེས་པ་བྱ་རྒྱུ་ནི་ལས་འགན་གཙོ་བོ་དེ་རེད་དོ།
གསུམ་པ་ཞང་ཞུང་དང་བོན་གྱི་རིག་གཞུང་རྣམས་སྲུང་སྐྱོབས་ཀྱི་འགན་འཁྲི་ཡོད་པ།
   དོན་ཚན་གསུམ་པ་ནི་རང་ཉིད་བོན་པོ་ཞིག་ཡིན་ཕྱིན་ཆད་རྒྱ་ཆེ་ལ་གཏིང་ཟབ་པའི་ཞང་ཞུང་དང་བོན་གྱི་རིག་གཞུང་རྣམས་ཆགས་འཇིག་གི་དུས་རབས་འདིར་སྲུང་སྐྱོབས་ཀྱི་ལས་འགན་དང་འགན་འཁྲི་ཡོད་པ་ཡིན། དེ་ཡང་མི་རབས་གསར་རྙིང་གཉིས་ཀྱི་བར་མཚམས་འདིར་བོན་ཕྲུག་ན་གཞོན་རྣམས་ཀྱིས་རང་གིས་ངོམས་སུ་ཆོག་པའི་རིག་གཞུང་འདི་དག་མི་རབས་གོང་མ་རྣམས་ལས་ཐོས་བསམ་སློབ་གཉེར་བྱས་ཏེ་མ་འོངས་འབྱུང་འགྱུར་གྱི་བོན་ཕྲུག་དང་མི་རབས་གསར་པ་རྣམས་ལ་ལེགས་སྐྱེས་སུ་འབུལ་ཐུབ་པ་བྱ་རྒྱུ་ནི་འདོར་དུ་མེད་མེད་པའི་འགན་ཞིག་ཏུ་གྱུར་ཡོད། དེ་ཡང་དགའ་འོས་པ་ཞིག་ལ་དུས་རབས་འདིའི་དཀྱོག་མཚམས་ནས་བོད་གངས་ཅན་གྱི་མི་རབས་གསར་པའི་དཔུང་ཁག་གཅིག་གིས་དུས་ནས་དུས་སུ་རང་གི་མེས་པོའི་ཆོས་ལུགས་དང་རིག་གཞུང་རྣམས་ལ་ངོས་འཛིན་ཐུབ་པ་བྱུང་ནས་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་ཞིག་བསྐྱོད་ཐུབ་པ་བྱུང་བ་མ་ཟད། བོད་གངས་ཅན་གྱི་ཡི་གེ་དང་མི་རིགས་ཀྱི་བྱུང་ཁུངས་རྣམས་ཁ་ཐག་ཇེ་རིང་ནས་ཇེ་རིང་དུ་འགྱུར་བཞིན་པ་ནི། ཞང་བོན་གྱི་ལོ་རྒྱུས་ལ་འབུལ་བའི་སྐྱ་རེངས་གསར་པ་ཞིག་ཀྱང་རེད། དེ་དང་དུས་མཚུངས་རང་ཉིད་བོན་པོ་ཡིན་མིན་ལ་མ་ལྟོས་པར་བོད་གངས་ཅན་གྱི་ན་གཞོན་ཞིག་ཡིན་ཕྱིན་ཆད་གནའ་བོའི་ཞང་ཞུང་དང་བོན་དང་བོན་གྱི་རིག་གཞུང་ལ་སྲུང་སྐྱོབས་ཀྱི་འགན་འཁྲི་ཡོད་པ་ཡིན།
   རྒྱུ་མཚན་ནི་དུས་རབས་བདུན་པའི་གོང་གི་བོད་པ་ཞིག་ཡིན་པ་ནས་བཟུང་བོན་སྐྱབས་སུ་འགྲོ་བ་ཙམ་མ་ཡིན་པར་བོན་པོ་འབའ་ཞིག་ཡིན་པ་མ་ཟད། རིག་གཞུང་མི་རིགས་དང་བཅས་པའི་བྱུང་ཁུངས་བོན་ལ་ཐུག་ཡོད་པས་སོ། ཞང་ཞུང་དང་བོན་གྱི་རིག་གཞུང་ནི་བོད་གངས་ཅན་གྱི་རིག་གཞུང་རྣལ་མ་དེ་ཡིན་པར་བརྟེན་ཚང་མས་དེ་ལ་བདག་གཅེས་དང་སྲུང་སྐྱོབས་བྱེད་རྒྱུ་ནི་ལྡོག་ཏུ་མེད་པའི་ལས་འགན་དེ་ཆགས་ཡོད་པ་བཅས་སོ། །

ཐ་ཚན་མུ་ཙུག་སྨར་རོ།

ང་རང་བོན་པོ་ཞིག་ཡིན་པའི་འགན་འཁྲི།

༧གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་༡༢པའི་སྐབས་མཐོ་རིམ་སློབ་མའི་འགྲན་རྩོམ་ཨང་གཉིས་པ།
ཨུ་རྒྱན་བུ་འཁྲིད། ཝཱ་ནཱ་མཐོ་སློབ།

   ཐོག་མར་དངོས་གཞིའི་བརྗོད་གཞི་དེ་འགོ་མ་བཙུག་གོང་ཕྲན་རང་ཉིད་ནས་བཤད་འདོད་ཞིག་ལ་ང་རང་བོན་པོ་ཞིག་ཡིན་པའི་སྤོབས་པ་དང་དགའ་བ་ཆེན་པོ་སྒོམ་གྱི་ཡོད། རྒྱལ་བ་གཤེན་རབ་མི་བོས་སྲོལ་བཏོད་པའི་གཡུང་དྲུང་བོན་གྱི་བསྟན་པ་དེ་ནི་བསྟན་པ་ཡང་དག་ཞིག་ཡིན་ལ། བོད་གངས་ཅན་ལྗོངས་ཀྱི་ངོམས་སུ་འོས་པའི་རིག་གཞུང་དང་ད་ཡོད་འཛམ་གླིང་ནང་ཆེས་དར་ཁྱབ་ཆེ་བའི་ནང་ཆོས་ཀྱི་གཞི་རྩ་འམ་འབྱུང་ཁུངས་ཀྱང་གཡུང་དྲུང་བོན་ལ་ཐུག་ཡོད། དེས་ན་ཕྲན་གྱི་བསམ་ཚུལ་ལྟར་ན་གང་ཟག་སུ་དང་སུ་འདྲ་ཞིག་ཡིན་རུང་གཡུང་དྲུང་བོན་གྱི་བསྟན་པ་ལ་རྗེས་འབྲང་གནང་མཁན་ཞིག་ཡིན་ཚེ་འགན་འཁྲི་ཧ་ཅང་ཆེན་པོ་ཡོད།
   དེ་ཡང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ལ་སྐྱབས་འཇུག་གནང་མཁན་གྱི་རྗེས་འབྲང་པ་རྣམས་ལས་ངེད་ཚོ་བོན་པོའམ་བོན་ཕྲུག་རྣམས་ལ་ཤེས་ཡོན་དང་ལ་རྒྱ། རྣམ་དཔྱོད་འགན་འཁྲི་སོགས་གང་ཅིའི་ཐད་ལ་འགན་འཁྲི་དང་སེམས་ཁུར་ལྷག་པ་ཞིག་དགོས་ཀྱི་ཡོད། དེ་ཡང་བོན་པོ་ཞིག་ཡིན་པའི་འགན་འཁྲི་ཆེ་ཤོས་ནི་ཐོག་མར་བོན་པོའི་གཞུང་དང་རྒྱ་རབས་ལོ་རྒྱུས་ལ་སློབ་སྦྱོང་མཐིལ་ཕྱིན་པ་ཞིག་བྱ་དགོས། ང་བོན་པོ་ཡིན་ཞེས་ལ་རྒྱ་དང་ཞེན་ཁོག་ཇི་ཙམ་མཆིས་ཀྱང་དུས་རབས་ཉེར་གཅིག་དང་མཚུངས་པའི་རང་གི་བརྒྱུད་ལ་ཤེས་ཡོན་དང་རྣམ་དཔྱོད་མི་ལྡན་ཚེ་རང་གི་གང་དྲན་པ་དང་བསམ་པ་ལྟར་ལག་བསྟར་གནང་ཐུབ་ཀྱི་མེད། དེ་མཚུངས་བོན་པོ་མ་ཡིན་པ་རྣམས་ལ་ནམ་ཞིག་བོན་གཞུང་དང་ལོ་རྒྱུས་སོགས་ཀྱི་ཐད་བགྲོ་གླེང་ཁ་བརྡ་བྱ་དུས་རང་ངོས་ནས་བཤད་རྒྱུ་གང་ཡང་མེད་པར་འགྱུར་ཚེ་བོན་ཕྲུག་ཞིག་ཡིན་པས་འགན་འཁྲི་ངོ་མ་འཕྲོད་པའམ་འགན་མ་འཁུར་བའི་གཞི་རུ་འགྱུར་གྱི་ཡོད། དེར་བརྟེན་ངེད་ཚོ་བོན་ཕྲུག་རྣམས་ནས་གོ་རྒྱུ་ཚོར་རྒྱུ་མེད་པའི་རྡོ་ལྟར་མ་ཡིན་པར་ད་ལྟ་སྐབས་བབས་ང་རང་ཚོའི་ཕྲག་ཐོག་ཏུ་བབས་པའི་བསླབ་པ་སློབ་གཉེར་དེ་ནི་གཡུང་དྲུང་བོན་གྱི་བསྟན་པ་ལ་ཞབས་འདེགས་ཞུ་རྒྱུ་དང་དེའི་བསྟན་པ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བསྒྲུབ་ཐུབ་རྒྱུའི་མཚོན་ཆ་བླ་ན་མེད་པ་དེ་རེད་སྙམ་གྱིན་འདུག
   ངེད་ཚོ་བོན་ཕྲུག་རྣམས་ནི་མ་འོངས་བོན་གྱི་བསྟན་པ་དེ་གོང་འཕེལ་གཏོང་རྒྱུ་དང་འཛམ་གླིང་འདིར་ཁྱབ་སྤེལ་བྱེད་མཁན་གཙོ་བོ་ཞིག་ཏུ་འགྱུར་ཡོད། དེར་བརྟེན་ངེད་ཚོ་བོན་པོ་ཡོངས་ནས་དུས་རྟག་ཏུ་གནམ་གཡེང་དང་ཕྱི་ཁྲ་ཁྲ་ཟིང་ཟིང་ལ་མགོ་མ་འཁོར་བར་རང་ངོ་རང་གིས་ཤེས་པ་དང་། རང་ཉིད་བོན་པོ་ཞིག་ཡིན་པ་མ་ཟད་བསྐལ་པ་ཡ་ཐོག་ནས་མཆིས་པའི་བོད་ཀྱི་བདག་པོ་དེ་ཡིན་པ་ལེགས་པར་ར་འཕྲོད་པར་བྱས་ཏེ། སློབ་སྦྱོང་མིང་དོན་མཚུངས་པ་ཞིག་གནང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཏུ་འགྱུར་ཡོད། དེ་ཡང་ཚང་མས་མཁྱེན་གསལ་ལྟར་གཞི་རྩའི་ང་རང་ཚོ་གཡུང་ངྲུང་བོན་གྱི་བསྟན་པ་དེ་ནི་གནའ་སྔ་མོའི་དུས་སུ་རིག་གཞུང་ཕྱུག་ལ་བོད་མི་ཀུན་ཀྱང་བོན་པོ་ཡིན་པར་བརྗོད། འོན་ཀྱང་ད་ལྟའི་ཉག་ཕྲ་བའི་དུས་སྐབས་དེར་མིག་གདོང་ཤིག་འཕང་ཚེ་ཡིད་སྐྱོ་བའི་གནས་སྟངས་ཤིག་ཏུ་འགྱུར་ཡོད། བོན་པོ་ཡིན་པའི་མི་འབོར་ཉུང་བ་འགའ་ཤས་རང་གི་ཕ་རྒྱུད་བོན་པོ་ཡིན་ཀྱང་ད་ལྟ་བུ་ཕྲུག་འགས་བོན་པོ་ཡིན་ཞེས་མི་ལབ་པར་སྦས་གསང་བྱས་ཏེ་ཆོས་བརྒྱུད་གཞན་པའི་ཐད་སློབ་གཉེར་གནང་མཁན་མི་ཉུང་བ་ཞིག་ཡོད། ང་རང་ཚོ་ཚང་མ་ས་གནས་འདྲ་མིན་དང་མི་རིགས་སྣ་ཚོགས་དང་མཉམ་དུ་གཤིབ་དགོས་དུས་གནས་ཚུལ་འདྲ་མིན་གདོང་ཐུག་འབྱུང་གི་ཡོད། མི