ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> བསྒྱུར་རྩོམ། >> ༡༽བོད་བཙན་པོའི་སྐབས་སུ་བོན་ནི་ཆོས་ལུགས་ཤིག་ཡིན་པའི་སྒྲུབ་བྱེད་སྐོར་རགས་ཙམ་གླེང་བ།
༡༽བོད་བཙན་པོའི་སྐབས་སུ་བོན་ནི་ཆོས་ལུགས་ཤིག་ཡིན་པའི་སྒྲུབ་བྱེད་སྐོར་རགས་ཙམ་གླེང་བ།
[རྩོམ་གྱི་ཡོང་ཁུངས། རེབ་གོང་བོན་མང་དྲ་བ།] [རྩོམ་པ་པོ། མཁར་རྨེའུ་བསམ་གཏན་རྒྱལ་མཚན།] [ཟླ་ཚེས། 10-07-03] [ཀློག་གྲངས། ]

བདེ་ཁང་བསོད་ནམས་ཆོས་རྒྱལ་རྒྱལ་གྱིས་བསྒྱུར།

   ཉེ་བའི་ལོ་ཤས་ནང་གྲགས་ཅན་ཞིབ་འཇུག་པ་ཁག་གཅིག་གིས་བོན་ཆོས་ལ་ཞིབ་འཇུག་གནང་བ་དང་། བོན་གྱི་རྩོམ་རིག་དཔེར་ན་སྐྱེ་བོ་དམ་པ་གཤེན་རབ་མི་བོ་ཆེ་སོགས་ཀྱི་རྣམ་ཐར་དང་གཏེར་མ་སོགས་པས་བོད་ཀྱི་ཆོས་ལུགས་དད་པའི་ཐད་ཤུགས་སྐྱེན་སྦྱིན་ཡོད་པ་ནི་ཞལ་གཅིག་གྲགས་ཙམ་དུ་མ་ཟད། དེ་དག་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཆའི་ཁྲོད་ཅུང་ཟད་དཔྱད་གཞིའི་རིན་ཐང་ཡོད་པའི་ཡིག་ཆ་ཞིག་ཏུའང་གྱུར་ཡོད།
  བན་བོན་གཉིས་ཀའི་མཁས་པ་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་བོད་དུ་ཐོག་མར་དར་སྐབས་ས་ཆ་དེ་རང་ལ་བོན་ཞེས་པའི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཤིག་ཡོད་ཚུལ་ཁས་བླངས་ཀྱི་ཡོད་ཀྱང་། ནུབ་ཕྱོགས་པའི་བོད་རིག་པར་ཞིབ་འཇུག་གནང་མཁན་ཚོས་སྐབས་དེར་རང་སྐྱ་ཚུགས་པའི་བོན་ཆོས་ཞིག་ཡོད་ཚུལ་ལ་དོགས་དྲི་མཛད་པ་དང་། ཁོང་ཚོའི་བཞེད་ཚུལ་ལ་སྐབས་དེ་ཤེད་དུ་བོད་དུ་མི་ཚང་མས་དད་པ་བྱེད་པའི་དད་མོས་རང་བཞིན་གྱི་ཆོས་ལུགས་ཤིག་ཏེ། བོད་ཀྱི་མཁས་པ་རྣམས་ཀྱིས་གསུངས་པ་བཞིན་མ་ལག་ལྡན་པའི་ཆོས་ལུགས་ཤིག་མེད། ཁོ་བོའི་ལྟ་ཚུལ་ལ། བོད་ཀྱི་གནའ་བོའི་མཁས་པའི་བཞེད་ཚུལ་ལ་རྒྱུ་མཚན་མེད་པ་མ་ཡིན་ནའང་ཁོ་བོས་ཐེངས

འདིར་དེའི་སྐོར་རྩོད་གླེང་བྱ་ཡི་མིན།

གཤམ་གསལ་གྱི་ལྟ་ཚུལ་རྣམས་ནི་ནུབ་ཕྱོགས་པའི་བོད་རིག་པའི་མཁས་པ་ཁག་གཅིག་གི་བཞེད་ཚུལ་ཡིན། 

  ༡.བོད་ཀྱི་སྲོལ་རྒྱུན་ལྟ་ཚུལ་ལྟར་བོན་ནི་བོད་ཀྱི་གནའ་བོའི་ཆོས་ལུགས་ཤིག་ཡིན་ཞེས་དང་།
   ༢.བོན་པོའི་རྩོམ་རིག་ཁྲོད་ཀྱི་ཆོ་ག་རྣམས་ནི་དོན་དངོས་ཐོག་གནའ་བོའི་དུས་ནས་བྱུང་བ་ཞིག་ལགས་ནའང་། བོད་བཙན་པོའི་སྐབས་ཀྱི་བོན་ཞེས་པའི་ཐ་སྙད་དེའི་གོ་དོན་ནི་ཆོ་ག་སྤེལ་མཁན་གྱི་མི་སྣ་ཞིག་ལ་གོ་བ་དང་། བོན་ཞེས་པའི་དོན་དེ་ཆོས་ལུགས་ཤིག་ལ་སྦྱར་བའི་དུས་ནི་ཕྱི་རབས་སུ་ཡིན་ཞེས་པ།
  ༣.བོན་ཞེས་པའི་ཐ་སྙད་དེ་ཆོས་ལུགས་ག་གེ་མོ་ཞིག་དང་སྦྱར་ནས་ཐོན་པའི་དུས་ནི་དུས་རབས་བཅུ་གཅིག་པའི་སྐབས་ན་ཡིན་ཅིང་། གནའ་བོའི་བོད་ཀྱི་ཆོས་ལུགས་ལ་གཙུག་གམ་གཙུག་ལག་ཅེས་ཟེར་བ་ཡིན་ཅེས་པའི་བཞེད་ཚུལ་བཅས་གསུམ་མོ། །དེ་དག་ལས་བཞེད་པ་མཐའ་མ་དེ་ནི་བོད་ཀྱི་ཆོས་ལུགས་ལོ་རྒྱུས་ཐོག་རྙེད་ཐབས་བྲལ་བའི་ལྟ་ཚུལ་ཞིག་ཡིན་ནོ། །
དུས་རབས་བདུན་པ་ནས་དགུ་པའི་བར་གྱི་བོན་ནི་མ་ལག་ཆ་ཚང་བའི་ཆོས་ལུགས་ཤིག་མ་ཡིན་པར་དོགས་པའི་རྒྱུ་མཚན་གཙོ་བོ་ནི། ཕལ་ཆེར་སྐབས་དེའི་བོན་ལ་རང་ཉིད་ཀྱི་མ་ལག་ལྡན་པའི་མཚན་ཉིད་རིག་པའི་གཞུང་ལུགས་ཤིག་བསྟན་རྒྱུ་མེད་ལ། རྡོ་བརྐོས་ཀྱི་ཡིག་ཆའི་ཁྲོད་དང་། ཏུན་ཧོང་ནས་ཐོན་པའི་ཡིག་ཆ། དེ་བཞིན་མི་རིགས་གཞན་གྱི་ཡིག་ཆའི་ཁྲོད་དེའི་སྐོར་གྱི་གནས་ཚུལ་གསལ་པོ་མཐོང་རྒྱུ་མེད་པ་བཅས་ལས་ཡིན་ཤས་ཆེ། ང་ཚོས་གོང་དུ་གཟིགས་པ་ལྟར། ནུབ་ཕྱོགས་པའི་མཁས་པའི་ཁྲོད་དུའང་ལྟ་བ་མི་གཅིག་པ་ཇི་སྙེད་ཅིག་མཆིས། ལྟ་བ་མི་གཅིག་པ་ཡོད་དོ་ཅོག་ནི་ཁོང་རྣམས་ཀྱིས་ཡུན་རིང་པོར་མ་ལག་ལྡན་པའི་ཞིབ་འཇུག་གནང་བའི་འབྲས་བུ་ཞེ་གཅིག་ལགས་པ་དང་། ལྷག་པར་དུ་ཁོང་རྣམས་པའི་མཁྱེན་ཡོན་ཟབ་མོའི་ཤུགས་ལས་ཁོང་ཚོས་འཇོག་གནང་མཛད་པའི་སྡོམ་ཚིག་དག་ཁས་ལེན་མ་བྱེད་ཐབས་མེད་ལྟ་བུར་ལུས་པས་ན། ཁོ་བོས་ཀྱང་གོང་དུ་བརྗོད་ཟིན་པའི་ལྟ་བ་ཁག་གསུམ་པོ་དེ་རྣམས་ལས་བོད་བཙན་པོའི་སྐབས་སུ་བོན་ཞེས་པ་དེ་ནི་མ་ལག་ཚང་བའི་ཆོས་ལུགས་ཤིག་མ་ཡིན་ཞེས་པ་དེ་ལ་མོས་མཐུན་བྱས་པ་དང་། དུས་མཚུངས་ཁོ་བོའི་བསམ་པར་ཁོང་རྣམས་ཀྱིས་ད་ཡོད་ཀྱི་ཏུན་ཧོང་ཡིག་ཆར་ཞིབ་དཔྱོད་རྒྱ་ཆེ་གཏིང་ཟབ་གནང་ཡོད་ཤག་བྱས་པ་ཡིན། འོན་ཀྱང་། ད་ལྟ་ཧང་སངས་དགོས་པ་ཞིག་ནི་གོང་དུ་སྨྲོས་པའི་མཁས་པ་རྣམས་ལས་གཅིག་གིས་ཀྱང་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་བོའི་ཡིག་ཆ་དེ་དག་ལ་དོ་ནན་གྱིས་དཔྱད་གཞིའི་ཡུལ་དུ་འཇོག་གནང་མཛད་མི་འདུག
  དཔྱད་རྩོམ་འདིའི་བརྗོད་དོན་དང་འབྲེལ་བའི་ཏུན་ཧོང་གི་དཔེ་ཆ་ཨང་PT༩༧༢ནི་ད་ལྟ་ཧྥ་རན་སི་རྒྱལ་ཁབ་ཀྱི་དཔེ་མཛོད་ཁང་ནང་ཉར་ཚགས་བྱས་ཡོད་ལ། ཡིག་ཆ་དེ་ནི་སྙན་ངག་གི་རྩོམ་ལུས་ཅན་ཞིག་ཡིན་པ་དེར་བསྡོམས་ཚིག་རྐང་༡༡༦ཡོད། ཡིག་ཆ་དེ་ལ་མཚན་བྱང་མེད་ཀྱང་། ཞལ་ནས་གསུངས་པའི་ལྗོན་ཤིང་ཞེས་པའི་ཚིག་གིས་མཇུག་བསྡུ་བར་བྱས་ཡོད། ཡིག་ཆ་དེ་ནི་ལ་ལོ་༼Lalou༽ཡིས་གསུངས་པ་ལྟར་ཆ་མ་ཚང་བ་ཞིག་མ་ཡིན་པར་དེ་ནི་ཡིག་ཆ་ཆ་ཚང་པོ་ཞིག་རེད་འདུག ཡིག་རྙིང་དེའི་ཡིག་གཟུགས་ནི་དབུ་ཅན་ཡིན་ལ། མཐའ་མའི་ཤོག་ལོ་ཀ་གཅིག་དེ་ཚིག་རྐང་བཞི་བྱས་ཡིན་པ་ཕུད། དེ་བྱིངས་རྣམས་ཚིག་རྐང་ལྔ་ལས་གྲུབ་པ་ཤ་སྟག་གོ། དཔེ་ཆ་དེའི་རྩོམ་པ་པོ་སུ་ཡིན་སྐོར་མི་གསལ་ལ། ཡིག་ཆ་དེ་ལ་རལ་སྐྱོན་ཅུང་ཟད་ཤོར་ནས་ཚིག་འབྲུ་འགའ་ཞིག་བོར་བརླག་ཏུ་སོང་འདུག་པ་དེ་དག་ལས་ཁག་གཅིག་ནི་རལ་སྐྱོན་ཤོར་སའི་མཚམས་དེ་རང་དུ་སྐྱར་བྲིས་བྱས་འདུག
གོང་དུ་བརྗོད་པའི་ཡིག་ཆ་དེའི་ཁུངས་ཉིད་བདེན་པ་ཡིན་མིན་སྐོར་རགས་ཙམ་བརྗོད་ན། དེ་ཡང་ཏུན་ཧོང་གི་ཡིག་ཆ་རྣམས་ནི་སྤྱི་ལོ་༡༠༣༥ལོའི་གཏེར་དུ་སྦས་པར་གྲགས་ནའང་། རྒྱ་ཡིག་གི་ཏུན་ཧོང་ཡིག་ཆ་ནི་མ་མཐར་ཡང་༩༢༤ལོའམ་༩༨༤ལོར་གཏེར་དུ་སྦས་པ་ཞིག་ཡིན་ཚུལ་བརྗོད་པ་ཡིན། གོང་གསལ་ལོ་ཚིགས་དེ་དག་ལས་ང་ཚོས་ཏུན་ཧོང་ཡིག་ཆའི་སྐོར་ཤེས་རྟོགས་བྱ་རྒྱུར་ཕན་དེ་ཙམ་མི་ཐོགས། ཡིག་ཆ་དེ་དག་ལས་འཕྲོས་པའི་སྐད་དང་ཁྱད་ཆོས་བཅས་ལས་ང་ཚོས་ཤེས་དོན་ནི། ཡིག་ཆ་དེ་དག་ནི་བོད་དུ་སངས་རྒྱས་ཆོས་ལུགས་རྒྱ་ཆེར་དར་མེད་པའི་དུས་ནས་བརྩམས་པ་ཞིག་ཡིན་པ་དེ་ལགས། དེ་ཡང་ཡིག་ཆ་དེའི་མ་དཔེ་དངོས་ནི་ད་ལྟ་ང་ཚོས་མཐོང་བའི་དཔེ་ཆ་དེ་ལས་ཕལ་ཆེར་སྔ་བ་ཡོད་ཤས་ཆེ། ང་ཚོས་ཤེས་གསལ་ལྟར། སྤྱི་ལོ་༨༤༨ལོར་ཐང་རྒྱལ་རབས་ཀྱིས་ཏུན་ཧོང་གི་ས་ཆ་དེ་བོད་བཙན་པོའི་ལག་ནས་འཕྲོག་རྗེས། སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆ་བོད་ཡིག་ཐོག་མུ་མཐུད་བྲིས་ཡོད་ཀྱང་། བོད་ཡིག་ཐོག་ནས་དཔེ་ཆ་གསར་པ་བྲིས་སྲོལ་ཡོད་པ་ནི་ང་ཚོས་ད་བར་མ་ཤེས་ལ། ཁོ་བོ་ལྟར་ནའང་། གོང་དུ་སྨོས་པའི་དཔེ་ཆ་དེ་ནི་བོད་ཡིག་གི་དཔྱད་གཞིའི་ཡིག་ཆ་གང་གི་ནང་དུའང་གླེང་མེད་དོ། །
གོང་གསལ་གྱི་དཔེ་ཆ་དེའི་ནང་དོན་ནི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནང་གི་འདུས་བྱས་ཐམས་ཅད་མི་རྟག་པ་དང་ལས་རྒྱུ་འབྲས་ཀྱི་སྐོར་ཡིན་ལ། དཔེ་ཆ་དེ་རྩོམ་པའི་དམིགས་ཡུལ་ནི་སྐྱེ་བོ་ཆོས་དད་ཀྱིས་དབུལ་བ་རྣམས་སངས་རྒྱས་ཆོས་ལུགས་ཀྱི་སྒོར་འཇུག་རྒྱུ་དེ་ཡིན་པ་རེད། འགྲོ་བ་མི་ཡི་ལུས་ནི་འདུས་བྱས་ཀྱི་ཆོས་ཡིན་པ་དང་ཚེ་ཕྱི་མ་བརྩིགས་ཆེར་བརྩིས་ནས་འཇིག་རྟེན་གྱི་བྱ་ལས་ལ་ཞེན་ཆགས་མི་བྱེད་པའི་བསླབ་བྱ་བཏོན་ཡོད་ལ། དཔེ་ཆ་དེའི་རྩོམ་པ་པོས་སྙན་པའི་ཚིག་དང་གསོན་ཉམས་དོད་པོའི་དཔེ་མཚོན་གྱི་ཐབས་ལམ་ལ་བརྟེན་ནས་ཀློག་པ་པོ་རྣམས་སངས་རྒྱས་ཆོས་ལུགས་ལ་ཉམས་ལེན་བྱེད་རྒྱུར་སྐུལ་ལྕག་བྱས་ཡོད། རྩོམ་པ་པོས་ཀློག་པ་པོ་རྣམས་ལ་འགྲོ་བ་མི་རྣམས་སྐྱེས་ནས་ཤི་བ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་ཡིན་ཙ་ན། སྐབས་དེ་དུས་རང་གི་ཕ་མའམ་གྲོགས་པོ་སུས་ཀྱང་རང་ལ་རྔོ་མི་ཐོགས་ལ། ལྷ་ཆོས་༼སངས་རྒྱས་ཆོས་ལུགས༽འབའ་ཞིག་གིས་འཇིག་རྟེན་འཁོར་བ་ལས་འགྲོལ་བའི་སྡོང་གྲོགས་བྱེད་ཐུབ་ཚུལ་བརྗོད་པ་དང་། དེ་བཞིན་བོན་ལ་དད་པ་བྱེད་པའི་ཕལ་པའི་སྐྱེ་བོ་རྣམས་ལ་མུ་སྟེགས་པ་ཞེས་བརྗོད་ནས་ཀློག་པ་པོ་རྣམས་ལ་དེ་དག་ལ་ངོ་རྒོལ་བྱ་དགོས་པའི་བླངས་བྱའང་བཏོན་ཡོད་པ་མ་ཟད། བོན་ལ་དད་པ་བྱེད་མཁན་རྣམས་ནི་སྦྲང་བུ་དྲ་བར་ཁོན་པ་བཞིན་ག་ཚོད་ཀྱི་དཀྲུག་པ་དེ་ཙམ་གྱིས་འཛིང་པ་ལྟ་བུ་ཡིན་ཚུལ་དཔེར་བརྗོད་བཞག་ནས་ཀློག་པ་པོར་མོ་བོན་ལ་དད་པ་བྱ་མི་རུང་བའི་ཁ་ཏ་བསླབ་བྱ་བྱས་ཡོད། ཁོ་བོའི་ལྟ་ཚུལ་ལ། འདི་སྐབས་ཀྱི་མོ་བོན་ཞེས་པ་དེ་ནི་བོན་གྱི་མཆོད་པ་སྤེལ་མཁན་ལ་གོ་ཞིང་། དེ་ནི་ཆོས་ཀྱི་དགྲ་བོ་ཡིན་ཚུལ་བརྗོད་པ་དེའི་སྐོར་ཁོ་བོས་ཟུར་དུ་གླེང་གི་ཡིན། དཔེ་ཆ་དེའི་ནང་རྩོམ་པ་པོས་ཀློག་པ་པོ་རྣམས་ལ་འདྲེ་སྲིན་ཁག་གཅིག་ལ་མཆོད་པ་ཕུལ་མི་ཉན་པའི་བླངས་བྱ་བཏོན་ཡོད། འདྲེ་སྲིན་དེ་དག་ནི་རིམ་བཞིན་འདྲེ་དང་། སྲིན། བདུད་དང་བགེགས་བཅས་སོ། །དེ་ཡང་མོ་བོན་ཞེས་པས་ལྷ་སྲིན་སྡེ་བརྒྱད་ལ་མཆོད་པ་འབུལ་གྱི་ཡོད་པས་སོ། །དཔེ་ཆ་དེའི་མཇུག་ཏུ་རྩོམ་པ་པོས་ཀློག་པ་པོ་རྣམས་ལ་དེ་མུར་ཆོས་ཀྱི་སྒོར་འཇུག་དགོས་ཚུལ་དང་། མི་ཡི་ཚེ་ནི་ཆོས་ལོག་ཉམས་སུ་ལེན་ཕྱིར་ཆུད་ཟོས་སུ་གཏོང་མི་རུང་བའི་སྐུལ་མ་བཅས་བྱས་ཡོད་དོ། །
  གོང་གསལ་བོན་གྱི་སྐོར་འཁོད་པའི་ནང་དོན་དག་ལས་ང་ཚོས་སྐབས་དེ་ཤེད་ཀྱི་བོན་ནི་འཇིག་རྟེན་ཐོག་གི་ཕན་བདེ་ཉིད་གཙོར་བཞག་བྱ་མཁན་ཞིག་ཡིན་པ་མཚོན་ཞིང་། སངས་རྒྱས་ཆོས་ལུགས་ཀྱི་ལྟ་བའི་ཕྱོགས་ནས་བལྟས་ན། དེ་ལྟ་བུའི་ལྟ་བ་ནི་ཁས་བླངས་ཐབས་མེད། རྒྱུ་མཚན་ནི་སངས་རྒྱས་ཆོས་ལུགས་ཀྱིས་མི་རྟག་པ་དང་། སྐྱེ་བ་སྔ་ཕྱི། ལས་རྒྱུ་འབྲས་བཅས་ཀྱི་ལྟ་བ་དག་བརྩིགས་ཆེར་འཛིན་པས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག