ཨ་མདོའི་ཁུལ་དུ་ལུགས་སྲོལ་འདི་འདི་ལྟར་ཞིག་ཡོད་དེ། དེ་ཡང་ཕོ་རྒོད་ཅིག་གིས་རྟ་ཞིག་བཙོང་སྐབས། སྔོན་དུ་རྟ་དེའི་རྔོག་མའི་ཟེ་མ་འགའ་བཀོག་ནས་རྟ་གཡང་མི་ ཤོར་བའི་ཆེད་དུ་དེ་སྔར་རྟ་དེ་བཅུག་སའི་རྟ་རའི་ཀ་བ་ཞིག་ལ་འདོགས་པ་ཡིན། གལ་སྲིད་རང་ཁྱིམ་གྱི་རྟ་ཞིག་བརླག་པའམ་ཤི་ཚེ། རྟ་གཡང་ཤོར་བའི་ཉེན་དུ་བརྩི་བ་ཡིན། དེར་བརྟན། གཡང་འགུག་གི་ཆོ་ག་ནི་ངེས་པར་སྤེལ་དགོས་ཀྱི་ཡོད་ལ། གཡང་ཞེས་པའི་ཐ་སྙད་དེ་དང་ཕྱྭ་ཞེས་པའི་ཐ་སྙད་གཉིས་མཉམ་དུ་ཕྱྭ་གཡང་ཞེས་ཐོན་ཡོང་གི་ཡོད་པས་ན་འདིར་སྣང་བའི་ཕྱྭ་ནི་སྲོག་དང་འབྲེལ་བ་ཡོད་པའི་ཐ་སྙད་ཅིག་ཡིན་པར་སེམས་སོ།།
གཡང་དང་ལུག་གཉིས་ནི་འབྲེལ་བ་དམ་པོ་ལྡན་ན་ཞིག་ཡིན་ལ། གཡང་ཞེས་པའི་ཚིག་དེ་རྒྱུན་དུ་གཡང་མོ་ལུག་ཅེས་ལུག་གི་རྒྱན་ཚིག་ལྟ་བུར་བེད་སྤྱོད་བྱེད་པ་ཡིན། འདིར་གཡང་ཞེས་པའི་ཚིག་དེ་རྒྱ་ཡིག་ཡང་༼羊༽ཞེས་པ་ལུག་གི་དོན་སྟོན་པའི་སྒྲ་དང་འདྲ་པོ་ཡོད་ནའང་། བོན་གྱི་གཏམ་རྒྱུད་ལྟར་ན་གཡང་ཞེས་པའི་ཚིག་དེ་ལུག་དང་སྦྱར་བའི་རྒྱུ་མཚན་ནི་ལུག་གིས་འགྲོ་བ་མིའི་འཚོ་བའི་ནང་གལ་ཆེའི་གནས་བབས་བཟུང་བ་དང་། དེ་ཤིན་ཏུ་བེད་སྤྱོད་ཆེ་བས་ཡིན་ཚུལ་བརྗོད་ཡོད། བོན་གྱི་ཤོད་སྲོལ་ལྟར་ན། ལུག་ནི་འགྲོ་བ་མི་ཡི་ཁམས་ལ་ཕན་འདོགས་པར་དགོངས་པའི་ལྷ་ཆེན་ཡེ་སྨོན་རྒྱལ་པོའི་སྨོན་ལམ་གྱི་མཐུ་ལས་བྱུང་བ་དང་། དེ་ཡང་ལུག་ཐོག་མ་དེའི་མིང་ལ་ལུག་ལྷ་བ་བལ་ཆེན་ཞེས་ཟེར་ལ། དེ་ནི་ལུག་ལྷའང་ཡིན་ནོ།།
གཉེན་སྒྲིག་གི་དཔེ་ཆ་《མིང་སྲིང་དཔལ་བགོས་དང་ལྷ་འདོགས་》ཞེས་པའི་ནང་གསེས་གཉིས་པ་དེ་ནི་ལྷ་འདོགས་ཞེས་པའི་ཆོ་ག་དེ་ལགས། ཆོ་ག་དེ་སྤེལ་སྐབས། ཁྱོ་ཀའི་སྤྱི་གཙུག་ཏུ་བལ་གྱིས་བཟོས་པའི་དམུ་ཐག་ཅེས་པའི་སྐུད་པ་ཞིག་འདོགས་པ་དང་། གཡང་ཐག་ཅེས་པའི་སྐུད་པ་སྔོན་མོ་ཞིག་གནའ་མའི་སྤྱི་གཙུག་ཏུ་འདོགས་པ་ཡིན་ལ། དེ་རྗེས་ཁྱོ་ག་དེས་ལག་ཏུ་མདའ་མོ་བཟུང་ཞིང་མགོ་སྟེང་གི་ལྷ་ལྔར་ཆང་དང་གཏོར་མ་སོགས་ཀྱི་མཆོད་པ་འབུལ་བ་ཡིན། གནའ་མ་དེས་ལག་ཏུ་སྐྱོགས་ཤིག་བཟུང་ཞིང་འོ་མ་དང་ཕྱེ་མར་གྱི་མཆོད་པ་འབུལ་གྱི་ཡོད། དེ་ནས་ལྷ་བོན་གྱིས་ཁྱོ་ག་དེ་ལ་གསེར་གྱི་ཚིགས་ཁེབས་སམ་རྣ་རྒྱན་ཞིག་སྤྲོད་པ་དེ་ལ་བླ་གསེར་ཞེས་ཟེར་སྲོལ་ཡོད་པ་དང་། གནའ་མ་དེ་ལ་གཡུ་ཞིག་སྤྲོད་པ་དེ་ལ་བླ་གཡུ་ཞེས་ཟེར་བ་ཡིན། གསར་དུ་བསྙེན་སྒྲིག་བྱེད་པའི་ན་གཞོན་ཕོ་མོ་གཉིས་རྩམ་ཕྱེས་འཐེན་པའི་གཡུང་དྲུང་གི་རི་མོ་ཅན་གྱི་གདན་ཐོག་ཏུ་སྡོད་དུ་བཅུག་རྗེས། ལྷ་བོན་དང་ཁྱོ་ག་དང་གནའ་མ་རྣམས་མཉམ་དུ་ཆོ་གའི་ཞལ་འདོན་སྐྱོར་བར་བྱེད་པ་ཡིན་ནོ།།
ཆོ་ག་དེའི་ནང་འཇིག་རྟེན་ཁམས་ཇི་ལྟར་ཆགས་ཚུལ་སྐོར་གྱི་གཏམ་རྒྱུད་བརྗོད་ལ། ནང་དོན་དེས་ཆོ་ག་དེའི་ཆ་ཤས་གཅིག་ཟིན་གྱི་ཡོད་པ་དང་། གཏམ་རྒྱུད་དེ་ཉིད་བརྗོད་ཟིན་རྗེས། མདའ་ཁུངས་དང་། འཕང་དང་། དམུ་ཐག གཡང་ཐག་བཅས་ཀྱི་འབྱུང་ཁུངས་སྐོར་བརྗོད་པ་ཡིན། འདི་ནི་གཡང་འགུག་ཅེས་པའི་ཆོ་ག་དང་ཡང་འདྲ་པོ་ཡོད། མདའ་ནི་སྐྱེས་པ་ཕོ་ཡི་མཚོན་བྱེད་ཡིན་ལ། འཕང་ནི་བུད་བྱེད་ཀྱི་མཚོན་བྱེད་ཅིག་ཡིན། ཉེ་སྔོན་གྱི་བོད་ཀྱི་རིག་གནས་ཁྲོད་དུ་མདའ་འཕང་གཉིས་ཕོ་མོ་གཉིས་ཀྱི་མཚོན་བྱེད་ཡིན་ཚུལ་བརྗོད་པ་ཕལ་ཆེར་སྙེད་དཀའ། དམ་ཐག་ཅེས་པ་དེ་དང་གནའ་བོའི་བོད་ཀྱི་རྒྱལ་པོའི་འབྱུང་ཁུངས་གཉིས་དབར་འབྲེལ་བ་ལྡན་པ་ཞིག་ཡིན། དེ་ཡང་དམུ་ཐག་དེ་ནི་འོད་ཀྱི་བདག་ཉིད་ཅན་ཞིག་ཡིན་ལ། སྔར་བོད་ཀྱི་བཙན་པོ་ཉིད་གྲོངས་རྗེས་གང་དེའི་ཕུང་པོ་ཉིད་འོད་དེ་ལ་ཐིམས་ནས་མཁའི་དབྱིངས་སུ་ཡལ་ཚུལ་དང་། འོད་དེ་བཞིན་དམུ་ཐག་དང་འགྲོགས་པས་དམུ་ཞེས་པའི་ལྷ་ཡི་ཞིང་ཁམས་ལ་གཤེགས་འགྲོ་ཞེས་ཟེར་སྲོལ་ཡོད་། བོད་བཙན་པོའི་མེས་པོར་བརྗོད་པའི་ལྷ་རྣམས་ལ་མཚམས་རེ་དམུ་དང་མཚམས་རེ་ཕྱྭ་ཞེས་ཟེར་སྲོལ་ཡོད་ལ། དམུ་ཐག་དང་བཙན་པོའི་མེས་པོའི་ལོ་རྒྱུས་བར་འབྲེལ་བ་དམ་ཟབ་ཅིག་མཆིས། ཏུན་ཧོང་གི་ཡིག་ཆ་PT༡༢༦༢ལྟར་ན། ཕྱ་ཡི་ཕོ་ཉ་ཞིག་དམུ་ཞེས་པའི་ལྷ་ཡི་ཡུལ་དུ་སོང་ནས་དམུ་ཡི་རྒྱལ་པོས་མགོ་ནག་མི་ཡི་ཞིང་ཁམས་ཉིད་དབང་བསྒྱུར་གནང་རྒྱུའི་རེ་འདུན་ཞུས་ཚུལ་འཁོད་ཡོད།
གཤམ་གསལ་གྱི་དཔྱད་ཡིག་དུམ་བུ་དེ་ནི་གོང་སྨོས་ཀྱི་དཔེ་ཆེར་འཁོད་པའི་མདའ་དང་། འཕང་། དམུ་ཐག གཡང་ཐག་བཅས་ཀྱི་འབྱུང་ཁུངས་ཀྱི་བཤད་པ་ཞིག་ཏེ།
ཀྱེེ། སྐལ་པ་དུས་ཀྱི་དང་པོ་ལ།།
ཡེ་ཡོད་ནམ་མཁའི་གཞི་ཅིག་སྲིད།།
དུས་ཀྱི་སྲིད་པ་བར་མ་ལ།།
འོད་དང་ཟེར་གྱི་ནམ་མཁའ་སྲིད།།
དུས་ཀྱི་སྲིད་པ་ཐ་མ་ལ།།
ཟིལ་ཙམ་ཁྲོམ་ཙམ་ཅིག་དུ་སྲིད།།
དེ་ལ་ཡབ་ཀྱི་བྲག་རི་སྲིད།།
བྲག་དང་མཚོ་གཉིས་བཤོས་པ་ལས།།
ཡ་མཚན་ལྦུ་བ་དགུ་རུ་སྲིད།།
ལྦུ་བ་ལ་ནི་སྒོང་དུ་འདྲིལ།།
དུང་སྒོང་དཀར་པོ་རྡོལ་བ་ལས།།
ཡབ་ཅིག་སངས་པོ་འབུམ་ཁྲི་སྲིད།།
གཡུ་སྒོང་སྔོན་པོ་རྡོལ་བ་ལས།།
ཡུམ་ཅིག་ཆུ་ལྕམ་རྒྱལ་མི་སྲིད།།
སྲིད་པ་དེ་གཉིས་འཚོས་པ་ལས།།
སྲིད་པའི་ཕོ་དགུ་མོ་དགུ་སྲིད།།
སྲིད་རྗེ་འབྲང་དཀར་རྒྱལ་པོ་དང་།།
བཙུན་མོ་དབལ་མ་སྔོན་མོ་གཉིས།།
སྲིད་པ་ཐབས་ལ་མངའ་མཛད་དོ།།
སྲིད་རྗེ་འབྲང་དཀར་རྒྱལ་པོ་ཡིས།།
ཁབ་དང་དབྱལ་དུ་བཙལ་བ་དང་།།
ཡུལ་ཅིག་བྲག་གི་ཡང་ཕུག་ན།།
ཡབ་ཅིག་ས་ཕུག་བཙན་པོ་དང་།།
ཡུམ་ཅིག་ལྷ་ལྕམ་གུང་བཙུན་མ།།
དེ་གཉིས་འཚོས་ཅིང་བཤོས་པ་ལས།།
བུ་མོ་བྲག་གི་ལྕམ་ཅིག་སྲིད།།
སྲིད་རྗེ་འབྲང་དཀར་ཁབ་ཏུ་བཞེས།།
ཕྱ་གཡང་འགུགས་པའི་བོན་པོ་ནི།།
སྲིད་པའི་བོན་པོ་གཙུག་གཤེན་དང་།།
ལྷ་བོན་རྒྱལ་གྱི་ཐོད་དཀར་དང་།།
སྲིད་པའི་དབལ་བོན་རོམ་པོ་དང་།།
གཡང་བོན་གྱུར་ར་གྱུར་ཆུང་བཅས།།
སྲིད་པའི་དབལ་བོན་རོམ་པོ་ཡིས།།
དཔག་བསམ་ཤིང་གི་སྡོང་པོ་ལ།།
སྣ་ཡས་དང་ནི་སྣ་ཚོགས་བསག།
དབུ་བཏུད་དང་ནི་ཤངས་ཡང་བླན།།
དེ་ནས་ཁབ་དང་དབྱལ་དུ་བྱོལ།།
སྲིད་པའི་བོན་པོས་སྣ་གཡང་བྱས།།
ཤིང་ལ་གཡང་ནི་མ་བྱུང་སྟེ།།
སྲོག་གི་སྲོག་མདའ་ཉ་མིག་སྲིད།།
བལ་ལ་གཡང་ནི་མ་བྱུང་ཏེ།།
དམུ་ཐག་རྒྱང་ཐག་སྣ་དགུ་སྲིད།།
དང་པོ་བྱུང་ལུགས་ཇི་ལྟར་སྲིད།།
ཡུལ་ཅིག་སྲིད་པའི་ཡ་གུ་ན།།
ཕ་སྲིད་པའི་ཕྱྭ་གང་རྒྱང་གྲགས་དང་།།
མ་ནི་སྲིད་པའི་སྡོང་བཟང་མ།།
བཤོས་པས་གནམ་གྱི་སྲས།།
སྒོང་ང་རྣམ་པ་གསུམ་དུ་སྲིད།།
གསེར་སྒོང་སེར་པོ་རྡོལ་བ་ལས།།
གསེར་མདའ་གཡུ་སྒྲོ་ཅན་ཅིག་བྱུང་།།
སྟང་གི་སྲོག་མདའ་ཉ་མིག་ལགས།།
གཡུ་སྒོང་སྔོན་པོ་རྡོལ་བ་ལས།།
གཡུ་མདའ་གསེར་སྒྲོ་ཅན་ཅིག་བྱུང་།།
དབྱལ་གྱི་དེ་ནི་དཔལ་མདའ་ལགས།།
དུང་སྒོང་དཀར་པོ་རྡོལ་བ་ལས།།
གསེར་གྱི་མོ་འཕང་དེ་ནི་སྲིད།།
ནམ་མཁའ་དེ་ནི་འོད་ཟེར་དང་།།
རྒྱ་མཚོའི་རླངས་པ་གཉིས་པོ་ལས།།
བོན་གྱི་བལ་འདབ་དཀར་པོ་སྲིད།།
དེ་ཡང་འཁལ་ལ་རླུང་གིས་འཁལ།།
སྙོད་པ་དེ་ནི་རླུང་གིས་སྙོད།།
བཀྲ་ཤིས་ཤིང་སྡོང་དེ་ལ་དཀྲིས།།
དེ་ལ་མིང་དང་མཚན་བཏགས་པ།།
དམུ་ཐག་རྒྱང་ཐག་བྱ་བ་ལགས།།
སྲིད་པའི་བོན་གཤེན་དེ་རྣམས་ཀྱིས།།
སྟང་གི་དེ་ནི་སྦྱི་བོ་རུ།།
དམུ་ཐག་དེ་ནི་དཀར་པོ་བཏགས།།
ཕྱག་ཏུ་སྲོག་མདའ་ཉ་མིག་བཟུང་།།
དབྱལ་གྱི་དེ་ནི་སྦྱི་བོ་རུ།།
གཡང་ཐག་དེ་ནི་སྔོན་མོ་བཏགས།།
གསེར་འཕང་གཡུ་ལོ་ཕྱག་ཏུ་བཟུང་།།
སྟང་གི་དེ་ནི་བླ་གསེར་དང་།།
དབྱལ་གྱི་དེ་ནི་བླ་གཡུ་གཉིས།།
དང་པོ་སྐྱེས་པ་སོ་སོར་སྐྱེས།།
བར་དུ་སྨིན་པ་སོ་སོར་སྨིན།།
ཐ་མར་བསྡུས་ས་གཅིག་ཏུ་བསྡུས།།
བཅོལ་ལོ་ལྷ་ལ་བཅོལ།།
བཏགས་སོ་ལྷ་ལ་བཏགས།།
སྟང་གི་རྒྱང་ཐག་དང་།།
དབྱལ་གྱི་དམུ་ཐག་གཉིས།།
དང་པོ་སྐྱེས་པ་སོ་སོར་སྐྱེས།།
བར་དུ་སྨིན་པ་སོ་སོར་སྨིན།།
ཐ་མར་བསྡུས་ས་གཅིག་ཏུ་བསྡུས།།
བཅོལ་ལོ་ལྷ་ལ་བཅོལ།།
བཏགས་སོ་ལྷ་ལ་བཏགས།།
སྟང་གི་སྲོག་མདའ་ཉ་མིག་དང་།།
དབྱལ་གྱི་གསེར་འཕང་གཡུ་ལོ་གཉིས།།
དང་པོ་སྐྱེས་པ་སོ་སོར་སྐྱེས།།
བར་དུ་སྨིན་པ་སོ་སོར་སྨིན།།
ཐ་མར་བསྡུས་ས་གཅིག་ཏུ་བསྡུས།།
བཅོལ་ལོ་ལྷ་ལ་བཅོལ།།
བཏགས་སོ་ལྷ་ལ་བཏགས།།
སྟང་གི་དབལ་བཤོས་དང་།།
དབྱལ་གྱི་འབྲང་རྒྱས་གཉིས།།
དང་པོ་སྐྱེས་པ་སོ་སོར་སྐྱེས།།
བར་དུ་སྨིན་པ་སོ་སོར་སྨིན།།
ཐ་མར་བསྡུས་ས་གཅིག་ཏུ་བསྡུས།།
བཅོལ་ལོ་ལྷ་ལ་བཅོལ།།
བཏགས་སོ་ལྷ་ལ་བཏགས།།
བསྭོ་དེ་རིང་སྲིད་པའི་གནམ་གུང་ལ།།
གནམ་ལ་དེ་ནི་སྐར་མ་བཟང་།།
ས་ལ་དུས་ཚོད་ཚེས་ཀྱང་འཛོམས།།
སྟང་གི་སྐྱེས་པ་སྒྲ་ལྷ་ཅན།།
དབྱལ་གྱི་མོ་བཙུན་དཔལ་མོ་ཆེ།།
དང་པོ་སྐྱེས་པ་སོ་སོར་སྐྱེས།།
བར་དུ་སྨིན་པ་སོ་སོར་སྨིན།།
ཐ་མར་བསྡུས་ས་གཅིག་ཏུ་བསྡུས།།
བཅོལ་ལོ་ལྷ་ལ་བཅོལ།།
བཏགས་སོ་ལྷ་ལ་བཏགས།།
སྟང་དབྱལ་འདི་གཉིས་ཀྱི།།
གདན་དུ་དེ་ནི་སྣམ་དཀར་དཏིང་།།
ཕྱག་ཏུ་ཆང་ཕུད་ཞོ་ཕུད་དང་།།
དབལ་བཤོས་མདའ་འཕང་རྒྱན་པ་ཐོགས།།
ལྷ་ལ་དེ་ནི་ཡོན་དུ་འབུལ།།
ཚེ་རིང་སྲོག་སྐྱོབས་དཔལ་སྐྱེད་ཅིག།
བཅོལ་ལོ་ལྷ་ལ་བཅོལ།།
བཏགས་སོ་ལྷ་ལ་བཏགས།།
ཞལ་དུ་ཕྱེ་མར་འོ་སྐོན་འདྲེན།།
དམུ་ཡད་ཟས་ལ་ཟད་པ་མེད།།
མི་ནོར་ཟས་གསུམ་འཚོགས་པ་ཡིན།།
ཕོ་སྲོག་དེ་ནི་མདའ་ལ་རྟེན།།
མོ་སྲོག་དེ་ནི་འཕང་ལ་རྟེན།།
མདའ་འཕང་གཉིས་ནི་ལྷ་ལ་བཅོལ།།
མདའ་འཕང་དེ་ནི་མ་འབྲལ་ཅིག།
དམུ་ཐག་དེ་ནི་ལྷ་ལ་བཅོལ།།
དམུ་ཐག་དེ་ནི་མ་ཆད་ཅིག།
བདག་ཕོ་མོ་ངེད་གཉིས་ནི།།
མཚོ་དང་མཚོ་སྨན་ཆགས་པ་བཞིན།།
མི་དང་ལྷ་གཉིས་མ་འབྲལ་ཞིག།
ཉི་ཟླ་དགུང་ལ་གནས་པ་བཞིན།།
མི་དང་ལྷ་གཉིས་མ་འབྲལ་ཅིག།
གངས་ལ་སེང་གེ་འགྱིང་བ་བཞིན།།
མི་དང་ལྷ་གཉིས་མ་འབྲལ་ཞིག།
རྒྱ་སྟག་ནགས་ལ་གནས་པ་བཞིན།།
མི་དང་ལྷ་གཉིས་མ་འབྲལ་ཞིག།
མདའ་ལ་ཁྱུང་སྒྲོ་སྒྲོན་པ་བཞིན།།
མི་དང་ལྷ་གཉིས་མ་འབྲལ་ཅིག།
རྨོང་ལ་ཁྱུང་སྒྲོ་བཙུགས་པ་བཞིན།།
མི་དང་ལྷ་གཉིས་མ་འབྲལ་ཞིག།
རྩིགས་པའི་སྐུ་མཁར་མ་འགྱེལ་བཞིན།།
བརྟན་པའི་རི་བོ་མ་ཞིག་ཞིག།
ཕོ་སྲོག་གསེར་གྱི་ཀ་བ་མ་འགྱེལ་ཞིག།
མོ་སྲོག་གཡུའི་གདུང་མ་མ་ཆག་ཅིག།
ཕྱ་བདག་རྒྱལ་མོ་དཔལ་མོ་ཆེ།།
ཕྱ་དང་གཡང་གི་དཔལ་མོ་མཛོད།།
དཔལ་དང་བསོད་ནམས་འཕེལ་བར་མཛོད།།
མིས་ལྷ་ནི་རྟག་ཏུ་མཆོད།།
ལྷས་སྲུང་སྐྱོབ་བྱེད་པར་མཛོད།།
བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད།།་་་་་་་་་་་་་་་་ཅེས་པ་ལྟར་རོ།།
མདའ་ནི་མཚོན་ཆའི་རིགས་ཤིག་ཡིན་པ་ཕུད། དེ་ནི་གཏམ་རྒྱུད་དང་ཤེས་རིག་གི་ནང་དུ་སྐྱེས་པ་ཕོ་ཡི་མཚོན་བྱེད་ཅིག་ཡིན་ལ་དེས་དངོས་ཡོད་འཚོ་བའི་ཁྲོད་དུ་གལ་ཆེ་གནས་བབས་བཟུང་ཡོད། གཉེན་སྒྲིག་གི་ཆོ་གའི་ནང་མདའ་རིགས་མི་གཅིག་པ་གསུམ་ཡོད་དེ། གཅིག ལྷ་མདའ་སྒྲོ་དཀར། དེ་ནི་མགོ་ཡི་ལྷ་ལྔ་ཞེས་པ་དེའི་རྟེན་ཡིན་ལ། གཉེའུ་བདུན་གྱིས་འཁྱེར་ཡོང་བའི་བག་སྐལ་གྱི་ཆ་ཤས་ཤིག་ཡིན། གཉིས། ཚེ་མདའ་ཉ་མིག དེ་ནི་ ཁྱོ་གའི་མདའ་དང་ཕོ་ཡི་མཚོན་བྱེད་ཅིག་ཡིན། གསུམ། དཔལ་མདའ། དེ་ནི་མནའ་མའི་ཡབ་ཀྱིས་རང་གི་བུ་མོ་མནའ་མར་འགྲོ་སྐབས་སུ་ཕུལ་བའི་རྟེན་ཡིན། མདའ་གསུམ་པ་དེའི་གཉེན་སྒྲིག་ཆོ་གའི་ནང་གི་མཚོན་བྱེད་སྐོར་གསལ་པོར་བཤད་མེད། ས་ཆ་འགའ་ཞིག་ཏུ་མནའ་མ་རྫོངས་པའི་སྐབས་སུ་མདའ་དེ་འདྲ་ཞིག་མནའ་མའི་གོང་བ་ལ་འདོགས་སྲོལ་ཡོད་། དེར་བརྟན། མདའ་རྣམས་བེད་སྤྱོད་བྱེད་སྟངས་ཀྱང་ཆོ་ག་དེ་ཉིད་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པར་ལྟར་མི་འདྲ་བ་ཡོད། བོད་ཀྱི་ཡུལ་གྲུ་ཨ་མདོའི་ཁུལ་ལ་བོན་པོའི་ཁྱིམ་ཚང་ཡོད་ཚད་ཀྱི་སྐྱེས་པ་ཕོ་རེ་ལ་དར་ཚོན་སྣ་ལྔ་དང་དངུལ་གྱི་མེ་ལོང་དང་གཡུ་བཅས་ཀྱི་རྒྱན་གྱིས་སྤུད་པའི་མདའ་རེ་ཡོད་པ་ཡིན། མདའ་དེ་དག་སྒམ་ཞིག་ནང་བླུགས་ནས་མཆོད་ཁང་ནང་དུ་ཉར་ཚགས་བྱེད་སྲོལ་ཡོད། དེ་བཞིན་ཁྱིམ་ཞིག་ལ་བུ་ཞིག་བཙས་ན་དེའི་མ་ཞང་གིས་ཚ་བོ་དེ་ལ་མདའ་ཞིག་སྟེར་བ་ཡིན། ལུགས་སྲོལ་དེ་ནི་གཉེན་སྒྲིག་ཆོ་གའི་དཔེ་ཆའི་ནང་དུ་བུད་མེད་ཅིག་ལ་བུ་ཞིག་བཙས་པ་དེའི་སྔས་འགོར་ངེས་པར་དུ་མདའ་ཞིག་འཛུགས་པ་དང་། བུ་མོ་ཞིག་བཙས་ན་སྔས་འགོར་འཕང་ཞིག་འཇོག་ལས་ཀྱང་དངོས་ར་འཕྲོད་ཐུབ། འོན་ཀྱང་། ད་ལྟ་ཨ་མདོའི་ཁུལ་དུ་འཕང་འཇོག་སྲོལ་དེ་མེད་པར་ཆགས་ཟིན་ནོ།།
ལུགས་སྲོལ་གཞན་ཞིག་ནི་སྐྱེས་པ་ཕོ་རྣམས་ཀྱིས་ལོ་ལྟར་ངེས་པར་དུ་མདའ་རྒད་ཅེས་པའི་ཆོ་ག་མདའ་ཞིག་ལ་བཙས་ཐོག་འཛུགས་པ་དེ་ཡིན། མདའ་དེ་འཛུགས་པའི་སྐབས་སུ་ཡུལ་ལྷར་བསང་གསོལ་གྱི་ཆོ་ག་གཏོང་བ་ཡིན། མི་རྣམས་ཀྱིས་ལ་བཙས་ཐོག་འཛུགས་པའི་མདའ་ཡི་རིང་ཐུང་ལ་དབྱིན་ཁྲེ་བཅུ་ནས་དབྱིན་ཁྲེ་བཅོ་ལྔ་བར་བྱས་པ་ཅི་རིགས་ཡོད། མདའ་རིང་དེ་ནི་ཚོན་སྣ་ལྔ་ཅན་གྱི་དར་གྱིས་བརྒྱན་པར་མི་བྱེད་ནའང་དེ་དག་གི་ཐོག་ ཏུ་རླུང་རྟ་སྒྲོགས་པ་ཡིན།
མདའ་ཡི་སྐོར་ཞིབ་ཅིང་གསལ་བའི་འགྲེལ་བརྗོད་བྱས་པའི་དཔེ་ཆ་ནི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་བརྩམས་གནང་མཛད་པའི་《མདོ་ཁམས་སྡེ་དགེའི་རྒྱལ་ཁབ་ཏུ་བོད་བློན་མདོ་མཁར་བའི་བཙུན་མོ་བྱོན་སྐབས་མདའ་དར་འཛུགས་པའི་འབེལ་གཏམ་》ཞེས་པ་དེའོ། མདའ་ནི་གཉེན་སྒྲིག་གི་བྱེད་སྒོ་སྤེལ་སྐབས་མེད་དུ་མེད་རུང་བའི་ཡོ་བྱེད་ཅིག་ཡིན་ལ། བོད་རིགས་ཀྱི་ཤོ་སྲོལ་ལའང་གཉེན་ལམ་མདའ་ཡི་ཕྱེ་བ་ཞེས་པས་ཁྱིམ་གཉིས་དབར་གཉེན་སྒྲིག་གི་འབྲེལ་ལམ་འཛུགས་རྒྱུའི་ཐད་མདའ་ཡིས་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱེད་པ་མཚོན་ཡོད་ལ། དེ་མཞིན་གཉེན་ལམ་དར་གྱིས་སྤེལ་བ་ཞེས་ཀྱང་ཟེར་སྲོལ་ཡོད། དེ་ནི་གོང་གི་གཉེན་སྒྲིག་ཆོ་གའི་གཏམ་རྒྱུད་ནང་དུ་ལྷ་མོ་མི་ཡུལ་དུ་འཁྲིད་སྐབས་དེའི་པང་ལ་དར་ཐག་བཅིངས་ནས་འགྲོ་བའི་སྲོལ་དང་འབྲེལ་བ་ལྡན་པ་ཞིག་ལགས། དེ་བཞིན་གཏམ་རྒྱུད་གཞན་ཞིག་ནི། སྔར་བོད་གྱི་བཙན་པོ་སྲོང་བཙན་སྒམ་པོའི་བློན་པོ་མགར་སྟོང་བཙན་ཡུལ་བཟུང་ཉིད་ཐང་རྒྱལ་རབས་སུ་མནའ་མ་སློང་བར་འགྲོ་སྐབས་མདའ་ཞིག་མཁྱེར་ཡོད། རྒྱ་ཡི་རྒྱལ་པོས་ན་ཆུང་མཛེས་མ་སུམ་བརྒྱ་བསྡུས་ནས་མགར་ལ་དེ་རྣམས་ལས་གཅིག་བདམ་དུ་འཇུག་སྐབས་མགར་སྟོང་བཙན་གྱིས་རང་གིས་མོས་པའི་སྲས་མོ་དེ་ཡི་ཐོག་ཏུ་མདའ་མོ་ཉིད་བཙུགས་པ་ལྟ་བུའོ། འོན་ཀྱང་། ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་PT༡༢༦༢ནང་། དམ་ཡིས་ཕྱ་ཡི་ཕོ་ཉར་མདའ་ཞིག་སྤྲོད་དགོས་པའི་རེ་བ་བཏོན་པའི་གནས་ཚུལ་བཀོད་ཡོད། དེས་ན་མདའ་ནི་གནའ་རབས་ཀྱི་དུས་སུ་ཕྱོགས་གཉིས་དབར་འབྲེལ་ལམ་འཛུགས་པ་ཁོ་ནའི་ཁྲོད་བེད་སྤྱོད་བྱེད་པ་ཞིག་མི་ཡིན་པར་བསྟན་ཡོད།
གོང་དུ་བརྗོད་པའི་ཀོང་སྤྲུལ་གྱིས་མཛད་པའི་དཔེ་ཆ་དེ་ནི་གཙོ་བོ་སྡེ་ཚན་བདུན་དང་དེའི་ཁར་སྨོན་པ་བརྗོད་པའི་ལེའུ་གཅིག་བསྣན་པས་ཁྱོན་བསྡོམས་དོན་ཚན་བརྒྱད་ཡོད་དེ།
དང་པོ། སྣ་འདྲེ་བསྐྲད་པ།
གཉིས་པ། མནོལ་གྲིབ་བཀྲུ་བ།
གསུམ་པ། གདན་བཏིང་བ།
བཞི་བ། དཀར་གསུམ་གྱིས་ངོ་གསོ་བ།
ལྔ་བ། མིང་འདོགས་པ།
དྲུག་པ། ལྷ་ལ་འདོགསཔ།
བདུན་པ། གཡང་འགུགས་པ།
བརྒྱད་པ། མཐའ་རྟེན་བཀྲ་ཤིས་བརྗོད་པ། བཅས་སོ།།
གོང་གསལ་སྡེ་ཚན་བརྒྱད་པོ་རྣམས་ལས་དང་པོ་དང་། གཉིས་པ། ལྔ་པ་བཅས་ནི་《མིང་སྲིང་དཔལ་བགོས་དང་ལྷ་འདོགས་》ཞེས་པའི་དཔེ་ཆའི་ནང་དུ་མི་གསལ། ཀོང་སྤྲུལ་གྱི་ལྗགས་རྩོམ་ནང་བོན་པོའི་གཉེན་སྒྲིག་གི་ཆོ་གའི་ཐོག་མའི་གོ་རིམ་ཁྲོད་ཀྱི་གཏམ་རྒྱུད་ཀྱི་ནང་དོན་རྣམས་འདྲེན་གནང་མཛད་མེད་ནའང་། ཁོང་གིས་བོན་པོའི་གཉེན་སྒྲིག་གི་ཆོ་གའི་སྐོར་གྱི་དཔེ་ཆ་རྣམས་ལ་དཔྱད་གཞི་མཛད་ཚུལ་ནི་ཐེ་ཚོམ་དང་བྲལ་བའི་གནད་ཅིག་ཡིན་པ་ནི་ཁོང་གིས་“ཡིག་རྙིང་ཕལ་ཆེར་གྲོང་སྔགས་མི་མཁས་པས་བཅོས་པས་ཚུལ་དང་མཐུན་པ་མི་སྣང་བས……..”ཞེས་གསུངས་པ་ལས་ཀྱང་ཤེས་ཐུབ་བོ།།
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་བརྩམས་གནང་མཛད་པའི་དཔེ་ཆ་དེ་ནི་ལར་ཞིབ་ཚགས་དང་རིག་ལམ་དཔྱད་ཐབས་ཀྱི་མཆོད་པའི་ནང་དོན་གྱིས་ཡོངས་སུ་བཏུམས་པས་ན་དེའི་ཡིག་ཚགས་དཔྱད་ཡིག་གི་རིན་ཐང་དང་སྐྱ་བོའི་རིག་གནས་ཀྱི་ནང་དོན་ཇི་སྙེད་ཞིག་མིང་སྲིང་དཔལ་བགོས་དང་ལྷ་འདོགས་ནང་ཡོད་པ་དག་བོར་བརླགས་ཏུ་སོང་ཡོད་པ་གོར་མ་ཆག