ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> བསྒྱུར་རྩོམ། >> རྫོགས་ཆེན་གྱི་སྐོར།
རྫོགས་ཆེན་གྱི་སྐོར།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མཁར་རྨེའུ་བསམ་གཏན་རྒྱལ་མཚན།] [ཟླ་ཚེས། 10-07-03] [ཀློག་གྲངས། ]

བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བསྒྱུར།     

       རྫོགས་པ་ཆེན་པོའི་ཆོས་ནི་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན། བོན་གྱི་གཞུང་སྤྱིའི་ཁྲོད་དུ་རྫོགས་ཆེན་ཞེས་པ་དེ་ལ་བོན་གྱི་ཐེག་པ་དགུ་ལས་བླ་མེད་ཀྱི་ཐེག་པ་ཞེས་སུ་མིང་བཏགས་ནས་དེ་ཆེས་མཐོའི་ཉམས་ལེན་གྱི་གཞུང་ལུགས་ཤིག་ཏུ་ངོས་འཛིན་བྱེད་པ་ཡིན། རྙིང་མ་བས་དེ་ལ་རྩོད་སྒྲུབ་དང་བྲལ་བའི་ཐེག་པ་ཞེས་ཟེར་བ་ཡིན་ནོ། །
      རྙིང་མ་བའི་ལྟ་ཚུལ་ལྟར་ན། རྫོགས་པ་ཆེན་པོའི་གཞུང་ནི་བེེ་རོ་ཙ་ནས་དུས་རབས་བརྒྱད་པའི་སྐབས་སུ་རྒྱ་གར་ནས་གདན་དྲངས་པར་གྲགས། བེེ་རོ་ཙ་ནའི་རྣམ་ཐར་ནང་དུ་ཁོང་དང་རྒྱ་གར་གྱི་མཁས་པ་རྣམས་ཕན་ཚུན་མཇལ་ཚུལ་དང་རྫོགས་ཆེན་གྱི་གཞུང་རྣམས་བོད་དུ་ནང་འདྲེན་གནང་ཚུལ་སྐོར་རགས་ཙམ་འཁོད་ཡོད་ནའང་། རྣམ་ཐར་དེ་བརྩམས་པའི་དུས་ནི་དུས་རབས་བཅུ་བཞིའི་སྐབས་ཡིན་པ་རེད། ཤྲཱི་སི་ནི་བེེ་རོ་ཙ་ནས་རྒྱ་གར་གྱི་ཡུལ་དུ་མཇལ་བའི་སློབ་དཔོན་གྱི་གྲས་ཤིག་ཡིན་ལ། མཁས་པ་དེའི་སྐོར་ལ་ཀློང་ཆེན་རབ་འབྱམས༡༣༠༨—༡༣༦༣ཀྱིས་ཁོང་ནི་རྒྱ་ནག་གི་ཡུལ་དུ་སྐྱེས་ཤིང་རྒྱ་གར་གྱི་ཡུལ་དུ་གནས་བཅའ་ཞེས་གསུངས་པ་དེ་ཙམ་ལས་གཞན་པའི་གནས་ཚུལ་ད་ཕན་གསལ་པོ་མ་མཐོང་། བེེ་རོ་ཙ་ནས་རྫོགས་ཆེན་གྱི་ལྟ་བའི་གཞུང་ལུགས་བོད་དུ་ནང་འདྲེན་མཛད་སྐབས་ཀྱི་བོད་མིའི་བློ་ནི་རྒྱ་གར་གྱི་ཡུལ་ནས་དར་ཞིང་སློབ་དཔོན་ཞི་བ་འཚོས་སྤེལ་བའི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་དང་། རྒྱ་ནག་གི་ཡུལ་ནས་དར་བའི་ཧྭ་ཤང་མ་ཧྭ་ཡ་ནའི་ཆོས་ཀྱི་ལྟ་བ་གཉིས་ལས་ཡང་སྙིང་ཅི་ཞིག་དང་ལེན་དགོས་མིན་བཅས་ཀྱི་སོམ་ཉིའི་དྲ་རྒྱར་ཚུད་ནས་གནས་ཡོད།
       སྐབས་དེའི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལས་ཐེག་པ་ཆེན་པོའི་ལུགས་ནི་མདོ་སྡེ་དག་ཡིན་ལ་ལྷག་པར་དུ་ཕར་ཕྱིན་དང་མདོ་ལངྐར་གཤེགས་པ་ལ་དོ་སྣང་ཤུགས་ཆེ་བྱེད་པའི་སྒྲུབ་རྒྱུད་ཅིག་ཡིན་ནའང་། བེེ་རོ་ཙ་ནས་སྤེལ་བའི་ཆོས་ནི་རྫོགས་ཆེན་དང་དེ་དང་འབྲེལ་བའི་དབང་གི་བརྒྱུད་རིམ་ལ་གཙོ་གཉེར་བྱེད་པར་གྲགས་ལ། འོན་ཀྱང་། བེེ་རོ་ཙ་ནས་སྤེལ་བའི་ཆོས་ཀྱི་རྐང་པ་བོད་དུ་བརྟན་པོ་མ་ཚུགས་གོང་ཁོང་ཉིད་རྒྱང་འབུད་བཏང་བ་དང་། སངས་རྒྱས་ཆོས་ལུགས་དེ་ཡང་བསྐྱར་དུ་བསྣུབས་སོ། །
       དུས་རབས་བཅུ་གཅིག་པའི་དུས་འགོར་སངས་རྒྱས་ཆོས་ལུགས་སླར་ཡང་དར་འགོ་ཚུགས་སྐབས། རྫོགས་ཆེན་ཞེས་པའི་ཚིག་དེའི་འོག་བེེ་རོ་ཙ་ནས་བསྒྱུར་བར་གྲགས་པའི་བཀའ་རྣམས་ཚུད་པ་མ་ཟད། ཕྱིས་སུ་ལྷ་བླ་མ་ཡེ་ཤེས་འོད་དང་ཕོ་བྲང་ཞི་བ་འོད་རྣམ་གཉིས་ཀྱིས་སྐྱོན་བརྗོད་མཛད་པའི་གཞུང་ལུགས་ཀྱང་བསྡུས་ཡོད། དུས་དེ་ནས་བཟུང་རྫོགས་ཆེན་གྱི་དེ་རྩོད་གཞི་ཅན་ཞིག་ཏུ་འགྱུར་འགོ་ཚུགས་ཡོད། དེ་ཡང་ཁ་གཅིག་གིས་རྫོགས་ཆེན་གྱི་གཞུང་ནི་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་སྒྲུབ་པར་བྱེད་པའི་ཐབས་ལེགས་ཤོས་དེ་ཡིན་པར་ངོས་འཛིན་བྱེད་པ་ཡིན་ལ།སངས་རྒྱས་ཆོས་ལུགས་པ་ཁུངས་བཙུན་ཡིན་པར་འདོད་པ་རྣམས་ཀྱིས་རྫོགས་ཆེན་གྱི་གཞུང་ནི་རྒྱ་ཡི་ཧྭ་ཤང་མ་ཧྰ་ཡ་ན་བོད་ནས་ཕྱིར་འབུད་བྱས་རྗེས་ལུས་པའི་ལྟ་བ་ཡིན་པར་ངོས་འཛིན་ཡིན་པར་བྱེད་ལ། གཞུང་དེ་ནི་རྫུན་མ་ཡིན་པས་ན་བཀག་བསྡོམས་བྱས་སོ་ཞེས་བརྗོད་པ་ཡིན། འགོས་ལོ་ཙྰ་བས་རྫོགས་ཆེན་གཞུང་གི་འབྱུང་ཁུངས་ལ་དོགས་དྲི་མཛད་ཡོད་ལ། ཁོང་གིས་དེ་ལྟའི་གཞུང་ཞིག་ནི་རྒྱ་གར་གྱི་ཡུལ་དུའང་མ་མཆིས་སོ་ཞེས་གསུངས་ཡོད། དེ་རྗེས་སུ་ས་པཎ་ཀུན་དགའ་རྒྱལ་མཚན་༼༡༡༨༢—༡༢༥༡༽གྱིས་ཁོང་གི་བཀའ་རྩོམ༼སྡོམ་གསུམ་རབ་དབྱེ༽ཞེས་པའི་ནང་དུ། རྫོགས་ཆེན་དེ་རྒྱ་ནག་ལུགས་ཀྱི་རྫོགས་ཆེན་ཞེས་པ་དེ་ཡིན་མིན་ལ་དོགས་དྲི་མཛད་ཡོད། ཁོང་གིས་རྙིང་མ་བ་རྣམས་ཀྱིས་ཉམས་ལེན་བྱེད་པའི་རྫོགས་ཆེན་གྱི་གཞུང་ལ་ཐད་ཀར་མ་ཡིན་པར་རྫོགས་ཆེན་གྱི་གཞུང་ལ་ཟུར་ཟ་དང་སུན་འབྱིན་ལྟ་བུ་མཛད་ཡོད། དེ་བཞིན་དུས་རབས་བཅུ་བཞིའི་ནང་བྱོན་པའི་འབྲི་གུང་དཔལ་འཛིན་གྱིས་ཀྱང་རྒྱ་གར་གྱི་ཡུལ་དུ་ཐ་ན་རྫོགས་ཆེན་ཞེས་པའི་ཐ་སྙད་ཀྱང་མ་མཆིས་པས་གཞུང་དེ་ནི་ཡོངས་སུ་ཁུངས་མ་དག་པ་ཞིག་ཡིན་པར་ངོས་འཛིན་གནང་ཡོད།
      འགྲན་རྩོད་ལ་དགའ་བའི་རྙིང་མ་བའི་རྩོམ་པ་པོ་མང་ཆེ་བས་གོང་གསལ་མཁས་པའི་ལྟ་ཚུལ་ལ་དགག་པ་བཀྱོན་ནས་རྫོགས་ཆེན་གྱི་གཞུང་ནི་བེེ་རོ་ཙ་ནས་རྒྱ་གར་གྱི་ཡུལ་ནས་བོད་དུ་བསྣམ་ཕེབས་པའི་ཆོས་ལུགས་གྱི་གཞུང་ལུགས་ཤིག་ཡིན་པར་ངོས་འཛིན་གནང་ཡོད་ནའང་། ཀློང་ཆེན་རབ་འབྱམས་ཀྱིས་རྫོགས་ཆེན་གྱི་གཞུང་ནི་ཧྭ་ཤང་མ་ཧྰ་ཡ་ནའི་གཞུང་ལུགས་རྩེར་སོན་པ་དེ་ཡིན་ནའང་ཁོང་དང་དུས་མཉམ་པའི་སྐྱེ་བོ་རྣམས་ཀྱིས་དེ་དོན་མ་ཤེས་སོ་ཞེས་གསུངས། ཀློང་ཆེན་གྱིས་གསུངས་པའི་ཧྭ་ཤང་དང་དུས་མཉམ་པའི་སྐྱེ་བོ་ནི་ཀ་མ་ཤི་ལར་གོ་དགོས་པ་ལྟ་བུ་ཞིག་འདུག་ནའང་གནད་དོན་དེའི་སྐོར་རྩོད་རྙོག་ཆེ་ཙམ་འདུག་པས་འདིར་རྒྱས་གླེང་མི་བྱ། གང་ལྟར་ཕྱོགས་གང་ཐད་ནས་བརྗོད་ནའང་། ད་ལྟ་ང་ཚོའི་ལག་ཏུ་ཏུན་ཧོང་གི་ཡིག་རྙིང་དག་ཡོད་པས་ཞིབ་འཇུག་གི་མཐུན་རྐྱེན་ཀྱང་འཇུ་མི་ཕམ་རྒྱ་མཚོ༼༡༨༤༦―༡༩༡༢༽སོགས་ལས་ཀྱང་བཟང་བ་ཡོད། ལར་འཇུ་མི་ཕམ་རྒྱ་མཚོར་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་གནའ་བོའི་དཔེ་རྙིང་༼བསམ་གཏན་མིག་སྒྲོན༽ལྟ་བུར་དཔྱད་གཞི་གནང་རྒྱུའི་གོ་སྐབས་ཐོབ་ཡོད་ནའང་། ཁོང་ལ་ང་ཚོ་ལྟར་ཏུན་ཧོང་ནས་ཐོན་པའི་རྫོགས་ཆེན་དཔེ་ཆ་དང་གནའ་བོའི་བསམ་གཏན་གྱི་ནང་དོན་འཁོད་པའི་དཔེ་ཆའི་དབར་དཔྱད་བསྡུར་གནང་རྒྱུའི་སྐལ་བ་ཐོབ་མེད། རང་ལུགས་ཁུངས་བཙན་པར་འདོད་པའི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་འཛིན་པ་རྣམས་ཀྱིས་རྫོགས་ཆེན་གྱི་གཞུང་ལ་དམའ་འབེབས་དང་འགོག་རྒོལ་བྱེད་སྐབས། རྫོགས་ཆེན་གྱི་ལྟ་བའི་སྙིང་པོ་ནི་ཧྭ་ཤང་མ་ཧྭ་ཡ་ནའི་ཅི་ཡང་ཡིད་ལ་མི་བྱེད་པ་ཞེས་པའི་ལྟ་བ་དེའོ་ཞེས་གསུངས་པ་ཡིན། དེ་ལྟ་བུའི་དམིགས་བསལ་གྱི་སྒོམ་སྒྲུབ་བྱེད་སྟངས་དེ་ནི་བསམ་གཏན་ལུགས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་པ་ལས་འཕེལ་བའི་ལྟ་བ་ཞིག་ཡིན་ཤས་ཆེ། ལུགས་དེ་ལྟར་ན། རྣམ་པར་མི་རྟོག་པ་སྒོམ་པའི་མཐར་དེ་བཞིན་གཤེགས་པའི་བསམ་གཏན་ཐོབ་པར་འདོད། ཁུངས་བཙན་པའི་སངས་རྒྱས་ཆོས་ལུགས་པ་རྣམས་ལ་བལྟོས་ནས་བརྗོད་ན། ཅི་ཡང་ཡིད་ལ་མི་བྱེད་པ་ཞེས་པ་དེ་ནི་སྟོང་པ་ཞིག་དང་། དེ་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་འགོག་རྐྱེན་ཞིག་ཏུ་ངོས་འཛིན་བྱེད་པ་ཡིན། མདོར་ན། དེ་ལྟ་བུའི་རྩོད་རྙོག་ཅིག་དུས་རབས་འགའ་ཞིག་ནང་དུ་འཁྲུན་ཐག་མ་ཆོད་པར་ལུས་ཡོད། འཇུ་མི་ཕམ་རྒྱ་མཚོའང་ཧྭ་ཤང་མ་ཧྭ་ཡ་ནས་ཡང་སྙིང་གཞུང་ལུགས་གང་འདྲ་ཞིག་བརྩམས་ཡོད་མེད་མི་ཤེས་པའི་དྲ་རྒྱའི་ནང་དུ་ཚུད་པ་མ་ཟད། ཁོང་གིས་བརྩམས་པའི་རྩོད་ཡིག་ཞིག་ནང་དུ། སྔོན་གྱི་རྒྱ་ནག་གི་དགེ་སློང་གིས་ཅིག་ཡང་ཡིད་ལ་མི་བྱེད་པའི་རྒྱབ་བརྟེན་དུ་མདོ་སྡེ་བརྒྱད་ཅུ་ཁུངས་སུ་བྱས་ཞེས་གྲགས་པའི་གཏམ་རྒྱུན་ཙམ་ལས། མདོ་སྡེའི་ལུང་གང་དྲངས་པ་དང་། དེའི་དོན་ཇི་ལྟར་གཏན་ལ་ཕབ་པའི་ཡིག་ཆ་གང་ཡང་དེང་སང་མི་སྣང་བས། ཞེས་འཁོད་ཡོད། མ་གཞི་བོད་དུ་རྫོགས་ཆེན་གྱི་ལྟ་བ་དང་གཞུང་དོན་དག་ལ་ཉམས་ལེན་བྱེད་པའི་སྐབས་སུ་རྒྱ་ནག་ལུགས་ཀྱི་བསམ་གཏན་སྒོམ་སྒྲུབ་བྱེད་སྟངས་དེ་ཡང་ཅུང་ཙམ་འདྲེས་ནས་ཡོད་ཀྱང་རྫོགས་ཆེན་གྱི་འབྱུང་ཁུངས་ནི་རྒྱ་གར་དང་བོད་ཀྱི་ཡུལ་རང་ཡིན་ལ། བོད་དུ་དར་བའི་བསམ་གཏན་གྱི་ལྟ་བ་ནི་རང་ཚུགས་ཅན་གྱི་གཞུང་ལུགས་ཤིག་ཏུ་ངོས་འཛིན་གྱིས་ཉམས་ལེན་བྱས་ཚུལ་ནི་༼བསམ་གཏན་མིག་སྒྲོན༽ ཞེས་པའི་དཔེ་རྙིང་ནང་དུ་གསལ་པོ་འཁོད་འདུག་གོ །
       བོན་ལུགས་ལྟར་ན། རྫོགས་ཆེན་གྱི་ལྟ་བར་སྒོམ་སྒྲུབ་བྱེད་སྟངས་དུ་མ་མཆིས་ཀྱང་ཕལ་ཆེར་དེ་མ་ལག་གསུམ་དུ་དབྱེ་བ་ཡིན། དེ་རྣམས་ནི་ཨ་རྫོགས་སྙན་གསུམ་ཞེས་པ་དེ་ལགས། དེ་ཡང་ཨ་ཞེས་པ་ནི་ཨ་ཁྲིད་དང་རྫོགས་ནི་རྫོགས་ཆེན། སྙན་ནི་ཞང་ཞུང་སྙན་རྒྱུད་བཅས་སོ། །དེ་དག་གསུམ་ལས་ཨ་ཁྲིད་ནི་སྒོམ་གྱི་གཞུང་ལུགས་གྲུབ་ཐོབ་ཆེན་པོ་དགོངས་མཛོད༼༡༠༣༠—༡༠༩༦༽རི་ཁྲོད་པ་ཞེས་པས་སྲོལ་འབྱེད་མཛད་པར་ངོས་འཛིན་བྱེད་ལ། ཁོང་གིས་མ་ལག་དེ་ལ་ཨ་ཁྲིད་ཐུན་མཚམས་བརྒྱད་ཅུ་པ་ཞེས་སུ་དབྱེ་གནང་མཛད་ཡོད། ཐུན་མཚམས་རེ་རེའི་དུས་ཡུན་ནི་གཟའ་འཁོར་གཅིག་ནས་གཉིས་པར་ཡིན། ཐུན་མཚམས་བརྒྱད་ཅུ་པ་རྣམས་མཐར་ཕྱིན་རྗེས་ཉམས་རྟོགས་སད་པ་རྣམས་ལ་རྟོགས་ལྡན་ཞེས་མཚན་གསོལ་བ་ཡིན། འོན་ཀྱང་། ཕྱིས་སུ་འ་ཞ་བློ་གྲོས་རྒྱལ་མཚན་གྱིས༼༡༡༩༨—༡༢༦༣༽ཐུན་མཚམས་བརྒྱད་ཅུ་དེ་སུམ་ཅུར་ཉུང་འཕྲི་མཛད་པ་དང་། བྲུ་རྒྱལ་པ་གཡུང་དྲུང་༼༡༢༤༢—༡༢༩༦༽གིས་ཐུན་མཚམས་བཅོ་ལྔར་ཉུང་འཕྲི་མཛད་ཡོད། དུས་དེ་ནས་བཟུང་བྲུའི་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་ཞེས་པ་དེ་བྱུང་། ཨ་ཁྲིད་ཀྱི་སྒོམ་སྒྲུབ་མ་ལག་ལ་ནོར་ཝེའི་རྒྱལ་ལྡན་རྒྱལ་ཁབ་ཀྱི་བོད་རིག་པ་མཁས་ཅན་ཁེ་ཝེ་ནེར་གྱིས་ཞིབ་ཅིང་ཕྲ་བའི་དཔྱད་ཞིབ་མཛད་ཡོད།
       གོང་གསལ་ཨ་རྫོགས་སྙན་གསུམ་ལས་རྫོགས་ཆེན་ནི་བཞོད་སྟོན་དངོས་གྲུབ་གྲགས་པས༼རྫོགས་ཆེན་ཡང་རྩེ་ཀློང་ཆེན༽ཞེས་པའི་དཔེ་ཆ་གཏེར་ནས་བཞེས་རྗེས་དར་བར་གྲགས། བོན་ལུགས་ཀྱི་བསྟན་རྩིས་ལྟར་ན་གཞུང་དེ་དར་བའི་དུས་ནི་སྤྱི་ལོ༡༠༨༨ལ་ཡིན། དེ་ལྟའི་བོན་ལུགས་ཀྱི་མ་ལག་དེར་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནང་དུ་སེམས་སྡེ་ཞེས་ཟེར་བ་ཡིན།  དེར་བརྟེན།  བོན་ལུགས་ཀྱི་ནང་དོན་དང་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་རྙིང་མ་བའི་རྫོགས་ཆེན་གཞུང་དབར་འབྲེལ་ལམ་ཞིག་མཆིས་སོ། །
      ཞང་ཞུང་སྙན་རྒྱུད་ནི་བོན་ལུགས་ཀྱི་སྒོམ་སྒྲུབ་མ་ལག་སྤྱིའི་ཁྲོད་ལས་ཆེས་གལ་ཆེར་འཛིན་པར་གཞུང་ལུགས་ཤིག་ཡིན་པར་ངོས་འཛིན་བྱེད་པ་ཡིན།  ཞང་ཞུང་སྙན་རྒྱུད་ནི་དུས་རབས་བརྒྱད་པའི་སྐབས་བྱོན་པའི་བོན་གྱི་མཁས་པ་གྱེར་སྤུངས་སྣང་བཞེར་ལོད་པོ་ཡིས་ཐོག་མར་སྤེལ་བར་གྲགས་ལ།  སྤ་བསྟན་རྒྱལ་བཟང་པོས་མཛད་པའི ༼ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་པའི་བླ་མའི་རྣམ་ཐར༽ནང་དུ་ཞང་ཞུང་སྙན་བརྒྱུད་ནི་ཐོག་མའི་སྲོལ་གཏོད་པ་པོ་སྣང་བཞེར་ལོད་པོ་ནས་ཁོང་རང་ཉིད་བར་རྒྱུན་མ་ཆད་པར་བརྒྱུད་ནས་དར་ཡོད་ཚུལ་གསུངས་ཡོད། ཞང་ཞུང་སྙན་རྒྱུད་ནང་དུ་ཐུན་མོང་མ་ཡིན་པའི་ལྟ་བ་ཞིག་མཆིས་པ་དེ་ནི་ཁ་དོག་ལྔ་ལྡན་གྱི་འོད་དང་ལྡན་པའི་གཞི་ཡི་གནས་ལུགས་དེ་ཀུན་གཞི་ཞེས་པ་མ་རིག་པ་དང་རིག་པའི་གདོད་མའི་འབྱུང་ཁུངས་ཡིན་པར་གསུངས་སོ། །
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག