བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བསྒྱུར།
དཔྱད་རྩོམ་འདི་ནི་ཁོ་བོས་སློབ་དཔོན་ཆེན་མོ་སེ་ནེལ་གོ་རུབ་ལ་བསྔགས་བརྗོད་ཀྱི་ཚུལ་དུ་བྲིས་པ་ཞིག་ཡིན། ཁོང་ནི་ནུབ་ཕྱོགས་ཀྱི་ཡུལ་དུ་བོན་ལ་ཞིབ་འཇུག་མཛད་མཁན་ཨང་དང་པོ་དེ་ཡིན་ལ། ཁོང་གི་བརྩམས་གནང་མཛད་པའི་ལྗགས་རྩོམ་རྣམས་ད་ལྟ་བོད་རིག་པར་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས་ངེས་པར་དུ་བལྟ་ཀློག་བྱ་དགོས་ཀྱི་གཞུང་ལུགས་ལྟ་བུ་ཞིག་ཏུ་གྱུར་ཡོད། ཁོང་གི་ལྗགས་རྩོམ་གྱི་གྲས་སུ་སྟོན་པ་གཤེན་རབ་ཀྱི་ལོ་རྒྱུས་རྒྱས་པ༼གཟི་བརྗིད༽ཀྱི་གལ་ཆེའི་ལེའུ་ཁག་གཅིག་དབྱིན་ཡིག་ཏུ་ཕབ་སྒྱུར་གནང་བ་དེ་ཡང་ཚུད་ཡོད། ༼གཟི་བརྗིད༽ནི་དོན་དངོས་ཐོག༼གཟེར་མིག༽ཅེས་སྟོན་པ་གཤེན་རབ་ཀྱི་མཛད་པ་འབྲིང་བསྡུས་དེ་རྒྱས་པར་སྤྲོས་པ་ཞིག་ཡིན་པ་རེད། དེ་བཞིན་དཔེ་ཆ་མི་འདྲ་བ་འགའ་ཞིག་ལ་གཞི་བཅོལ་ནས་བྲིས་པའི་དཔེ་ཆ་༼མདོ་འདུས༽ཞེས་པ་ཞིག་ཡོད་པར་གྲགས་ནའང་། དེ་ལྟ་བུའི་དཔེ་ཆ་ཞིག་ད་ཕན་ནུབ་ཕྱོགས་ཀྱི་ཡུལ་དུ་མ་མཆིས་ལ། ཞིབ་འཇུག་པ་ཁག་གཅིག་གིས་དེ་ལྟའི་དཔེ་ཆ་ཞིག་དངོས་སུ་ཡོད་མིན་ལའང་དོགས་སློང་མཛད་ཀྱི་ཡོད། དེས་ན་ཁོ་བོས་༼གཟི་བརྗིད༽ཀྱི་པར་ཤིང་གཉིས་སྐོར་མ་གླེང་གོང་། ཉེ་དུས་ཁོ་བོས་རྙེད་སོན་ཐུབ་པའི་༼མདོ་འདུས༽ཀྱི་པར་མ་དེའི་སྐོར་རོབ་ཙམ་གླེང་བར་བྱའོ།།
དེ་ཡང་སྤྱི་ལོ༡༩༨༥ལོར་ཕ་རན་སི་རྒྱལ་ཁབ་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱིས་འགྲོ་གྲོན་རྒྱབ་སྐྱོར་གནང་བས་ཁོ་བོར་ཨ་མདོའི་ཁུལ་དུ་ཞིབ་འཇུག་བྱེད་པར་བསྐྱོད་པའི་སྐལ་བ་ཐོབ། སྐབས་དེ་དུས་ཁོ་བོས་བོད་ཡིག་པར་ཤིང་རིག་རྫས་སྡུད་སྒྲིག་ཚོགས་ཆུང་གིས་བཟོས་པའི༼དཀར་མཛེས་ཁུལ་དུ་ཡོད་པའི་བོད་ཡིག་དཔར་ཤིང་རིག་རྫས༽ཞེས་པ་དེའི་ཐོ་དེབ་ཅིག་མཐོང་བྱུང་། ཚོགས་ཆུང་དེའི་འགོ་གཙོ་ནི་སྐུ་ཞབས་སྐལ་བཟང་ཞུ་བ་དེ་རེད་འདུག