་འགས་ཕན་ཚུན་ལབ་གླེང་གནང་དུས་བོན་པོའི་ཆོས་དེ་ཡང་དག་མ་ཡིན་པ་དང་། དོན་མེད་འཆལ་འཆོལ་གྱི་ལབ་གླེང་མང་པོ་རང་གི་མིག་མདུན་དུ་བཤད་ཀྱི་ཡོད། སྐབས་དེ་དུས་རང་ཉིད་ཀྱི་སེམས་རྣལ་དུ་ཕབ་ཏེ་རང་ཉིད་ཀྱི་གང་ཤེས་པ་དེ་གོ་བརྡ་སྤྲོད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། རང་གི་ལབ་ཤེས་པ་དེ་འདྲ་ཡིན་རུང་ང་གནས་ཚུལ་བྱེ་བྲག་དེའི་སྐོར་ཤེས་ཀྱི་མེད། རྗེས་ལ་ལབ་གླེང་བྱ་རྒྱུ་ཡིན་ཞེས་བརྗོད་ནས་མཚམས་འཇོག་དགོས། དེ་རྗེས་གནས་ཚུལ་ཡག་སྡུག་ཅི་འདྲ་ཞིག་ཡིན་རུང་རང་ལས་རྒན་པ་ཤེས་ཡོན་ཅན་དང་དགེ་བའི་བཤེས་གཉེན་དེ་བཞིན་བླ་ཆེན་ཁག་ལ་བཀའ་འདྲི་ཞུས་ཏེ་རང་ཉིད་ཀྱིོས་ཤེས་པར་བྱས་ནས་མི་གཞན་དེར་ཅིས་ཀྱང་གོ་བརྡ་སྤྲོད་ཐུབ་པར་བྱ་དགོས། ལྷག་པར་དུ་ང་བོན་པོ་ཞིག་ཡིན་ཞེས་དྲན་པ་མ་བརྗེད་པར་ངེས་པར་དུ་མི་དེ་དག་མདུན་དུ་ཁྱབ་བསྒྲགས་བྱ་དགོས། ཕྲན་ངོས་ནས་མཐོང་ཚུལ་ལྟར་ན་སྐབས་འགར་གནས་སྟངས་དེ་རིགས་འཕྲད་ཚེ་བོན་ཕྲུག་འགས་གནས་ཚུལ་མ་ཤེས་པ་དེ་གོ་བརྡ་སྤྲོད་རྒྱུ་ལྟ་ཅི་སྨོས་ཐ་ན་ང་བོན་པོ་ཞིག་ཡིན་ཞེས་བརྗོད་མི་ཕོད་མཁན་མང་པོ་མཐོང་རྒྱུ་ཡོད། དེ་རིགས་བྱས་ཚེ་ངེད་ཚོ་བོན་པོ་ཞིག་ཡིན་པའི་འགན་འཁྲི་གང་ཡང་བསྒྲུབ་ཐུབ་ཀྱི་མེད།
   དེ་ཡང་ངེད་ཚོ་བོན་ཕྲུག་རྣམས་ནས་ངེད་ཚོའི་འགན་འཁྲི་དེ་བོན་གྱི་རིག་གཞུང་དང་རྒྱལ་རབས་ལོ་རྒྱུས་ཁོ་ནར་སློབ་སྦྱོང་བྱ་རྒྱུ་དེ་རེད་ཅེས་དེ་འདྲ་མ་དགོངས་པར། ཨང་དང་པོ་གཞི་དེ་དེ་ཉིེད་ཡིན་པའི་སྟེང་སློབ་ཕྲུག་སོ་སོའི་རིག་པའི་རྣམ་དཔྱོད་དང་། སློབ་སྦྱོང་བྱ་དུས་ཀྱང་སློབ་ཚན་གང་གི་ཐད་རང་གི་སྤྲོ་བ་དང་མོས་པ་ཤུགས་ཆེ་བ་ཡོད་པ་དེ་ངོ་ལེགས་པར་འཕྲོད་པར་བྱས་ཏེ་སློབ་གཉེར་ཚད་ལྡན་གནང་དགོས་པ་ཡིན། དེ་ཡང་གཙོ་བོ་རང་ཉིད་ཀྱི་ངོ་བོ་དང་བོན་པོ་ཡིན་པ་དེ་བཞིན་བོན་པོ་ཡིན་པའི་འགན་འཁྲི་དེ་དྲན་པ་མ་བརྗེད་པར་དུས་ཀུན་ཏུ་ཡིད་ལ་བཅང་ནས་སོ་སོའི་དམིགས་ཡུལ་དེར་བློ་སེམས་གཅིག་ཏུ་སྒྲིམས་ནས་སློབ་གཉེར་གནང་དགོས།
   གཞི་རྩའི་ང་རང་ཚོ་བོན་པོ་རྣམས་གྲངས་ཉུང་མི་རིགས་ཤིག་ཡིན་རུང། ངེད་ཚོ་ཚང་མའི་སློབ་ཚན་འདྲ་མིན་ཐད་སློབ་གཉེར་གནང་རྗེས་དུས་རབས་ཉེར་གཅིག་གི་མི་དང་ལྷན་དུ་དཔུང་པ་མཉམ་འདེགས་ངང་གོམ་པ་སྤོ་ཐུབ་པར་བྱ་དགོས། དུས་རྟག་ཏུ་ང་ཚོ་གྲངས་ཉུང་མི་རིགས་ཡིན་ཞེས་བློ་མ་འཁུམ་པར། དེ་ལྡོག་ང་རང་བོན་པོ་ཞིག་ཡིན་ཞེས་སྤོབས་པ་ཆེན་པོའི་ངང་སློབ་སྦྱོང་མཐིལ་ཕྱིན་པ་ཞིག་གནང་དགོས། དེ་མཚུངས་སློབ་ཕྲུག་འགས་རྒྱལ་རབས་ལོ་རྒྱུས་སྟེང་སློབ་གཉེར་གནང་རྒྱུ་དང་། འགའ་ཞིག་གིས་སྲིད་དོན། འགའ་ཞིག་གིས་གསོ་རིག་གཞུང་།
   དེ་བཞིན་བོན་གཞུང་ཐུན་མོང་མ་ཡིན་པའི་རྩིས་ཀྱི་གཞུང་། ཟློས་གར། རྩེད་མོ། རིག་གནས་སོགས་བོན་ཕྲུག་སོ་སོའི་ཁམས་དང་མོས་པར་གཞིགས་ནས་སློབ་སྦྱོང་གནང་དགོས། དེ་དག་ཀྱང་རང་དོན་ཁོ་ནར་དམིགས་པ་དེ་འདྲ་མ་ཡིན་པར་གཡུང་དྲུང་བོན་གྱི་བསྟན་པའི་རྗེས་འཇུག་པ་ཞིག་ཡིན་ཞེས་ཡིད་ལ་བཅངས་ནས་སློབ་གཉེར་གནང་དགོས། ཁ་སྟོང་ཙམ་གྱི་ང་བོན་པོ་ཡིན་ཞེས་བརྗོད་པ་དང་རང་ཉིད་སྙན་གྲགས་ཡོང་ཆེད་དང་། ལག་འཁྱེར་ཆེན་པོ་དང་མིང་ཆེན་ཆེན་པོར་མ་ཆགས་པར་གཙོ་བོར་གཡུང་དྲུངབོན་གྱི་བསྟན་པ་དང་མ་འོངས་པའི་བོན་ཕྲུག་སོན་རྩ་དང་བོན་པོའི་སྤྱི་ཚོགས་དག་ལ་དམིགས་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཤེས་ཡོན་ཐོག་འབད་པ་ལྷོད་མེད་གནང་དགོས་སོ། །

བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།།

ང་རང་བོན་པོ་ཞིག་ཡིན་པའི་འགན་འཁྲི།
༧གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་༡༢པའི་སྐབས་མཐོ་རིམ་སློབ་མའི་འགྲན་རྩོམ་ཨང་གསུམ་པ།
ཤེས་རབ་ཡོན་ཏན། ཝཱ་ཎཱ་མཐོ་སློབ།

   ཐོག་མར་ང་རང་བོན་པོ་ཞིག་ཡིན་པའི་སྤོབས་པ་ཡོད། བདག་ནི་མ་འོངས་པའི་བོན་གྱི་ས་བོན་ཡིན་པའི་ང་རྒྱལ་ཡོད། བདག་ནི་སྒོ་ངའི་ནང་གི་སེར་རིལ་ཡིན་པའི། གཡུང་དྲུང་བོན་གྱི་ས་བོན་འཚོ་ཐུབ་ལ་དེ་འདྲ་སྙམ་ནས་ཤེས་ཡོན་རིན་ཆེན་ནོར་བུ་འདི་ཆུད་ཟོས་དུ་མ་བཏང་བར་འབད་རོགས།
   སྤྱིར་བཏང་ནི་རྒྱལ་ཁབ་ཚང་མ་ལ་སྐད་ཡིག་དང་རིག་གཞུང་འདྲ་མིན་སྣ་ཚོགས་ཡོད། སྐད་ཡིག་དང་རིག་གཞུང་ནི་རྒྱལ་ཁབ་ཀྱི་ངོ་བོ་མཚོན་བྱེད་དང་མུན་པ་ནང་ནས་གསལ་བྱེད་ཉི་མའི་འོད་སྣང་བཞིན། དེ་འདྲ་ཚང་མ་ལ་འབད་བརྩོན་བྱེད་ན་ཧ་ཅང་གི་དགོས་གལ་ཆེན་པོ་ཡིན། ཡིན་ན་ཡང་ས་སོའི་སྐད་ཡིག་དང་རིག་གཞུང་སླད་མེོད་༼མི་༽བྱེད་ན་ངོ་ཚ་ཡིན། མ་འོངས་པའི་བོན་གྱི་ས་བོན་འཚོ་ཐུབ་ལ། ངེས་པར་དུ་ངེས་དགོས་ཞིག་ལ། བདག་ནི་མ་འོངས་པའི་བོན་གྱི་ས་བོན་ཡིན་པ་མ་ཟད། སྒོ་ངའི་ནང་གི་སེར་རིལ་ཡིན་པ་མཁྱེན་དགོས། གལ་སྲིད་དེ་འདྲ་ཐུགས་ལ་མ་མཁྱེན་ན། གཏམ་ངན་ཁུར་ནས་མི་ཡུལ་ལ་སྡོད་པ་ལས། གཏམ་བཟང་ཁུར་ནས་དམྱལ་བར་འགྲོ་བར་དགའ། སོ་སོའི་རིག་གཞུང་རིན་ཆེན་ནོར་བུ་འདི་སྲུང་སྐྱོབས་བྱེད་དགོས་པ་ནི་ཤིན་ཏུ་དགོས་གལ་ཆེན་པོ་ཡིན། སོ་སོའི་ཆོས་དང་རིག་གཞུང་གི་བླ་མ་དང་གྲྭ་པ་གཅིག་པུ་ལས་འགན་མ་ཡིན་པ་ཐུགས་ལ་མཁྱེན་དགོས། གཡུང་དྲུང་བོན་གྱི་རིག་གཞུང་ཕྱུག་པོ་འདི་ན་གཞོན་དང་ཚང་མ་ལ་འགན་འཁྲི་ཡོད།
   ཐུགས་ལ་ངེས་པར་དུ་ཉར་དགོས་གཅིག་ལ་བདག་ནི་བོན་པོ་ཡིན་བསམ་ནས་དེ་མཉམ་དུ་བོན་གྱི་ལྟ་གྲུབ་དང་རྒྱལ་རབས་ལོ་རྒྱུས་སྐོར་ངེས་པར་དུ་བཤད་དགོས། སོ་སོའི་རིག་གཞུང་ཕྲོག་བརླག་མ་གཏང་བར་ཚེས་པ་བཅོ་ལྔའི་ཟླ་བ་ནང་བཞིན་འཇིག་རྟེན་ཁམས་འདིར་སྤེལ་བའི་འབད་བརྩོན་བྱེད་དགོས། སློབ་ཕྲུག་ཁག་ཅིག་བོན་གནས་ནས་ཕྱིར་ཐོན་སྐབས་མི་གཞན་ཞིག་མཉམ་བགྲོ་གླེང་བྱེད་དུས་བདག་བོན་པོ་མ་ཡིན་གསུངས་མཁན་དུ་མ་ཡོད། དེ་ཚང་མ་ཆུང་དུས་ནས་ཨ་མའི་འོ་མ་མ་འདང་རྐྱེན་གྱིས་རེད།

བོན་རྒྱལ་ལོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག