ཁྱུང་དཀར་དགེ་བཤེས་མཆོག་དང་ངེད་དྲ་བའི་དོ་དམ་མི་སྣ་མཇུག་མཐའི་བྲལ་ཁ་མའི་དྲན་རྟེན་མཉམ་པར།
ཉེ་ལམ་གློ་རྡེག་ལ་རྒྱལ་བ་གཤེན་གྱི་བསྟན་པར་ལྷག་བསམ་རབ་ཏུ་དཀར་བའི་མཁས་པའི་ཁྱུ་མཆོག་ཁྱུང་དཀར་དགེ་བཤེས་ཟླ་བ་བསྟན་འཛིན་མཆོག་སྐུ་གཤེགས་པའི་གཏམ་ངན་དེ་ཐོས་འཕྲལ། བོད་ཕྱི་ནང་ནས་བོན་བསྟན་ལ་དད་གུས་བླ་མེད་ཐོབ་པའི་གཡུང་དྲུང་སྤུན་གྲོགས་མང་པོ་ཞིག་གི་སེམས་ལ་བཟོད་དཀའ་བའི་ཕངས་སེམས་ཚད་མེད་ཅིག་སྦྱིན་ཡོད་པ་སྨྲོས་མེད་ཡིན་ཕྱིར། འདིར་ཆེད་དུ་དམ་པ་ཁོང་གི་མཛད་རྗེས་ལ་ཡང་བསྐྱར་རྗེས་དྲན་གྱི་དོད་དུ་རྩོམ་པ་པོ་རེ་འགས་ཐད་ཀར་ངེད་དོ་དམ་མི་སྣར་བསྐུར་ཡོང་བའི་མྱ་ངན་རྩོམ་ཡིག་རྣམས་གཤམ་དུ་འགོད་རྒྱུ་ཡིན། སླད་མར་རྩོམ་པ་པོ་དག་གིས་གདུང་སེམས་མཉམ་བསྐྱེད་ཀྱི་དཔེ་ལྟར་རྩོམ་ཡིག་བསྐུར་མཁན་རེ་མཆིས་ཚེ་འདིའི་འཕྲོར་སྦྱར་རྒྱུ་ཡིན་པས་དེ་ལྟར་ཐུགས་འཇགས་འཚལ།
ཡོན་ཏན་པ་ཁྱོད་ལ་ང་ཚོས་ནམ་ཡང་རྗེས་དྲན་ཞུ།
༼གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས༽ཀྱི་དྲུང་ཡིག་པ་
ཁྱུང་དཀར་དགེ་བཤེས་ཟླ་བ་བསྟན་འཛིན་ལགས་ཉེ་ཆར་སྐུ་གཤེགས་པར་ཚོགས་པའི་ཚབ་བྱས་ཏེ་རྗེས་དྲན་ཞུ་བ།
དྲུང་ཆེ་གདོང་བཙུན་རྒྱ་ཐར།
༼གཅིག༽
རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ལོ་༡༩༦༥ལོའི་ཟླ༡༡པའི་ཚེས༨ཉིན་མདོ་ཁམས་ཁྱུང་དཀར་ཡུལ་ཁོངས་སུ་ཁྱེད་ཀྱི་དལ་བའི་རྟེན་བཟང་རྙེད་པར་གྲགས་ཤིང༌། ཅུང་ནར་སོན་རྗེས་དེ་གའི་སློབ་ཆུང་དུ་ཡོན་ཏན་ཀུན་ཀྱི་མིང་གཞི་ཀ་ཁ་ག་ངའི་དབྱངས་རྟ་ཐོག་མར་གྱེར་མགོ་བརྩམས་སྐད། སྤྱི་ལོ༡༩༨༥ལོ་སྟེ་དགུང་ལོ་ཉེར་ལྔའི་སྟེང་དཀར་ལེགས་དགོན་པའི་ཚོགས་གྲལ་དུ་ཞུགས་ཏེ་སྒྲིག་མཐུན་ཚུལ་གནས་ཀྱི་སྒོ་ནས་འདོན་ཆོག་གྱེར་དབྱངས་དང༌། ཐུན་མོར་རིག་གནས་སོགས་ཀྱི་ཕྱོགས་ལ་བག་ཆགས་བརྟན་པོ་བཞག་པ་སོགས་ནི་སྐུ་ན་གཞོན་དུས་སམ་དགུང་གྲངས་ཉེར་དྲུག་མན་གྱི་མཛད་རྣམ་བསྡུས་ཙམ་བཤད་ཁུལ་གྱིས་འཐུས་པར་བྱས་སོ།།
༼གཉིས།༽
དགུང་ལོ་ཉེར་དྲུག་སྟེ་སྤྱི་ལོ༡༩༨༦ལོར་སྨྲ་སེང་མི་ཡི་རྣམ་རོལ༧སྐྱབས་རྗེ་དྲིན་ཆེན་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་ཚང་གི་མདུན་ནས་རབ་ཏུ་བྱུང་བའི་གོ་སྐབས་གསེར་ལས་ལྷག་པ་རྙེད་པ་ནི། ཁྱེད་ཉིད་བསྟན་འཛིན་སྐྱེས་བུ་ངོ་མ་ཞིག་ཏུ་འགྱུར་ངེས་པའི་རྟེན་འབྲེལ་གྱི་རྩ་བ་ཚུགས་པ་ལགས་ཤིང༌། ལོ་མཇུག་དེར་བློ་ཐག་རྦད་ཀྱིས་བཅད་དེ་བལ་ཡུལ་བརྒྱུད་ནས་རྒྱ་གར་ཐོབ་རྒྱལ་གསར་བའི་གླིང་དུ་ཕེབས་པ་ནི། ཁྱེད་ལ་མཚོན་ན་དེད་དཔོན་ནོར་གླིང་དུ་ཕྱིན་པའི་གཏམ་རྒྱུད་ཡ་མཚན་པ་ཞིག་ལས་མ་འདས་ཏེ། དེ་ནས་བཟུང༌།༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་གསེར་གདམས་བདུད་རྩིའི་བཅུད་ཐིགས་རེ་རེ་ཁྱེད་ཀྱི་ཐུགས་རྒྱུད་ཀྱི་གོང་བུར་གསོག་བཞིན། ཟབ་ལམ་དྲུང་མུ་གྱེར་གྱི་མདོ་སྔགས་རིག་གནས་དང་བཅས་པར་གསན་བཞེས་ཐར་ཆགས་སུ་གནང་མཐར། སྤྱི་ལོ༡༩༩༦ལོར་གདན་ས་ཆེན་པོ་དེར་མཁས་མང་བརྒྱ་ཚོགས་སྟོང་འདུས་ཀྱི་དབུས་སུ། ཁྱེད་ལ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་གནང་བ་ནས་བཟུང༌། ཨ་ནུ་དགེ་བཤེས་སམ་ཁྱུང་དཀར་དགེ་བཤེས་ཟླ་བ་བསྟན་འཛིན་ཞེས་པའི་མཚན་དོན་གཉིས་ལྡན་གྱི་གྲགས་པ་ཕྱོགས་ཀུན་འབར་བར་བྱས།
༼གསུམ།༽
ཁོང་གིས་རབ་འབྱམས་པའི་མཚན་རྟགས་བཞེས་ནས་དཔལ་གཤེན་བསྟན་སྨན་རིའི་གླིང་ལ་བཞུགས་ཡུན་གྱི་རིང༌། མཁན་སློབ་རྣམ་གཉིས་ཀྱི་ཐུགས་བསྐྱེད་མཚུངས་པ་མེད་པའི་དབུ་ཁྲིད་ལམ་སྟོན་འོག ཐོས་བསམ་སློབ་གཉེར་བྱ་བས་ཚིམས་པ་མེད་པའི་རྒྱུན་སྐྱོང་ཞོར། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་དང༌། དྲུང་ཆེ། དེ་བཞིན་དུ་བོན་མཐུན་འབྲེལ་ལྷན་ཁང་དུ《བོན་སྒོ》ལོ་དེབ་ཀྱི་རྩོམ་སྒྲིག་པ་དང༌། གཤེན་བསྟན་སྨན་རིའི་གླིང་གི་སྤྱི་གཉེར་པ་བཅས་ཀྱི་ཐུགས་འགན་རིམ་བཞིན་བཞེས་པ་མ་ཟད། སྔ་ཕྱིར་དུས་དེབ་དང་ཚགས་ཤོག་སོགས་ཀྱི་སྟེང་དུ་རྣམ་གྲངས་མི་འདྲ་བའི་རྩོམ་རིགས་ཀྱང་བརྒྱ་ཕྲག་ལྷག་ཕུད་དེ་བསྟན་པའི་གསལ་བྱེད་དང༌། བསམ་བློ་བརྗེ་རེས་སོགས་ཀྱི་ཐད་ལ་ཕྱག་རྗེས་མང་དུ་བཞག་པ་དང༌། ཡང་ཁྱད་དེ་གའི་སློབ་མ་མང་པོར་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་ཟབ་མོ་ལོ་ཡི་ཁྱུད་མོ་འཁོར་དུ་མར་གནང་བས། ད་ལྟ་ཁོང་གི་ཞལ་སློབ་ཏུ་གྱུར་པའི་བསྟན་འགྲོ་གཉིས་ཕན་གྱི་བླ་སྤྲུལ་དགེ་བཤེས་མང་དག་ཅིག་གིས་རྒྱལ་ཕྱི་ནང་གཉིས་ཀར་རླབས་ཆེན་བསྟན་པའི་བྱ་བ་གཉེར་བཞིན་ཡོད་པར་ཐོས་སོ། །
༼བཞི།༽
ཁོང་ཉིད་བོད་ལ་ཕེབས་རྗེས་ཀྱང༌། རྣམ་གཡེང་དང་ཟང་ཟིང་གི་བྱ་བར་ཐུགས་བློ་ཆེར་ཕྱོགས་པ་མེད་པར། སྔ་གཞུག་ཏུ་ཁྱུང་དཀར་ཀུན་གྲགས་མཐོང་གྲོལ་རི་ཁྲོད་དང༌། ཀོང་པོ་རྒྱལ་རི་སྨིན་གྲོལ་གླིང༌། ཉག་རོང་བྱ་བཏང་རི་ཁྲོད་བཅས་སུ་གདན་ཞུས་ལྟར་བསྟན་འགྲོར་ཕན་བདེའི་བྱ་བཞག་རླབས་ཆེན་གནང་དང་གནང་མུས་སུ། སྤྱི་ལོ༢༠༠༩ལོའི་ཟླ༡༢པར་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཐེངས་དང་པོ་དེ། ཨ་མདོ་རྔ་བ་སྣང་ཞིག་དགོན་ཆེན་དུ་འཚོགས་སྐབས་ཁོང་ཉིད་དངོས་སུ་ཕེབས་ཤིང༌། ཚོགས་ཐོག་ཏུ་ཁོང་ཉིད་ཚོགས་པ་དེའི་དྲུང་ཡིག་པ་ལའང་བདམས་ཐོན་བྱུང་བ་རེད། སྐབས་དེ་ནས་བཟུང༌། ཕྲན་གྱིས་ཁོང་ཉིད་ངོ་ཤེས་ཤིང༌། ཐོས་པ་ལས་ཀྱང་མཇལ་འཛོམས་བྱུང་ཚེ་མཚན་དོན་ཡོངས་སུ་ཚང་བ་ཞིག་ཡིན་པའི་ངེས་ཤེས་བཅོས་མིན་དུ་རྙེད་པ་བྱུང༌། ཚོགས་ཐོག་ཏུ་ཁོང་གིས“ད་དེ་རིང་ངས་འདི་ནས་མགོ་ལ་རྭ་དང་མཇུག་ལ་རྔ་མ་མ་བཏགས་པའི་སྒོ་ནས་གཏམ་ཐུང་ཐུང་ངང་ནས་གཏམ་སྣ་གསུམ་ཞུ་རྒྱུ་ཡིན།”ཞེས་པའི་ཚིག་དུམ་འདིས་ཀྱང་ཁོང་ཉིད་ཁ་བཤད་ལས་ལག་ལེན་དུ་འདེབས་མཁན་ཞིག་དང༌། ཁ་ཡག་ཚིག་རྒྱན་ལས་དོན་ལ་བསམ་མཁན་ཞིག་ཡིན་པ་རྟོགས་ཐུབ་ལ། ཡང་ཁོང་གིས“ང་རང་ཚོས་རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱི་སེམས་ལ་མགོ་སྐྱབས་འགྲོ་ནས་བཟུང་སྟེ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རྣལ་མ་ཞིག་འཇོག་མ་ཐུབ་པས། ང་རང་ཚོའི་བོད་རང་ས་ནས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་མཁན་ཇེ་ཉུང་དུ་འགྲོ་བཞིན་པ་འདི་སློབ་གསོ་དང༌། རྒྱ་ཆེའི་མང་ཚོགས་ཀྱི་སེམས་ལ་གཡུང་དྲུང་བོན་གྱི་བསྟན་པ་འདི་ཡང་དག་པ་ཞིག་འཇོག་མ་ཐུབ་པས་རེད། འདི་ལྟར་ཐུབ་པར་བྱ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་རེད།”ཅེས་གསུངས་པར་བརྟགས་ན། ཁོང་ཉིད་བསྟན་པ་ངོ་མ་བསམ་མཁན་ཞིག་དང༌། སེམས་ཅན་ལ་བདེ་སྐྱིད་ཁོ་ན་སྐྲུན་མཁན་ཞིག་ཡིན་པ་མཚོན་ཐུབ་ལ། དེ་ལས་ཀྱང་ཁོང་ཉིད་དུས་རབས་དང་འཚམ་པའི་སློབ་གསོ་བ་ཞིག་དང༌། མཚན་དོན་ཡོངས་སུ་ཚང་བའི་དགེ་བའི་བཤེས་གཉེན་ཞིག་ཡིན་པ་མཚོན་བཞིན་ཡོད་པ་མ་ཡིན་ནམ།
༼ལྔ།༽
སྤྱི་ལོ༢༠༡༠ལོའི་ཟླ༧པའི་ནང༌། ཡང་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོ་དེ། མདོ་སྨད་ཀན་ལྷོའི་རྩེ་ཞིག་དགོན་དུ་འཚོགས་སྐབས། དགེ་བཤེས་ཚང་གིས་ཚོགས་པ་འདི་གལ་ཆེན་གཙིགས་འཛིན་དང༌།ཚོགས་པ་འདིར་མཐོང་ཆེན་གུས་བཀུར་གྱི་སྒོ་ནས་ཕེབས་འབྱོར་གནང་ཡོད་ལ། ཚོགས་ཐོག་ཏུ་ཡང་གོང་ལྟར་ཚིག་ཉུང་དོན་འདུས་ཀྱི་གཏམ་གླེང་རིན་ཐང་ཅན་མང་པོ་གནང་བས་མ་ཚད། གཏམ་གླེང་གི་མཇུག་ཏུ་ཡང“གཡུང་དྲུང་བོན་གྱི་བསྟན་པའི་ལས་དོན་ལ་དགེ་ཕན་དང་དགོས་དབང་ཤིན་ཏུ་ཆེ་བའི་ཚོགས་པ་འདིའི་རྒྱུན་ནམ་ཡང་བརྟན་པོར་ཆགས་ཏེ་འདི་ལྟར་ཡང་ནས་ཡང་དུ་འཚོགས་ཐུབ་པའི་སྨོན་འདུན་ཞུས་པ་ཡིན། ”ཞེས་པའི་མཇུག་གཏམ་ཐུང་ངུ་འདིས་ཡང༌། ཁོང་ཉིད་བསྟན་པ་སྤྱི་ལ་བསམ་མཁན་ཞིག་དང༌། གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྤེལ་གྱི་ཐད་ལ། མིང་དོན་གཉིས་ངོས་ནས་ལྷག་བསམ་གཙང་མ་ཡོད་མཁན་ཞིག་ཡིན་པ་ཤེས་ཐུབ་ཨང༌། ཚོགས་འདུའི་སྐབས་ཁོང་དང་ཕྲན་རང་གཉིས་གཟིམ་ཤག་གཅིག་ཏུ་ཁེལ་བས། ཕན་ཚུན་ལ་འཛེམ་དོགས་མེད་པའི་སྐད་ཆ་མང་དུ་བཤད་མྱོང་ལ། ལྷག་པར་དུ་ཁོང་དང་ང་གཉིས་འགྲོགས་ཡུན་གྱི་དུས་ཚོད་ཐུང་ཐུང་ཡིན་ན་ཡང༌། ཁོང་གི་བཅོས་མིན་གྱི་ཐུགས་རྒྱུད་དང༌། རྣམ་དཔྱོད་ཀྱི་ཡོན་ཏན་སོགས་ལ་ཁོ་བོས་རྗེས་སུ་ཡི་རང་གི་སྨོན་པ་ཤོར་བ་ལན་གཅིག་ག་ལ་ཡིན།
༼དྲུག༽
གཏམ་ངན་ཞིག་ཐོས་སོང༌། སྐད་ངན་ཞིག་གོ་སོང༌། སྐུད་མེད་ཁ་པར་གྱི་འཕྲུལ་ལམ་བརྒྱུད་དེ། མི་སྙན་པའི་སྐད་ཆ་ཞིག་བདག་གི་རྣ་ལམ་དུ་ལྷུང་སོང་ངོ༌། ། བདེན་པ་ཡིན་ནམ་དཀོན་མཆོག་མཁྱེན། ཁྱུང་དཀར་དགེ་བཤེས་ཚང་གིས་ནམ་རྒྱུན་ལྟར་བྲག་འགོའི་གཏོ་དགོན་གཡུང་དྲུང་གླིང་དང༌། གཏོ་ལུང་ས་སྔོན་རི་ཁྲོད་བཅས་སུ་བསྟན་འགྲོའི་མཛད་བཟང་སྐྱོང་བཞིན་པའི་དུས་མཚུངས་སུ། རང་གཞན་སུ་ཡིན་རུང་ནམ་འཆི་ཆ་མེད་ཅིས་ཀྱང་འགྲོ་དགོས་པའི་བཤད་ཕྱོགས་ལྟར། སྤྱི་ལོ༢༠༡༠ལོའི་ཟླ༩བའི་ཚེས༢༣ཉིན་གྱི་སྔ་དྲོ། གློ་བུར་དུ་ཁོང་གི་སྐུ་ཚེའི་འཕེན་པ་རྫོགས་སོང་ཟེར། ཨ་ཧ་བོ། འདི་ནི་ས་གནས་དེ་དང༌། སློབ་བུ་ཁོང་ཚོའི་གྱོང་གུད་ཡིན་པ་མ་ཟད། གཡུང་དྲུང་བོན་གྱི་གྱོང་གུད་དང༌། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་སོགས་ཀྱིས་ཀྱང་གྱོང་གུད་ཡིན་འདུག་པས། ཡོན་ཏན་པ་ཁྱེད་ལ་ང་ཚོས་ནམ་ཡང་རྗེས་དྲན་ཞུ། ཡོན་ཏན་པ་ཁྱེད་བདེ་བར་བཞུད་དང༌། ང་ཚོས་ཁྱེད་ལ་རྣམ་དག་གི་བསྔོ་སྨོན་དབྱངས་སུ་འཐེན་ནས་ཡོད། ཡོན་ཏན་པ་ཁྱེད་བདེ་བར་གཟིམས་དང༌། ང་ཚོས་ཁྱེད་ལ་གྱེས་ཕྱག་གི་མཆོད་པ་རྣམ་ལྔ་བཤམས་ནས་གདའ། ཡོན་ཏན་པ་ལགས། ཁྱེད་བདེ་བར་ཕེབས་དང༌། ཁྱེད་ཀྱི་དྲི་མེད་ཀྱི་ཐུགས་རེ་ཡོད་ཚད་ལ། ང་ཚོས་ལྗང་མདོག་གི་མྱུ་གུ་སྨིན་དུ་འཇུག་ངེས་སོ། །
སྤྱི་ལོ༢༠༡༠ལོའི་ཟླ༩ཚེས༢༨ཉིན་རྔ་བ་རུ་གདུང་སེམས་ཀྱིས་བྲིས་སོ། །
༢༠༡༠ལོའི་༼གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས༽ཀྱི་རྒྱུན་ལས་ལས་འཛིན་སྐབས་དང་པོའི་སྐབས་གསུང་བཤད་གནང་བཞིན་པ།
གདུང་འབོད་སེམས་ཀྱི་མེ་ཕུང༌།
རྫ་ཚེ་དབང་བསྟན་འཛིན།
ལྷག་བསམ་སྟོན་མཚན་ཟླ་བ་དཀར་པོའི་ཆ།།
ཕྱོགས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཁྱོད།།
བསྟན་འཛིན་སྟོང་གི་གྲལ་ན་མངོན་འཕགས་པས།།
སྙན་གྲགས་གཡུ་འབྲུག་ངར་མའི་རང་སྒྲ་དགོད།།
ཀྱེ་མ་གདུལ་བྱའི་རྟག་འཛིན་གཞོམ་ཕྱིར་དུ།།
ཀུན་རྫོབ་སྒྱུ་མའི་རྣམ་འཕྲུལ་བསྡུས་པ་ཡིས།།
འགྲོ་གང་སྐྱོང་གདུང་དྲག་པོས་མནར་བ་ན།།
ཡང་སྤྲུལ་ཉི་མ་གཞོན་ནུའི་འཛུམ་ཞལ་སྟོན།།
མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱིས།།
འཛམ་གླིང་ཁྱོན་ལ་རྒྱལ་བསྟན་སྤེལ་མཁས་ཤིང༌།།
འགྲོ་དྲུག་མ་རུ་ཤེས་པའི་བདག་ཉིད་ཅན།།
ཁྱེད་སྐུ་དྲན་བཞིན་བདག་བློ་སྐྱོ་བས་གདུང༌།།
ཞེས་གདུང་འབོད་སེམས་ཀྱི་མེ་ཕུང་འདི་གངས་ལྗོངས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་ཆེན་མོའི་
དགེ་མིང་ཙམ་འཛིན་པ་རྫ་ཚེ་དབང་བསྟན་འཛིན་དུ་འབོད་པས་བྲིས་པའོ།།
གྱེས་བྲལ་སྙིང་གི་གདུང་འབོད།
གདོང་བཙུན་བཀྲ་བསྟན།
མི་ཚེ་གཅིག་ལ་བཤད་སྒྲུབ་ཀྱི་དར་ཆེན་ཕྱར་ཞིང༌།
མི་ཚེ་གཅིག་ལ་ལེགས་བཤད་ཀྱིས་སློབ་ཚོགས་བསྐྱངས་པའི་ཁྱེད་ཉིད།
གོ་ཐོས་སུ།
ཚེ་སྲོག་གི་མར་མེ་ཟིམ་སོང་ཟེར།
དབུགས་རླུང་གི་འབྱིན་སྒྲ་ཆད་སོང་ཟེར།
ད་དུང་གོ་ཐོས་སུ།
རླབས་ཆེན་གྱི་མཛད་རྗེས་བཞག་སོང་ཟེར།
ངོ་མཚར་གྱིས་ཞིང་གཞན་ཕེབས་སོང་ཟེར།
དེ་རིང༌།
སྟོན་མཇུག་གི་ཁ་ཆར་དང་འགྲོག་པའི།
གྱེས་བྲལ་གྱི་སྡོང་ལོ་རླུང་གིས་ཁྱེར་ཞིང༌།
འདོད་འདུན་གྱི་འཇའ་རིས་མཁའ་རུ་ཡལ།
དེ་རིང་འཕང་སེམས་ཀྱིས་སྙིང་ལ་ཚ་གཟེར་རྒྱུག
ཟུང་ཁྲག་གི་སྙིང་བཅུད་ས་ལ་ཐིམ།
འཇིགས་སྐྲག་གིས་བ་སྤུ་ས་ལ་གཏོར་གྱིན།
ཤ་རུས་ཀྱི་ལྷུ་ཚིགས་འཐོར་གྱིན་འདུག
གོ་ཐོས་ཀྱི་དྲན་པའི་ཟབ་ས་དེར།
ངུ་འབོད་གྲངས་མེད་ཀྱི་འཁུན་སྒྲའི་བར་གསེང་ན་ཉལ་བའི།
རེ་འབྲས་ཀྱི་མིག་ཟུང་རྒྱང་ལ་ཅེར་བའི་སློབ་བུ་སྟོང་གིས།
དད་ཕྱག་ཐར་སྦྱོར་གྱིས་པུས་མོ་ས་ལ་བཙུགས་ཏེ།
སྐྱོ་སེམས་དྲན་གདུང་གིས་དབྱངས་རྟ་རྒུམ་བཞིན།
མྱ་ངན་ཁྲི་སྟོང་གི་ཀློང་རིམ་ནས་ངུ་ངག་འདོན།
སྙིང་ཉེ་ཚེ་སྲོག་གི་གསེར་ཁྲི་རྨང་ནས་བརྗེས་ཤིང༌།
མྱ་ངན་སྐྱོ་སྡུག་གི་ཞུ་ཚིག་སྙན་དུ་སྒྲོན་བཞིན།
རྩ་གསུམ་དཀོན་མཆོག་གི་ལྷ་ལ་བློ་ཕུགས་གཏད་པའི།
འཚེ་མེད་སེམས་མཐུན་གྱིས་མྱ་ངན་ཁྱེད་ལ་ཞུ།
གཤེན་གྱི་དགེ་སྦྱོང་བ་ཁྱུང་དཀར་དགེ་བཤེས་ཟླ་བ་བསྟན་འཛིན་གྱི་སྐུ་ཚེའི་འདུ་བྱེད་རྫོགས་སོང་བ་ཐོས་རྗེས་གདོང་བཙུན་བཀྲ་བསྟན་ནས།
སེམས་ཀྱི་ཟླ་བ་བསྐལ་བ་སྟོང་གི་ཞིང་ལ་ཡིབ།
ཧྲེ་ཤུལ་བསྟན་གྲགས།
སྡོང་ལོ་ས་ལ་ལྷུང་ཞིང་ཁྲུང་ཁྲུང་གིས་ལྷོ་ལམ་འགྲུམ་པའི་དེ་རིང༌། འཛིན་མའི་ལྗང་མདོག་ཉམས་ཤིང་མེ་ཏོག་གི་འཛུམ་མདངས་ཡལ་བའི་དེ་རིང། གློ་རྡེག་ལ་སེམས་ཀྱི་ཟླ་བ་བསྐལ་བ་སྟོང་གི་ཞིང་ལ་ཡིབ་ཅིང༌། མཁའ་དབྱིངས་ན་འོད་སྣང་འཕྲོ་འདུ་བགྱི་བའི་རྒྱུ་སྐར་ཚོགས་ཀྱིས་མིག་ཆུ་བཞུར་ཅིང་ཤུབ་བུར་བཤུམ་དུས།ངའི་བྱང་ཁོག་སྟོད་ཀྱི་མཚོ་ཆེན་སྡུག་བསྔལ་གདུང་བས་དྲག་ཏུ་བསྐྱོམས་ཞིང༌། མྱ་ངན་རླབས་ཕྲེང་མཁའ་རུ་འཕྱོ། ཡིན་ན་ཡང༌། སྐྱེ་མཐར་འཆི་བ་ནི་ལྡོག་མེད་ཀྱི་ཆོས་ཉིད་ཅིག་ཡིན་ཙ་ན། དེ་ནི་བློས་མི་ཐོངས་བའི་དོན་བྱ་ཞིག་མིན་མོད། འོན་ཀྱང༌། ཁོང་གིས་བཞག་པའི་མཛད་རྗེ་དང༌། ཕུད་པའི་ནུས་པ་སོགས་གང་ལ་བསམ་རུང་ཁོང་འདྲ་བའི་བསམ་བློའི་ཤེས་རྟོཊ་ཅན་ཤིན་ཏུ་དཀོན་ལ། ལྷག་པར་རྒྱལ་བ་མཉམ་མེད་བླ་མའི་བསྟན་པའི་མཛེས་པ་སྲོག་ཏུ་བཟུང་ནས་རྣམ་དག་གི་སེམས་པས་སྲི་ཞུ་སྒྲུབས་མཁན་གྱི་མཉེན་གཤིས་ཅན་དེ་བས་ཀྱང་དཀོན་ཕྱིར། ངའི་སྟོང་སྣང་གི་ཚོར་བ་དེ་སེམས་བསམ་པའི་གཏིང་ནས་སྐྱེས་ཤིང༌། སྐྱོ་གདུང་གི་སྡུག་ཡུས་ཀྱིས་སེམས་པ་རྟག་ཏུ་མནར་འདུག དེ་བས་ཁྱེད་ཉིད་ཤེས་རབ་བྱམས་མའི་ཞིང་ཁམས་ནས་འཇིག་རྟེན་གདུལ་བྱའི་མགོན་དུ་བྱོན་ཅིག་ཀྱེ།
ཅེས་ཅོག་ལོ་རྣམ་རྒྱལ་བསམ་གཏན་གླིང་གི་ཧྲེ་ཤུལ་བསྟན་གྲགས་ཀྱིས་དགེ་བའི་བཤེས་གཉེན་ཆེན་པོ་ཁྱུང་དཀར་ཟླ་བ་བསྟན་འཛིན་
དགོངས་པ་བོན་དབྱིངས་སུ་གཤེགས་པའི་གཏམ་ཐོས་རྗེས༢༠༡༠ལོའི་ཟླ༩ཚེས༢༧ལ་བྲིས།
དྲན་པའི་རྫོངས་གླུ།
དགེ་བཤེས་ཁྱུང་དཀར་ཟླ་བ་བསྟན་འཛིན་མཆོག་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་ཞུ།
ཁྱུང་དཀར་ཟླ་བ།
ཀྱེ་མ་ཀྱེ་ཧུད་ཁྱུང་ཆེན་དར་མའི་གཤོག་རླབས་གར། །
གློ་བུར་ཞིང་ཁམས་གཞན་ལ་བསྒྱུར་བའི་ཟློས་གར་འདི། །
མི་རྟག་སྒྱུ་མའི་རྣམ་རོལ་ཙམ་ལ་ངོས་ཟིན་ཡང་། །
བདག་སྙིང་བུམ་ཆུང་ལྟོ་བས་མ་ཐེག་ཚལ་བར་གས། །
ད་ལོའི་གཡུ་འབྲུག་ལྷང་ལྷང་གྲགས་པའི་དབྱར་གཞུང་དེར། །
མདོ་སྨད་རྩེ་ཞིག་གཤེན་བསྟན་གླིང་ནས་དགྱེས་འཛོམས་ཀྱང་། །
ཁུ་བྱུག་ལྷོ་རུ་བཞུད་པའི་སྟོན་ཟླ་ཚེས་དུས་འདིར། །
བཤེས་ཁྱོད་མི་མངོན་དབྱིངས་སུ་བཞུད་འདི་བཟོད་དཀའ་ཨང་། །
འདུ་འབྲལ་བོན་ཉིད་སྔོན་ནས་རྟོགས་པའི་གདེང་ཚོད་དེས། །
ཡང་ཡང་ལྷན་ཅིག་བསྐྱོན་པའི་པར་རིས་དེ་དག་ཀྱང་། །
བདག་འདྲའི་མཆེད་གྲོགས་ཡོངས་ཀྱི་སེམས་པའི་གཞུང་ཤག་ཏུ། །
དྲན་པའི་རྟེན་དུ་བཀོད་པ་མིན་ནམ་ཁྱུང་དཀར་བ། །
སྤྱིར་ན་འདུས་བྱས་ཐམས་ཅད་རྟག་པར་མ་ངེས་ཀྱང་། །
གློ་བུར་འདི་ལྟར་གྱེས་པར་ད་རུང་ཡིད་གཉིས་འཁྲུགས། །
ནམ་ཞིག་སླར་ཡང་དངོས་མཇལ་ཐུབ་པའི་རེ་སྨོན་དེ། །
དྲན་པའི་ཀློང་ནས་ཡལ་བར་མ་ནུས་ལྷག་པར་ལྡིང་། །
གདུང་སེམས་མཆི་མའི་ཆབ་རྒྱུན་གཏོར་བས་མི་ཕན་ཡང་། །
ཡིད་ལ་བརྣག་དཀའི་ཟུག་རྔུ་ལྡང་བས་འགོག་ཐབས་བྲལ། །
ཡང་ཡང་བཟླས་པའི་དོང་སྤྲུགས་སྙིང་པོའི་བདེན་སྟོབས་ཀྱིས། །
དག་ཞིང་འོལ་མོའི་གླིང་ཆེན་དེ་རུ་མཇལ་གྱུར་ཅིག །
2010/10/05
གདུང་སེམས་མཉམ་དུ་བསྐྱེད་པའི་ཚིག་ཕྲེང་ནེ་རའི་ཆུན་པོ།
ཁྱུང་གསས།
བརྗིད་པའི་སྐུ་མཆོག་རི་དབང་ལྷུན་པོའི་ཉམས་ཀྱི་གཟི་འོད་གླིང་བཞིའི་ཁྱོན་དུ་སྤ།།
སྙན་པའི་གསུང་སྐད་པི་ཝང་རོལ་མོ་ལྷོ་གླིང་འཛམ་བུར་དགའ་བའི་དཔྱིད་དུ་སྒྲོགས།།
བརྩེ་བའི་ཐུགས་བསྐྱེད་ཡེ་ཤེས་རྒྱ་མཚོའི་དངོས་གྲུབ་འཛད་མེད་འགྲོ་ལ་སྙོམས་མཛད་པོ།།
ཁྱེད་ཉིད་སྲིད་པའི་ཞིང་འདིར་ཕེབས་པའི་དགེ་མཚན་མེ་ཏོག་འབུམ་ཕྲག་ལམ་ལམ་བཞད།།
མདོ་དབུས་ཁམས་ཀྱི་སྐྱ་སེར་འབུམ་གྱིས་བརྩེ་བའི་རེ་བཞག་ཁྱེད་ལ་བཅོལ་བའི་འབྲས་བཟང་དུ།།
བཤད་སྒྲུབ་སྒོམ་པའི་བསྟན་པའི་མེ་སོན་ཕྱོགས་བརྒྱར་སྤེལ་བའི་གྲགས་དཀར་སྙན་པ་འབུམ།།
བདག་སོགས་ཐོས་ལྡན་བུ་གའི་དཔྱིད་དུ་གྲུབ་ཚེ་དགའ་སྤྲོའི་སྣང་བ་འབུམ་ཕྲག་བལྟས་ན་ཡང་།།
སྐད་ཅིག་ཚེ་ཡི་རི་མོ་དགུང་དུ་ཡལ་བའི་བདུད་ཀྱི་ཆོ་འཕྲུལ་འདི་ལ་ཡིད་ཐང་གཏིང་ནས་ཆད།།
ཀྱེ་མ། ལྟེ་ཕྲག་གངས་ནས་བུད་ཅིང་ལང་ཚོ་ལྷོ་ནས་རྒྱས་པའི་གངས་སེང་དཀར་མོ་ཞིག།
མི་འདོད་དུས་ཀྱི་འབྱུང་པོས་གློ་བུར་སྐུ་ཚེ་འཕྲོག་པའི་རྨི་ལམ་ནག་པོ་ཞིག།
མི་སྙན་གནས་ཚུལ་ནག་པོའི་སྐད་སྒྲ་གཟན་པོ་རྣ་བའི་བུ་གར་ལྷུང་མ་ཐག།
མི་ཡི་སེམས་ཁམས་དྲོད་མོ་འཁྱགས་སུ་བཅུགས་པའི་ཚོར་སྣང་སྐྱུར་མོས་ལུས་སེམས་མནར།།
ཁྱེད་ཉིད་ཞིང་ཁམས་གཞན་དུ་ཕེབས་ཀྱང་བསྟན་འགྲོའི་མཛད་འཕྲིན་ད་དུང་ལྷག་མེད་དམ།།
ཤུལ་ལུས་རྗེས་འཇུག་ལུས་ཅན་ཀུན་ལ་བརྩེ་བའི་ཕྱི་མིག་ད་དུང་མ་གཡོས་སམ།།
གཤེན་རྒྱལ་བསྟན་ལ་གཅེས་པའི་བསྟན་དོན་ལྷག་བསམ་ད་དུང་ཐུགས་སུ་མ་འཆང་སམ།།
གསོལ་སྨོན་རེ་བཞག་སྟོང་གི་འབོད་པའི་གཡབ་མོ་ད་དུང་ཁྱེད་ཀྱིས་མ་གཟིགས་སམ།།
ཁྱེད་ལ་དུང་བའི་བླ་སྡེ་དགོན་གསུམ་རི་ཚོགས་གྲངས་ཙམ་དགེ་བའི་སྡོང་དུ་ཕེབས།།
ཁྱེད་ལ་དུང་བའི་གཡུང་དྲུང་སྤུན་གྲོགས་སྐར་མའི་ཚོགས་ཀྱིས་གདུང་སེམས་མཉམ་དུ་བསྐྱེད།།
ཁྱེད་ལ་དུང་བའི་དད་ལྡན་མང་ཚོགས་ས་རྡུལ་གྲངས་ཀྱིས་འདས་མཆོད་མཉམ་དུ་སྒྲོན།།
ཁྱེད་ལ་དུང་བའི་བརྩེ་བའི་བུ་སློབ་རྩི་ཏོག་གྲངས་ཀྱིས་མཐུན་ལམ་གཅིག་ཏུ་སྒྲིལ།།
དཀོན་མཆོག་གསུམ་གྱི་བདེན་པའི་མཐུ་ཡིས་བར་དོ་གསུམ་གྱི་སྣང་ཚོགས་གཞི་ནས་དག།
ཏིང་འཛིན་གསུམ་གྱི་མེ་ཡི་མཆོད་པས་ཉོན་མོངས་གསུམ་གྱི་བུད་ཤིང་ཐལ་བར་བསྒྱུར།།
དག་པ་གསུམ་གྱི་དགེ་བའི་སྡོང་གིས་འཁོར་བ་གསུམ་གྱི་འཇུག་སྒོ་རྩད་བཅད་དེ།།
གྲོལ་བ་གསུམ་གྱི་མཐར་ཕྱིན་ཀློང་ནས་སྐུ་མཆོག་གསུམ་གྱི་གོ་འཕང་མངོན་བརྙེས་ཤོག།
ཡེ་ཤེས་ལྔ་ཡི་རྩལ་ཆེན་རྫོགས་ནས་དུག་ལྔའི་བདུད་ཚོགས་དམིགས་མེད་དབྱིངས་སུ་བསྟིམས།།
སྐུ་ལྔའི་ལྷ་ཚོགས་རང་ཞལ་ཁུམས་ཏེ་ཕུང་ལྔའི་གདོས་པ་གཞི་ཀློང་ངང་དུ་གྲོལ།།
ཞིང་ལྔའི་སྣང་བ་ལོངས་སྤྱོད་རྫོགས་ནས་ཁམས་ལྔའི་འབྱུང་འཁྲུལ་སྣང་ཚོགས་གཞིར་དག་ཅིང་།།
རྩལ་ལྔ་སྟོབས་དྲུག་རང་ལ་རྫོགས་ནས་ཆེན་པོའི་རྒྱལ་ས་འབད་མེད་ལྷུན་གྲུབ་ཤོག།
སླར་ཡང་འགྲོ་བའི་གདུང་སེམས་ཐུགས་རྗེའི་ཟེར་ལ་འཇུས་པའི་ལས་སྨོན་རྟེན་འབྲེལ་དུ།།
བརྩེ་ཆེན་ཡེ་ཤེས་ཀློང་ནས་ཤུགས་འབྱུང་སྒྱུ་མའི་རྣམ་སྤྲུལ་འབུམ་ཕྲག་རབ་སྤྲོས་ཏེ།།
སྐྱེ་དགུའི་བདེ་རྩ་ཡིད་བཞིན་བསྒྲུབ་ལ་འཕྲིན་ལས་འཇུག་པ་དུས་གསུམ་ནུབ་མེད་དུ།།
གྱེར་བསྟན་མཛེས་པའི་རྒྱན་དུ་འཆར་བའི་བཀྲ་ཤིས་སྨོན་ལམ་ཞུ་འཕྲིན་འདི་ནས་འབུལ།།
ཅེས་དགེ་བའི་བཤེས་གཉེན་ཆེན་མོ་ཁྱུང་དཀར་ཟླ་བ་བསྟན་འཛིན་མཆོག་སྐུ་ཡི་བཀོད་པ་བོན་དབྱིངས་སུ་བསྡུས་པའི་གནས་ཚུལ་ཐོས་སྐབས་གདུང་སེམས་མཉམ་བསྐྱེད་ཞུས་པའི་མཆོད་ཚིག་ཏུ་དམ་པ་གོང་གི་སློབ་བུའི་གྲལ་མཐར་གནས་པ་ཁྱུང་གསས་ཞེས་པས་ཕུལ།།