པར་ཤིང་དེ་དག་ནི་རིག་གནས་གསར་བརྗེ་ཞེས་པའི་གཏོར་ཕམ་ཆེན་མོའི་ཁྲོད་བོར་བརླག་ཏུ་མ་ཕྱིན་པ་དེ་དག་རེད་འདུག གོང་དུ་བརྗོད་པའི་རིག་རྫས་ཐོ་དེབ་དེའི་ནང་དུ་འཁོད་པའི་དཔེ་ཆ་རྣམས་ནི་དཀར་མཛེས་ཁུལ་གྱི་དགོན་སྡེ་སུམ་ཅུ་སོ་ལྔའི་ནང་བཞུགས་པའི་ཤིང་པར་རམ་བྲིས་མ་ཅན་གྱི་དཔེ་རྒྱུན་རྣམས་ཡིན། དཔེ་ཐོ་དེའི་ནང་འཁོད་པའི་དཔེ་མིང་གི་འགྲམ་ན་སྔོན་ཡོད་དང་ད་ཡོད་ཅེས་གསལ་བཤད་ལྟ་བུ་དང་། དེ་བཞིན་ཤིང་པར་དང་པར་མའི་ཤོག་གྲངས་དང་དེ་དག་ཆ་ཚང་ཡིན་མིན་བཅས་སྐོར་ཞིབ་བཀོད་བྱས་ཡོད་པ་རེད།
ཉག་རོང་ཁུལ་གྱི་བོན་དགོན་དབལ་ཁྱུང་དགོན་ནི་གཏེར་སྟོན་གསང་སྔགས་གླིང་པའི༼༡༨༦༤ལོར་འཁྲུངས༽གདན་ས་ཡིན། གོང་གསལ་གྱི་རིག་རྫས་དཔེ་ཐོའི་ནང་དུ་དགོན་པ་དེའི་ནང་དུ་བཞུགས་པའི་བོན་ཀྱི་བཀའ་འགྱུར་གྱི་དཔེ་ཆ་ཚང་བཀོད་ཡོད། བཀའ་འགྱུར་གྱི་དཔེ་རྒྱུན་དེ་དག་ལ་གཞི་བཅོལ་ནས་པར་སློག་བྱས་པའི་བོན་གྱི་བཀའ་འགྱུར་ཆ་ཚང་ཞིག་ད་ལྟ་ཁྲེང་ཏུར་པར་སྐྲུན་བྱ་ཉེར་ཡོད་དོ། །
རིག་རྫས་དཔེ་ཐོ་དེའི་ནང་དུ་ཁ་བྱང་དུ་༼འདུས་པ་རིན་པོ་ཆེའི་རྒྱུད་སངས་རྒྱས་རྣམ་ཐར༽ཞེས་པའི་དཔེ་ཆ་ཞིག་འདུག ཁོ་བོས་ལྟར་ན་དེ་ནི་གོང་དུ་བརྗོད་པའི་༼མདོ་འདུས༽ཞེས་པའི་དཔེ་རྒྱུན་ལ་གཞིགས་ནས་པར་སྐྲུན་བྱས་པའི་དཔེ་ཆ་ཞིག་ཡིན་ལ། དེ་ནི་དབུ་མེད་ཐོག་བྲིས་པའི་དཔེ་ཆ་ཞིག་རེད་འདུག་ཅིང་། དེའི་ཁ་བྱང་དུ་༼ལྷའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད༽ཅེས་བྲིས་ཡོད་པ་མ་ཟད། དེ་ནི་མཁན་ཆེན་ཉི་མ་བསྟན་འཛིན་གྱིས་གསུངས་པ་བཞིན་ལེའུ་ཉི་ཤུ་རྩ་བཞིར་དབྱེ་ཡོད་པ་དང་ཁྱོན་བསྡོམས་ཤོག་གྲངས་༡༠༥ཡོད་དོ།།
ལར་སྟོན་པ་གཤེན་རབ་མི་བོ་ཆེའི་མཛད་རྣམ་བརྗོད་པའི་དཔེ་ཆ་གཞན་གཉིས་པོ་༼མདོ་འདུས༽ཉིད་ལས་སྤྲོས་པའམ་མདོ་འདུས་ཉིད་དེ་གཉིས་ལས་བསྡུས་པ་གང་ཡིན་ཚིག་ཐག་བཅད་ནས་བརྗོད་ཐབས་བྲལ་ནའང་། ༼མདོ་འདུས༽ནང་གི་གནའ་བོའི་དཔྱད་ཡིག་ཀྱི་ཁྱད་ཆོས་དང་གཤེན་རབ་མི་བོ་ཆེ་འཇིག་རྟེན་དུ་བྱོན་པའི་ཚེ་རབས་ལོ་རྒྱུས་ཀྱི་ནང་དོན་བཅས་ལ་དཔྱད་སྐབས། ༼མདོ་འདུས༽ནི་དཔེ་རྒྱུན་སྔ་ཤོས་དེ་ཡིན་པར་སེམས་པས་མུ་མཐུད་དཔྱད་པར་མཛོད་ཅིག
སློབ་དཔོན་ཆེན་མོ་སེ་ནེལ་གོ་རུབ་ཀྱིས་ལེའུ་ཁག་གཅིག་བདམས་གསེས་ཀྱིས་དབྱིན་ཡིག་ཐོག་ཕབ་སྒྱུར་གནང་བའི༼གཟི་བརྗིད༽ཀྱི་དཔེ་རྒྱུན་དེ་ནི་སྤྱི་ལོ་༡༩༦༧ལོར་མཁན་པོ་སངས་རྒྱས་བསྟན་འཛིན་གྱིས་དོལ་པོ་བསམ་གླིང་དགོན་ནས་བསྣམ་ཕེབས་པ་ཞིག་རེད། དེ་འདྲ་བའི་པོ་ཏི་བཅུ་གཉིས་ཅན་གྱི་དཔེ་ཚོགས་ཤིག་སྤྱི་ལོ་༡༩༨༣༢ལོར་དོ་ལན་ཇི་བོན་སྡེ་ཚོགས་པ་ནས་པར་སྐྲུན་བྱས་ཡོད། བཅིངས་བཀྲོལ་མ་བཏང་གོང་བོད་དུ་༼གཟི་བརྗིད༽ཀྱི་དཔེ་རྒྱུན་ནི་རྒྱུན་གཏན་དུ་ཡོད་ནའང་པར་ཤིང་ནི་ཤིང་ཏུ་དཀོན་པོ་ཡོད། དེ་ཡང་པར་ཤིང་མི་འདྲ་བ་ཁག་གཉིས་ལས་མེད་པ་དེ་གཉིས་ལས་མེད་པ་དེ་གཉིས་ཀ་རྒྱལ་རོང་གི་ཡུལ་དུ་ཡོད། སྟབས་མི་ལེགས་པ་ཞིག་ནི་པར་ཤིང་དེ་གཉིས་རིག་གནས་གསར་བརྗེའི་ནང་བོར་བརླག་ཏུ་སོང་བ་རེད། ཁོ་བོ་ཉེ་ཆར་ཨ་མདོའི་ཁུལ་དུ་ཡོད་སྐབས་པར་ཤིང་དེ་གཉིས་ལས་དཔར་བའི་དཔེ་རྣམས་མཇལ་སྐལ་ཐོབ་པ་ནི་དཔྱད་རྩོམ་འདིའི་ཞོར་དུ་བཀོད་པའི་པར་རིས་ལྟར་ལགས།
རྒྱལ་རོང་གི་ཡུལ་ནི་བོན་ལུགས་དར་ཤུགས་ཆེ་བའི་གནས་ཤིག་ཡིན། ལོ་རྒྱུས་ཐོག་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཅེས་ཟེར་སྲོལ་ཡོད་ལ། དེའི་ནང་ནས་བཙན་ལ་དང་། ཁྲོ་སྐྱབས། རབ་བརྟན་གསུམ་ནི་ལོ་རྒྱུས་ཐོག་ཆིང་དམག་ལ་འགོག་རྒོལ་བྱས་པའི་དཔའ་ངར་ལས་གྲགས་པ་ཀུན་ཏུ་ཁྱབ་པའི་ཚོ་པ་གསུམ་ཡིན། ཁྲོ་སྐྱབས་དང་རབ་བརྟན་ཚོ་བ་གཉིས་ཀྱི་རྒྱལ་པོ་ནི་བོན་ལ་དད་པ་གནང་མཁན་གྱི་རྒྱལ་པོ་གཉིས་ཡིན་པ་མ་ཟད། ཆོས་ཕྱོགས་ཀྱི་བྱེད་སྒོར་ཐུགས་དགྱེས་པའི་རྒྱལ་པོ་ཡང་ཡིན། ཁོང་རྣམ་གཉིས་ཀྱིས་ཡོན་བདག་མཛད་པའི་མཐུན་རྐྱེན་འོག་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་དུ་པར་ཤིང་ཇི་སྙེད་ཅིག་ཤིང་ལ་བརྐོས་ནས་དཔེ་ཆ་པར་སྐྲུན་དང་སྟོན་པ་གཤེན་རབ་མི་བོ་ཆེའི་མཛད་རྣམ་ཁག་གཟུགས་བརྙན་ཀྱི་ལམ་ནས་ངོ་སྤྲོད་བྱས་པའི་པར་ཤིང་ཁ་གྲངས་བཅོ་བརྒྱད་བྲིས་བརྐོས་བྱས་ཡོད་པ་རེད།
སྐབས་དེ་དུས་ཀྱི་བོན་ལུགས་དང་འབྲེལ་བའི་ཆོས་ཀྱི་བྱེད་སྒོའི་ནང་དུ་བཞུགས་མཁན་གྱི་གྲས་སུ་བོན་གྱི་མཁས་པ་ཀུན་གྲོལ་གྲགས་པ༼༡༧༠༠ལོར་འཁྲུངས༽ཞེས་པ་དེ་ཡང་ཡོད་ལ། ཁོང་གིས་ཁྲོ་སྐྱབས་དང་རབ་བརྟན་རྒྱལ་པོ་རྣམ་གཉིས་ཀྱི་དབུ་བླ་གནང་བའི་ངོས་ནས་བོན་བསྟན་དར་རྒྱས་ཀྱི་དོན་དུ་གལ་ཆེའི་ནུས་པ་འདོན་སྤེལ་གནང་ཡོད། ཀུན་གྲོལ་གྲགས་པ་ནི་ཁམས་ཁུལ་གྱི་སྨོན་རྒྱལ་ཞེས་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས་ནའང་། ཁོང་གི་སྐུ་ཚེའི་མཇུག་གི་མཛད་པ་བསྐྱངས་ཡུལ་ནི་རྒྱལ་རོང་ཞེས་པའི་ས་དེ་རང་དུ་ཡིན། ཁོང་གིས་གོང་དུ་བརྗོད་པའི་རྒྱལ་པོ་གཉིས་ཀྱི་བཀའ་ལྟར་སྤྱི་ལོ་༡༧༥༡ལོར་བོན་གྱི་བཀའ་འགྱུར་དཀར་ཆག་ཅིག་རབ་བརྟན་རྒྱལ་པོའི་ཕོ་བྲང་ལི་ཝེར་རྣམ་པར་རྒྱལ་བའི་རྫོང་དུ་བསྒྲིགས་གནང་མཛད་ཡོད།
གཤམ་དུ་བཀོད་པའི་པར་བྱང་གཉིས་ནི་པོ་ཏི་ཀ་པའི་མཇུག་ནས་རྙེད་པའི་༼གཟི་བརྗིད༽ཤིང་པར་གྱི་པར་བྱང་གི་དུམ་བུ་གཉིས་ཡིན། པར་བྱང་ནང་དུ་པར་ཤིང་བརྐོས་སུ་འཇུག་མཁན་གྱི་རྒྱལ་པོའི་མཚན་དང་། རྩོམ་སྒྲིག་གི་བྱ་ལས་ལ་བཞུགས་མཁན་གྱི་མཁས་པའི་མཚན། དུས་ཇི་ཙམ་ན་བརྐོས་འགོ་ཚུགས་པ་དང་ལས་མཇུག་སྒྲིལ་བའི་དུས་ཚོད་བཅས་བཀོད་འབྲི་བྱས་ཡོད།
དང་པོ། ཁྲོ་སྐྱབས་ནས་ཐོན་པའི་༼གཟི་བརྗིད༽པར་ཤིང་གི་པར་བྱང་།
སྤྲུལ་བའི་སྐུ་མཆོག་བློ་ལྡན་སྙིང་པོའམ་པད་འབྱུང་ནམ་མཁའ་རིན་ཆེན༼༡༣༦༠ལོར་འཁྲུངས༽གྱི་སྙན་དུ་སྟངས་ཆེན་པོས་བརྒྱུད་ཅིང་། དེས་བཀའ་དང་ཤོག་གི་གླེགས་བམ་དུ་ཕབ་ནས་བོད་མུན་གསལ་ཞིང་བརྒྱུད་པའི་ཟམ་མ་ཆད་པར་དྲིན་ཅན་གྱི་བླ་མ་རིག་འཛིན་ཀུན་གྲོལ་གྲགས་པ་དང་། ཁྲོ་ཁྱུང་ནང་སོ་ནམ་མཁའ་དབང་ལྡན་གཉིས་ལ་བབས་པ་དག སྡེ་བཞིའི་དཔུང་ཕུན་ཚོགས་འཆང་བ་མི་དབང་ཁྲོ་ཆེན་རྒྱལ་པོ་འགྲོ་ཀུན་དགའ་བདེའི་དཔལ་སྟེར་མཁས་ནོར་བུ་དམ་པ་དང་བསྟན་འགྲོའི་བསོད་ནམས་ལས་གྲུབ་པ་ཡིད་བཞིན་དབང་རྒྱལ་ཁུ་དབོན་ཟུང་གིས། རྒྱལ་བསྟན་བླ་ནས་བླ་རུ་བཏེག་པ། པར་ཡིག་ཏུ་བཀོད་པའི་ཚེ་ན་གསར་མིང་གི་བརྡ་དང་ཚིག་དོན་གྱི་ཆ། འགོ་མཇུག་ཀུན་ཏུ་རྣམ་འདྲེན་དམ་པ་རྒྱལ་དབང་ཀུན་གྲོལ་གྲགས་པ་རིན་པོ་ཆེས་ཐོ་ཙམ་གཟིགས་པའི་བཀའ་དྲིན་བྱུང་ཞིང་། ཁྲོ་ཁྱུང་ནང་སོ་ནམ་མཁའ་དབང་ལྡན་རིན་པོ་ཆེ་དང་། དགེ་བཤེས་མཁས་གྲུབ་ལྷ་དབང་གཡུང་དྲུང་གཉིས་ནས་ཀྱང་དུམ་པ་རེ་ཟུང་རེ་གཟིགས་ཤིང་། ཞིབ་པར་ཕྲན་བུ་སྨོན་རྒྱལ་སངས་རྒྱས་རིན་ཆེན་དཔལ་བཟང་དང་། རྒྱལ་ནག་བླ་མ་ཤེས་རབ་གཡུང་དྲུང་། མདའ་མདོ་དགོན་པ་གཡུང་དྲུང་རྒྱལ་མཚན་གསུམ་གྱིས་ཆུ་སྤྲེལ་༡༧༥༢ལོ་ཟླ་བ་ལྔ་པའི་ཚེས་བཟང་པོར་དབུ་བཟུང་ནས། ཤིང་བྱ་༡༧༦༥ལོ་ཟླ་བ་གཉིས་པའི་ཚེས་དགེ་བར་མཐར་གྲུབ་ཅིང་། ཞེས་པ་ལྟ་བུའོ། །
གཉིས་པ། རབ་བརྟན་ནས་ཐོན་པའི་༼གཟི་བརྗིད༽པར་ཤིང་གི་པར་བྱང་།
སྤྲུལ་བའི་སྐུ་མཆོག་བློ་ལྡན་སྙིང་པོའམ་པད་འབྱུང་ནམ་མཁའ་རིན་ཆེན་གྱི་སྙན་དུ་སྟངས་ཆེན་པོས་བརྒྱུད་ཅིང་། དེས་བཀའ་དང་ཤོག་གི་གླེགས་བམ་དུ་གཏན་ལ་ཕབས་པས་བོད་ཡུལ་མུན་གསལ་བསལ་ཞིང་། བརྒྱུད་པའི་ཟོམ་ཟམ་མ་ཆད་པར་དྲིན་ཅན་གྱི་བླ་མ་རིག་འཛིན་ཀུན་གྲོལ་གྲགས་པ་ལ་བབས་པ་དག སྡེ་བཞིའི་དཔུང་གྱ་ནོམ་འཆང་བ་མི་དབང་རབ་རྒྱལ་མུ་ལ་ཝེར་རོ་མཚན་གྱིས། པར་ཡིག་ཏུ་བཀོད་པའི་ཚེ་ན་གསར་མིང་གི་བརྡ་དང་ཚིག་དོན་གྱི་ཆ་རྣམས། འགོ་མཇུག་ཀུན་སྨོན་རྒྱལ་གྱི་གདུང་རིགས་དཔོན་པོ་སངས་རྒྱས་རིན་ཆེན་དཔལ་བཟང་གིས་མཛད་པའི་པར་མ་ལ་བུ་བཤུས་བྱས་པའི། མི་ཟད་ལོ་༡༧༦༦ཁྱུ་མཆོག་ཟླ་བའི་ཡར་ཚེས་བརྒྱད་ལ་ལྷ་བླ་མ་རྒྱལ་གྱི་ཁྲིར་འགྱིང་ཉིན་དབུ་བཟུང་ནས། ཐམས་ཅད་འདུལ་གྱི་ལོ་༡༧༦༧ཉི་འོད་ལྡན་ཟླ་བའི་ཡར་ཚེས་བཅུ་གཉིས་ལྷག་པ་ལྷ་མཚམས་འཕྲོད་ཉིན་དགེ་བར་གྲུབ་ཅིང་། ཞེས་པ་ལྟར་རོ། །