ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> ཆོ་ག་ཕྱག་ལེན། >> གཡུང་དྲུང་བོན་བསྟན་རྒྱས་པའི་སྨོན་ལམ་གྱི་ཚིག་འགྲེལ་ཉུང་བསྡུས།
གཡུང་དྲུང་བོན་བསྟན་རྒྱས་པའི་སྨོན་ལམ་གྱི་ཚིག་འགྲེལ་ཉུང་བསྡུས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྨན་རིའི་དགེ་བཤེས་བསྟན་འཛིན་ཕུན་ཚོགས།སྡེ་དགེ་བ།] [ཟླ་ཚེས། 10-07-04] [ཀློག་གྲངས། ]

       ༄༅། །གཡུང་དྲུང་བོན་བསྟན་རྒྱས་པའི་སྨོན་ལམ་འདིའི་ཚིག་འགྲེལ་ཉུང་ངུ་ཞིག་འཆད་པ་ལ།   སྔོན་འགྲོ་དངོས་གཞི་རྗེས་བྱ་དང་གསུམ་ལས། དང་པོ་ཕྱག་འཚལ་བར་བསྟན་པ་དང༌། སྨོན་ལམ་འགྲུབ་པར་བྱེད་པའི་རྒྱུ་བསྟན་པ་གཉིས་ལས། དང་པོ་ན་མོ་ནི་ལེགས་སྦྱར་རམ་ཞང་སྐད་དེ་བོད་སྐད་དུ་ཕྱག་འཚལ་ཞེས་པའི་དོན་བསྟན་པ་ལ་གསུམ་ལས། དང་པོ་ཡུལ་གང་ལ་ཕྱག་འཚལ་ན། སྐྱབས་གནས་དཀོན་མཆོག་གསུམ་མམ་ཡུལ་མཆོག་གནས་བཞི་ལ་འཚལ། གཉིས་པ་ཚུལ་ཇི་ལྟར་འཚལ་ན། ལུས་གུས་པ། ངག་སྙན་པ། ཡིད་མོས་པ་སྟེ་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་འཚལ། གསུམ་པ་འཚལ་བའི་དགོས་པ་ནི། སྐབས་བབ་ཀྱི་བྱ་བ་བསྟན་པ་རྒྱས་པའི་སྨོན་ལམ་བཟང་པོ་འདི་བརྩམ་པའི་བར་ཆོད་ཞི་བ་དང༌། རང་རྒྱུད་ལ་རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་དགོས་པ་ཁྱད་པར་ཅན་ཡོད་དོ། །

      གཉིས་པ་རྒྱུ་ལ། སྨོན་ལམ་འགྲུབ་པར་བྱེད་པའི་རྒྱུ་ངོས་བཟུང་བ་དང༌། རྒྱུ་དེ་ཉིད་ཀྱིས་སྨོན་པའི་དོན་འགྲུབ་པར་བྱེད་པའི་ཕྱིར་སྨོན་པ་གཉིས་ལས།

དང་པོ་ནི། བསླུ་མེད་སྐྱབས་མཆོག་རྣམས་ཀྱི་བྱིན་རླབས་དང༌། །
                 རྣམ་དཀར་དགེ་ཚོགས་བསྒྲུབས་པའི་ནུས་མཐུ་དང༌། །
                བོན་ཉིད་རྣམ་པར་དག་པའི་བདེན་སྟོབས་ཀྱིས། །

      ཞེས་པས་བསྟན་ཏེ། རང་གཞན་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་གང་ལའང་བསླུ་བ་མེད་ཅིང༌། འདི་ཕྱིའི་འཇིགས་པ་ཀུན་ལས་སྐྱོབ་པའི་སྐྱབས་ཀྱི་མཆོག་བླ་མ་སངས་རྒྱས་བོན་དང་གཤེན་རབ་རྣམས་ཀྱི་ཐུགས་རྗེའི་གཟི་བྱིན་གྱི་རླབས་དང༌། སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་པའི་སྐྱེ་འགྲོ་རྣམས་ཀྱི་སྙན་ཐོབ་གྲགས་བདེ་ལ་སོགས་པས་བསླད་པ་མེད་ཅིང་བསམ་སྦྱོར་རྣམ་པ་རབ་ཏུ་དཀར་བའི་ལུས་ངག་ཡིད་གསུམ་གྱི་དགེ་བའི་ལེགས་ཚོགས་ཚེ་རབས་ནས་བསྒྲུབས་ཤིང་ཉམས་ལེན་བྱས་པའི་སྟོབས་ཤུགས་ནུས་པའི་མཐུ་དང༌། འཁོར་འདས་ཤེས་བྱས་བསྡུས་པའི་བོན་ཐམས་ཅད་ཀྱི་རང་བཞིན་གཤིས་ཀྱི་གནས་ལུགས་སྟོང་པ་ཉིད་ཡིན་པ་དང༌། དེ་ཉིད་སེམས་ཅན་གྱི་རྒྱུད་ཀྱི་བདག་འཛིན་དང་བདེན་འཛིན་གང་གིས་བསླད་པ་མེད་ཅིང་དེའི་ཡུལ་ལས་དབེན་པས་རྣམ་པར་དག་པའི་རང་བཞིན་དང་བདེན་ཞེས་རྫུན་གྱི་ལྡོག་ཕྱོགས་སམ་རང་བཞིན་བདེན་པར་མ་གྲུབ་པའི་སྟོབས་ཤུགས་ཀྱིས། ཞེས་གོང་གི་ཚིག་རྐང་གསུམ་གྱི་བྱེད་པ་མཉམ་དུ་སྟོན་པའི་སྒྲའོ། །

གཉིས་པ་ནི། 
                  ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་གྱུར་ཅིག །

      ཅེས་རང་ལ་ལེགས་ཚོགས་ཀྱི་བྱ་བ་བསྒྲུབ་འདུན་ཇི་ཡོད་ཐམས་ཅད་བསམ་པ་ལྟར་སྨོན་ལམ་བཏབ་པའི་དོན་རྣམས་ཀུན་མ་ལུས་པ་འགྲུབ་པར་གྱུར་ཅིག ཅེས་སྨོན་ལམ་འདེབས་པའོ། །

       གཉིས་པ་དངོས་གཞི་གཞུང་གི་དོན་ལ་གསུམ་ལས། དང་པོ་སྤྱིར་འགྲོ་ཀུན་ཕན་བདེའི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་དང་བསྟན་འཛིན་བསྟན་སྦྱིན་ཐམས་ཅད་འཕེལ་ཞིང་རྒྱས་ནས་སྲིད་མཐའི་བར་དུ་གནས་པར་བསྟན་པ་ནི།

བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན། །
བསྟན་འཛིན་བུ་སློབ་བཤད་སྒྲུབ་འཕེལ་བ་དང༌། །
བསྟན་སྦྱིན་མངའ་ཐང་ལོངས་སྤྱོད་རྒྱས་པ་དང༌། །
བསྟན་པ་སྲིད་མཐའི་བར་དུ་གནས་གྱུར་ཅིག །

      ཅེས་པ། ཕྱི་རོལ་བའི་བསྟན་པས་ཟླ་མི་ཡོང་བ་ལྟ་ཅི་ཚེ་ལོ་བརྒྱ་པའི་སྐབས་ཀྱི་ནང་པ་ཐམས་ཅད་ཀྱི་ནང་ནས་ཀྱང་བསྟན་པའི་བྱུང་ཁུངས་སམ་སྙིང་པོ་ནི་སྒྲིབ་གཉིས་རྣམ་པར་བྱང་ཞིང་སྤངས་རྟོགས་ཀྱི་ཡོན་ཏན་མ་ལུས་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཆེའི་བསྟན་པ་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཡིན་པ་དང༌། སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་ཤིང་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྐྱེས་མཆོག་རང་གི་བུ་ལྟར་གཅེས་པའི་སློབ་མ་རྣམས་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་བཤད་ཉན་སྒོམ་སྒྲུབ་བྱེད་པ་པོ་དབྱར་གྱི་རྩི་ཐོག་བཞིན་རྒྱས་ཤིང་འཕེལ་བ་དང༌། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་དང་ཁྱད་པར་དུ་ྋདཔལ་གཤེན་བསྟན་སྨན་རིའི་གླིང་གི་བསྟན་པའི་སྦྱིན་བདག་རྣམས་ཀྱང་རྒྱལ་པོ་རྣམ་ཐོས་སྲས་ཀྱི་མངའ་ཐང་ལོངས་སྤྱོད་ལྟར་རྒྱས་པ་དང༌། དེ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྲིད་མཐའི་བར་དུ་གནས་པར་གྱུར་ཅིག ཅེས་སྨོན་ལམ་འདེབས་པའོ། །

      གཉིས་པ་ནི་ཁྱད་པར་དུ་རྒྱུད་གསུམ་བསྟན་པའི་མངའ་བདག་རྒྱལ་བ་གཉིས་པ་མཉམ་མེད་སྨན་རི་བའི་རིང་ལུགས་མདོ་སྔགས་སེམས་གསུམ་གྱི་བསྟན་པ་རིན་པོ་ཆེ་ཡུན་རིང་པོར་གནས་པར་སྨོན་པ་ནི།

ཁྱད་པར་རྗེ་བཙུན་མཉམ་མེད་བླ་མ་ཡི། །
རིང་ལུགས་འཁྲུལ་མེད་གཤེན་བསྟན་སྨན་རི་བའི། །
མདོ་སྔགས་ཉི་ཟླ་ཟུང་འབྲེལ་བསྟན་པའི་མཆོག །
དུས་ཀུན་ཉམས་མེད་ཡུན་རིང་གནས་གྱུར་ཅིག །

      ཅེས་པས་ནི། སྤྱིར་སངས་རྒྱས་ཀྱི་བསྟན་པ་རྒྱས་པའི་སྨོན་ཚིག་སྔོན་དུ་བསྟན་ནས་ཁྱད་པར་དུ་སྤྱི་བོར་བཀུར་བར་འོས་པའི་རྗེ་བོ་དང་ཕྱི་ཚུལ་ནང་ཁྲིམས་རྣམ་པར་དག་པའི་བཙུན་པ་སྟེ་སུས་ཀྱང་འགྲན་པའི་ཟླ་དང་བྲལ་བའམ་མཉམ་པ་མེད་པ་སྲིད་ཞི་ཀུན་གྱི་བླ་རུ་གྱུར་ཅིང་ཁམས་གསུམ་སེམས་ཅན་ལ་མ་ལྟར་བྱམས་པ་དེ་ཡི་རིང་ལུགས་འཁྲུལ་བ་མེད་པ་བརྒྱ་པའི་མགོན་པོ་གཤེན་གྱི་བསྟན་པ་བོན་སྒོ་ཕྱི་ནང་གསང་གསུམ་བདུད་རྩི་སྨན་མཆོག་ལྟ་བུའི་དབང་ལུང་བྱིན་རླབས་རི་བོ་ལྟར་བརྩེགས་པའི་གནས་ཀྱི་བདག་པོར་གྱུར་བའི་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེར་སྤང་བྱ་དང་བླང་བྱའི་གནད་ཕྱིན་ཅི་མ་ལོག་པར་བསྟན་ཞིང་རྒྱལ་བསྟན་གྱི་གནད་དང་དོན་གྱི་མདོ་རུ་གྱུར་པ་དང༌། བློ་གྲོས་དང་ལས་སྐལ་མཆོག་ཏུ་གྱུར་པའི་སྐྱེས་བུ་རྣམས་ལ་འོས་ཤིང་འཚམས་པའི་དགོས་མཁོར་ཤིན་ཏུ་བསྔགས་པའི་སྔགས་དང༌། དེ་གཉིས་བྱེད་ནུས་ཀྱི་དབང་དུ་བྱས་ན་མཁའ་དབྱིངས་སུ་ཤར་བའི་ཉི་མ་དང་ཟླ་བས་ཕྱི་ཡི་མུན་པ་སེལ་བ་དང༌། མདོ་སྔགས་ཉམས་ལེན་གྱིས་ནང་གདུལ་བྱའི་བློ་མུན་སེལ་བ་གཉིས་ཚུལ་མཚུངས་པར་མ་ཟད། ཕྱི་སོ་ཐར་གྱི་བསླབ་པས་སྐུ་བཙུན་ཞིང༌། ནང་རིམ་གཉིས་ལ་དབང་འབྱོར་བའི་ཉམས་ལེན་གཉིས་ཟུང་དུ་འབྲེལ་བ་ནི་ལུགས་འགའ་རེས་མདོ་པས་སྔགས་མི་འབྱོར་བ་དང༌། སྔགས་པས་མདོ་མི་འབྱོར་བ། མདོ་རྐྱང་སྔགས་རྐྱང་བསྟན་པའི་ལུགས་སུས་ཀྱང་འགྲན་ཟླ་མེད་པས་མཆོག་ཏུ་གྱུར་པ་མ་ཟད། དེ་ལྟ་བུའི་བསྟན་པ་དེ་ཉིད་དུས་དང་གནས་སྐབས་ཀུན་ཏུ་ཉམས་པ་མེད་པ་ཆུ་བོའི་རྒྱུན་བཞིན་ཡུན་རིང་དུ་གནས་ཤིང་བརྟན་པར་གྱུར་ཅིག ཅེས་གསུངས་པས་སོ། །

      གསུམ་པ་ཡང་ཁྱད་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་མཛད་མཚུངས་མེད་བླ་མའི་ཞབས་པད་བསྐལ་བརྒྱར་བརྟན་པ་དང༌། འདུས་སྡེ་རྒྱ་མཚོའི་ཚོགས་རྣམས་རབ་ཏུ་དར་ནས་སྙན་གྲགས་ཀྱིས་ས་སྟེང་མ་ལུས་པ་ཁྱབ་པར་སྨོན་པ་ཡིན་ཏེ།

དེ་ཉིད་འཛིན་སྐྱོང་སྤེལ་བའི་སྲོལ་འཛིན་པའི། །
མཚུངས་མེད་བླ་མའི་ཞབས་པད་བརྟན་པ་དང༌། །
རྣམ་དག་འདུས་སྡེ་དར་ཞིང་རྒྱས་པ་དང༌། །
སྙན་པའི་གྲགས་ཆེན་ས་སྟེང་ཁྱབ་གྱུར་ཅིག །

      ཅེས་པས་སོ། །དེའི་དོན་ནི། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཁྱད་པར་དུ་རྗེ་བཙུན་སྨན་རི་བའི་བསྟན་པ་དེ་ཉིད་འཛིན་ཞིང་སྐྱོང་བ་དང་སྤེལ་བའི་སྲོལ་འཛིན་པའི་བཀའ་དྲིན་མཚུངས་པ་མེད་པ་སུམ་ལྡན་བླ་མའི་ཞབས་ཀྱི་པད་མོ་བསྐལ་པ་བརྒྱ་ཡི་བར་དུ་མི་འགྱུར་གཡུང་དྲུང་གི་ཁྲི་ལ་བརྟན་ཞིང་གནས་པ་དང༌། ཉེས་པའི་སྐྱོན་གྱི་དྲི་མས་མ་གོས་པའི་ཕྱི་ཚུལ་ནང་ཁྲིམས་རྣམ་པར་དག་པའི་འདུས་ཚོགས་སེམས་དཔའ་རྒྱ་མཚོའི་སྡེ་རྣམས་རབ་ཏུ་དར་ཞིང་གདུལ་བྱའི་དཔལ་དུ་དབྱར་གྱི་ཆུ་བོའི་གཏེར་བཞིན་རྒྱས་པ་དང༌། དེ་ཉིད་ཀྱི་སྙན་པའི་གྲགས་པ་ཆེན་པོ་སྟེ་དབྱར་གྱི་རྔ་གསང་ལྟ་བུས་གནས་ཡུལ་ཁོལ་བུ་ཞིག་ཏུ་ཁྱབ་པར་སྨོན་པ་ཙམ་མ་ཡིན་པ་ས་སྟེང་ཀུན་ལ་ཁྱབ་པར་གྱུར་ཅིག ཅེས་པ་ཡིན་ནོ། །

      གསུམ་པ་མཐར་རྗེས་མཇུག་གི་དོན་ལ། གང་གིས་སྨོན་པའི་དོན་རྣམས་འགྲུབ་པ་དང༌། དེ་ལ་བརྟེན་ནས་མཁའ་མཉམ་འགྲོ་བ་ཀུན་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་རྫོགས་སངས་རྒྱས་པའི་ཤིས་སྨོན་གྱིས་མཐར་བརྒྱན་པ་ནི།

དེ་ལ་བརྟེན་ནས་མཁའ་མཉམ་འགྲོ་བ་ཀུན། །
ནད་མུག་འཁྲུག་རྩོད་རབ་ཏུ་ཞི་ནས་ཀྱང༌། །
ཕན་བདེ་སྐྱིད་པའི་ཉི་མ་འབུམ་ཤར་ནས། །
མཐར་ཐུག་རྫོགས་སངས་རྒྱས་པའི་བཀྲ་ཤིས་ཤོག །

      ཅེས་པས། དེ་ལྟར་སྨོན་ལམ་རྣམ་པར་དག་པའི་མཐུ་དང་ནུས་པ་ལ་བརྟེན་ནས་ཧ་ཅང་རྒྱ་ཆེ་ཞིང་གྲངས་མང་བའི་སྟབས་ཀྱིས་ནམ་མཁའ་དང་མཉམ་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཀུན་ཚེ་འདིའི་སྡུག་བསྔལ་རགས་པའི་ཚོགས་ལུས་ཀྱི་འབྱུང་བཞི་འཁྲུག་པའི་ནད་དང༌། ཟ་འཐུང་གིས་དབུལ་ཞིང་བཀྲེས་སྐོམ་གྱིས་གདུང་བའི་མུག་གེ་དང༌། རང་རྒྱུད་རྣམ་པར་མ་ཞི་བ་ཞེ་སྡང་ལས་སོགས་ཀྱི་དབང་གིས་འཁྲུག་པ་དང་རྩོད་པའི་སྡུག་བསྔལ་ཐམས་ཅད་རྩ་བ་ནས་མེད་པར་རབ་ཏུ་ཞི་ཞིང་བརླགས་ནས་ཀྱང༌། སྨྲས་མ་ཐག་པའི་མི་མཐུན་པའི་ཚོགས་རྣམས་ཞི་བའི་ཕན་པ་དང༌། སེམས་ཅན་རྣམས་ལུས་བདེ་བ་དང༌། སེམས་སྐྱིད་པའི་དགའ་སྤྲོ་ཉི་མ་འབུམ་ཕྲག་གཅིག་ཤར་བའི་གཟི་འོད་ལྟ་བུ་རྒྱས་ནས་གནས་སྐབས་ཀྱི་བདེ་བ་དེ་ཙམ་ལ་དུས་འདའ་བར་མ་ཡིན་པར་བདེ་བ་ཆེན་པོ་སྟེ་མཐར་ཐུག་བླ་ན་མེད་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པའི་བཀྲ་ཤིས་ཤོག ཅེས་ཤིས་སྨོན་རྣམ་པར་དག་པས་མཐར་བརྒྱན་ཏེ་བསྟན་པ་ཡིན་ནོ། ། ཐ་ཚན་མུ་ཙུག་སྨར་རོ།། །།

ཁྱུང་སྨོན་ལམ་ལགས་ནས་མཁོ་སྤྲོད་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག