མི་རིགས་གང་ཞིག་ཡིན་རུང་རང་རང་ལ་ཐུན་མོང་མ་ཡིན་པའི་ཤེས་རིག་གམ་རིག་གཞུང་ཡོད་ལ། རང་རེ་བོད་མི་རིགས་ཀྱི་ཡང་མྱེས་ཆེན་པོ་ཞང་ཞུང་མི་རིགས་ཀྱང་དེ་ལྟར་ཡིན་ཏེ། རིན་གོང་ཧ་ཅང་གི་ཆེ་བ་རིན་ཆེན་གཟི་ལྟ་བུའི་ཕྱི་ཡི་རི་མོ་དང་།རྫས་རིགས་གང་ཞིག་ལས་གྲུབ་མིན་བཟོ་འཕྲུལ་ཡར་རྒྱས་ཆེན་པོ་འདི་ལྟ་བུའི་དུས་སུའང་། གནའ་རབས་ཞང་ཞུང་གི་མངའ་རིས་དེ་དག་ནས་ཐོན་པའི་གཟི་དངོས་ནི་སུས་ཀྱང་གསར་བཟོ་བྱེད་མི་ཤེས་པ་བཞིན་ནོ། དེ་ཡང་གཟི་ཞེས་པའི་དངོས་པོ་དེ་ནི་ལོ་དང་དུས་རབས་ཉུང་ཤས་ཙམ་གྱི་སྔོན་ལ་མིན་པ། ལོ་ངོ་ཁྲི་ཕྲག་གི་གོང་རོལ་ནས་ཡོད་མྱོང་སྟེ། ༼མདོ་དྲི་མེད་གཟི་བརྗིད་ལས༽ཡང་སྟོན་པ་གཤེན་རབ་མི་བོ་ཉིད་གྲོང་ཁྱེར་ཆེན་པོ་ཡང་པ་ཅན་གྱི་དབུས་ཞེས་པ་ནས་ཡུལ་དེའི་ལྷོ་ཕྱོགས་ནས་གསེར་གྱི་བུད་མེད་སེར་མོ་ལ་གཡུ་ཡི་རལ་བ་དང་རྫི་སྨིན་འཁྱུག་པ་གཟི་ཡི་སྤྱན་མིག་བཀྲ་བ་ཞེས་གཟི་ཡི་རིགས་ལ་ཆུ་མིག་དང་ཆུ་རིས་སོགས་ཀྱི་རྣམ་པ་མང་དུ་ཡོད་པ་མ་ཟད། ཆུ་མིག་དེ་དག་ནི་ཤིན་ཏུ་མཛེས་ཤིང་ཡིད་དབང་འཕྲོག་པའི་མངོན་གསལ་གྱི་ཁྱད་བོན་ལྡན་པ་ཞིག་ཡོད་པ་དང་དེས་ན་བུད་མེད་དེ་ཉིད་ཀྱི་དབང་པོའི་དང་པོ་།ཞེ་ཞིང་གྲུང་བའི་མིག་གི་མཚོན་དཔེ་རུ་བཞག་པར་མངོན། ཞང་ཞུང་སྒོ་ཕུག་བར་གསུམ་གྱི་སྐོར་ལ་སྔ་ཕྱིའི་མཁས་པ་མང་པོ་ཞིག་གིས་ཞིབ་འཇུག་གནང་ཡོད་མོད། འོན་ཀྱང་འགའ་ཞིག་ནི་དངོས་གཙོ་སྨྲ་བའི་ལྟ་བ་ཤུགས་ཆེར་འཁྱེར་ནས། འཛམ་གླིང་འདི་དང་མ་འབྲེལ་བ་དང་། ཚན་རིག་པས་མ་མཐོང་ན་མེད་པར་རློམ་ནས་རྣམ་རྟོག་གི་ཕུང་བོའི་བཙོན་དུ་ཚུད་པ་དང་། འགའ་ཞིག་གི་དེ་དག་ནི་རྨོང་དད་ཀྱི་བཤད་སྲོལ་རེད་ཅེས་ཟེར་ནས་སྔ་རབས་ཀྱི་ཡིག་ཆ་རྩ་ཆེན་དག་སྣང་མེད་དུ་རྩིས་པ་དང་། འགའ་ཞིག་གིས་རྟག་གཟིགས་འོལ་མོ་ལུང་རིང་དང་། སྟག་གཟིག་གཉིས་དབྱེ་བ་མ་ཕྱེ་ནས་གཅིག་ཏུ་ངོས་འཛིན་པ་དང་། ཁ་ཅིག་གིས་རྟག་གཟིགས་འོལ་མོ་ལུང་རིང་ཟེར་བ་ནི། བོན་ལ་དད་མོས་བྱེད་མཁན་རྣམས་ཀྱིས་ཞང་ཞུང་གི་གངས་ཏི་སེར་གཞིར་བཟུང་ནས་དེར་སྒྲོ་འདོགས་དང་རྟོག་བཟོས་བསྒྲུབས་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་སྣོད་བཅུད་ཅིག་ཡིན་པར་བཞེད་པ་སོགས། རྒྱུ་མཚན་དེ་དག་ལ་བརྟེན་ནས་འདིར་ཁོ་བོས་ཞང་ཞུང་ཤེས་རིག་སྐོར་ལ། རང་གི་ལྟ་ཚུལ་དང་འབྲེལ་བའི་རྩོམ་ཐུང་ཞིག་འབུལ་པར་སྤྲོ་ཞིང་། འོན་ཀྱང་སྤྱིར་ཁོ་བོར་སྐྱེས་ཐོབ་དང་ཐོས་སྦྱ་གི་སྒོ་གང་ནས་ཀྱང་དབུལ་བའི་ཁར་ལེ་ལོ་དང་རྣམ་གཡེང་གི་དུས་འདའ་བཞིན་ཡོད་པའི་དཀྱུས་མི་ཞིག་གིས་རྩོམ་ཁུལ་བྱས་པ་འདི་ཡི་ནང་མ་རྟོག་པ་དང་ལོག་པར་རྟོག་པ་ལས་སོགས་གནོད་པ་ལས་ཕན་པ་ཆེས་མེད་མོད། དེས་ན་དམན་འགྲོར་བརྩེ་ལྡན་གྱི་མཁས་པ་ཀེ་ཏ་ཀ་རྣམས་ཀྱིས་བདག་ལ་མ་ཤེས་བཀའ་སློབ་སྙོགས་གྲུང་དྭངས་བཏོན་གྱི་དགོངས་འཆར་གནང་ཚེ་ཐུགས་རྗེ་ཆེ་ཞུ་རྒྱུ་ལགས།
ཞང་ཞུང་སྒོ་པ།
ཞང་ཞུང་སྒོ་ཕུག་བར་གསུམ་གང་ཞེ་ན། སྒོ་པ་ཁྱུང་ལུང་གི་སྐོར་ནི་ཕལ་ཆེར་ཏི་སེའི་ནུབ་ཕྱོགས་སུ་གཏོགས། དེ་ཡང་གཙོ་བོ་སྒོ་ཞེས་བརྗོད་ཡུལ་ནི་ཁྱུང་ལུང་དངུལ་མཁར་ཞེས་པ། སྔོན་དུས་བདུད་ཁྱབ་པས་གཤེན་གྱི་རྟ་བདུན་བརྐུས་ནས་རྐོང་པོར་སླེབས་སྐབས། བོད་བཅས་འགྲོ་བ་འདུལ་བའི་དོན་དགོངས་ནས་སྟོན་པ་གཙོ་འཁོར་བཅས་ཐབས་དང་རྫུ་འཕྲུལ་སྤྲུལ་པ་སྣ་ཚོགས་བསྟན་ནས། འོལ་གླིང་ནས་རྐོང་པོར་བྱོན། དེ་དུས་མཁར་དེ་བརྩིགས་པར་ཡིན་ཏེ། ༼མདོ་འདུས་༡༠༢༽ལས་རྟ་བརྐུས་ལེ་ལན་རྐོང་རྗེ་ཡིས་རྐོང་བཟའ་ཁྲི་ལྕམ་གཤེན་ལ་ཕུལ། ཤུལ་ལམ་ཡར་ཆབ་གཙང་བོ་ཕྱུང་། ལྷ་རི་གྱང་ཐོར་ཞག་བདུན་བཞུགས། ཤུལ་དཀར་གཙང་བྱེ་གཡུང་དྲུང་ཁར། སྟོན་པའི་ཞབས་རྗེས་གཏོད། ཁྱུང་ལུང་དངུལ་མཁར་བརྩིགས། གཤེན་བུ་རྐོང་ཚ་དེ་རུ་འཁྲུངས་། །ཞེས་གསལ་ལོ། དེ་ནས་སྟོན་པ་མཆོག་པ་གཙོས་སྟོན་འཁོར་བཅས་མ་ཕམ་གཡུ་མཚོ་ལ་ཕེབས་ནས་ཀླུ་ཡི་སྟོན་པ་ལོ་གཅིག་མཛད་། མ་ཕམ་གཡུ་མཚོ་ལ་སྟོན་པས་སྐུ་ཁྲུས་གསོལ་ནས། ད་ལྟ་བོན་བསྟན་ལ་དད་མོས་པ་རྣམས་ཀྱིས་མ་ཕམ་ཉ་ཤ་ལུས་ལ་འཆང་ན་ཁྱིས་སོི་མི་ཟུག་པ་དང་། མཚོ་ཆུ་འཐུང་ན་བྱིན་རླབས་ཆེ་ཞེས་གྲགས་པའི་རྒྱུ་མཚན་ཡང་དེ་ལྟར་རོ། །ག་ལྗང་གཡུ་ལོའི་དགོན་དུ། ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་ཀྱི་ནང་ཚན། ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་ལ། སྟོན་པས་ཁྲི་རྗེ་ལུང་བསྟན་ཀྱི་མདོ་གསུངས། དེང་སང་ས་གནས་དེ་ལ་རྒྱང་གྲགས་དགོན་ཞེས་ཟེར། ༼གཟི་ཡི་ཕྲེང་བ༥༡ལས༽དུས་དེར་ད་ལྟའི་སྟོད་མངའ་རིས་ལ་དྭགས་དང་བཅས་པ་དེ་ཚོ་ལ་ཞང་ཞུང་ཕུགས་དང་། དབུས་གཙང་གི་ཕྱོགས་ལ་ཞང་ཞུང་བར་དང་། མདོ་ཁམས་ཀྱི་ཕྱོགས་ལ་ཞང་ཞུང་སྒོ་ཞེས་གྲགས་ཀྱི་ཡོད་རེད་ཅེས་དང་། ༼རྒྱལ་རབས་བོན་གྱི་འབྱུང་གནས་༡༡༩ལས༽ཞང་ཞུང་དང་སུམ་པ་མདོ་ཁམས་སོགས་སུ་མ་ནུབ་པར་བཤད་དེ། ཅི་ཕྱིར་ན། དེའི་དུས་སུ་བོད་ཀྱང་ཕལ་ཆེར་ཞང་ཞུང་རྒྱལ་པོའི་མངའ་འོག་ཏུ་ཡོད་པ་ཞིག་གོ་ཞེས་དང་། ༼ཞང་ཞུང་ཤེས་རིག་༡༡༠ལས༽བོད་ཀྱི་ཡིག་ཚང་དག་ལ་བརྟགས་ན། བོད་ཅེས་པ་ཐོག་མར་ཡར་ལུང་ཚོ་པ་ཁག་ལ་གོ་དགོས་ཤིང་ཞེས་པ་ནས། ཞང་ཞུང་ནི་དེ་ལས་ལྡོག་སྟེ། ད་ལྟའི་བོད་ཁམས་་ཕལ་ཆེ་བ་ཐོག་མའི་དུས་སུ་ཞང་ཞུང་གི་མངའ་རིས་སུ་གཏོགས་པ་བོན་གྱི་ཡིག་ཚང་དག་ཏུ་གསལ་ཞིང་ཞེས་བཀོད་ཡོད། དེ་ལྟར་ན་བོད་ཁམས་ཕལ་ཆེར་སྔར་ཞང་ཞུང་རྒྱལ་ཁབ་ཀྱི་མངའ་འོག་ཏུ་བསྡད་མྱོང་། ཡང་དེའི་ནང་༼ཚི་ཧྲུའུ་ཡོན་ཀོས༽བྱ་བར་ཞང་ཞུང་ཆེ་བ་ནི། ཤར་ནས་བོད་དང་ནུབ་ནས་ཞང་ཞུང་ཆུང་བ། བྱང་ནས་ལི་ཡུལ་དང་འབྲེལ་ཞིང་། ཤར་ནུབ་ཏུ་ལེ་དབར་སྟོང་ཕྲག་ལྷག་དང་། ཧྲེགས་དམག་ཁྲི་ཕྲག་བརྒྱད་དགུ་ཙམ་ཡོད། ཅེས་བཀོད་ཡོད་མོད། ཞང་ཞུང་ཞེས་པའི་རྒྱལ་ཁབ་དེ་ནི་སྔར་སྟོབས་ཆེན་གྱི་རྒྱལ་ཁབ་ཞིག་ཡིན་པར་ཁྲི་སྲོང་གིས་ཀྱང་གཡོ་ཐབས་དང་ཇུས་ལ་བརྟེན་ནས་ཞང་རྒྱལ་ལིག་མི་རྐྱ་བཀྲོང་རྗེས་ཞང་ཞུང་གི་རྒྱལ་ཁབ་དེ་ནི་སིལ་བུར་སོང་ངོ་། །སྒོ་པ་འདི་ལའང་སྒོ་ཕུགས་བར་གསུམ་ཡོད་དེ། ༼འབེལ་གཏམ་ལུང་སྙིང་༤༠ལས༽ཞང་ཞུང་སྒོ་པ་འདི་ལ་ཡང་། སྒོ་ཕུགས་བར་གསུམ་ཡོད་དེ། ཕུགས་པ་ཁྱུང་ལུང་གི་སྐོར་དང་། བར་པ་དྭང་ར་རྟ་སྒོའི་སྐོར་དང་། ཕྱི་མ་གྱིམ་ཤོད་ཤེ་ལེ་རྫོང་དྲུག་གི་སྐོར་ཞེས་འབོད་སྲོལ་ཡོད་ཅེས་གསུངས། དེར་ཅུང་ཞིག་དཔྱད་ན།
སྒོ་པའི་སྒོ།
སྒོ་པ་གྱིམ་ཤོད་ཤེ་ལེ་རྫོང་དྲུག་ནི། ཁྱུང་པོ་རི་རྩེ་དྲུག་གི་སྐོར་ལ་ཟེར། དུས་རབས་བདུན་པའི་སྐབས་ཞང་ཞུང་གི་རྒྱལ་པོ་ཐ་མ་ལིག་མི་རྐྱ་དེར་བཞུགས་མཁས་པ་མི་བཞིའི་ནང་ཚན། ཞང་ཞུང་གི་མཁས་པ་གྱིམ་ཚ་རྨ་ཆུང་འཁྲུངས་པའི་མཁར་ཡང་ཕྱིས་སུ་ཡོད་པར་གྲགས། སུམ་པ་གླིང་གྱིམ་ཤོད་ཅེས་པ་འདི་ལའང་གཉིས་སུ་ཡོད་དེ། མདོ་སྨད་ཕྱོགས་སུ་ཡོད་པ་གཅིག་དང་། ཁྱུང་པོ་རི་རྩེ་དྲུག་གི་ཕྱོགས་སུ་ངོས་འཛིན་ཚུལ་མི་མཐུན་པ་ཡོད་མོད། ༼སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་འབྱུང་༦༤ལས༽རྒྱ་ནག་དང་ནི་བོད་ཀྱི་བར་དག་ནི། སུམ་གླང་ག་ཅུ་གཡུ་མཚོ་རོང་གིས་བཅད་ཅེས་དང་། སྤྲུལ་སྐུ་བློ་ལྡན་གྱི་མཇལ་སྣང་༦༤༣ལས། ཡུལ་ལ་བྱིན་ཆགས་དངུལ་རྫ་ཟབ་མོའི་སྒང་། གནས་ལ་བཀྲ་ཤིས་སུམ་པ་གླང་གི་ཤོད་ཅེས་དང་། ༼ཡང་དེ་ཉིད་ལས༽སུམ་པ་གླང་གྱིམ་ཤོད་ཀྱི་ཤེ་ལེ་རྒྱ་སྐར་གནས་མཆོག་འདི་ཞེས་དང་། ༼སྲིད་པ་རྒྱུད་ཀྱི་ཁ་སྦྱང་༤༧༽མཐོ་ཁྱུང་ལུང་དངུལ་མཁར་མན་ཆད་དང་། དམའ་གསུམ་པ་གླང་གི་གྱིམ་ཤོད་དང་། ཤེལ་ལེ་རྒྱ་སྐར་ཚུན་ཆད་དུ། འཕྲུལ་ངག་བདེན་པའི་བོན་རྣམས་དར་ཞེས་ལུང་དང་པོས་མདོ་སྨད་དུ་བཞག་པ་དང་། ཕྱི་མ་རྣམས་ལྟར་ན། གྱིམ་ཤོད་ཤེ་ལེ་རྫོང་དྲུག་གམ། ཁྱུང་པོ་རི་རྩེ་དྲུག་ལ་གོ་དགོས་པར་སྙམས།
སྒོ་པའི་བར།
བར་པ་དྭང་ར་རྟ་སྒོའི་སྐོར་ནི། གངས་རིའི་ཤར་ཕྱོགས་དྭང་ར་གཡུ་བུན། དྭང་ར་ཁྱུང་རྫོང དུང་ཕུག་དང་། དྭང་ཆུང་། ཏྲེ་རུའི་གནས་མཚོ། མུ་མཚོ་བཅས་དེའི་སྐོར་ལ་འབོད། དུང་ཕུག་དང་དྭང་ཆུང་གིས་གནས་དེར་ཞང་རྒྱལ་ལིག་མི་རྐྱ་བཀྲོང་བའི་ས་གནས་དེ་ཡིན། ས་མིང་དེ་དག་ད་ལྟའང་ཞང་སྐད་སོ་མར་གནས་ཡོད། ཕུགས་པ་ཁྱུང་ལུང་ནི་སྔར་བཤད་ཟིན་ཏོ།སྒོ་པའི་ཕུགས། ཕུགས་པ་ཁྱུང་ལུང་ནི་སྔར་བཤད་ཟིན། འོན་ཀྱང་དེའི་མངའ་ཁོངས་སུ་གཏོགས་པ་ཡུལ་སྡེ་ཇི་སྙེད་ཅིག་ཡོད་པས་དེ་དག་རག་ཙམ་གླེང་ན། ད་ལྟ་རྒྱ་དཀར་གྱི་མངའ་ཁོངས་སུ་ཡོད་པ། གུ་གེ་ལ་དྭགས་ཟང་དཀར་པི་དི། ཁུ་ནུ་ལས་སོགས་ཐོག་མར་ཞང་ཞུང་གི་མངའ་སྡེ་ཡིན་པར་མ་ཟད། ད་ལྟའང་ཞང་སྐད་ཀྱི་ཐོག་ནས་བེད་སྤྱོད་བྱེད་བཞིན་ཡོད་པ་དང་། དེ་བཞིན་ད་ལྟ་བལ་ཡུལ་གྱི་མངའ་ཁོངས་སུ་ཡོད་པའི་བལ་ཡུལ་གྱི་བྱང་ཕྱོགས་གློ་དང་། དོལ་པོ། ཏི་ཆུ་རོང་བཅས་ཡུལ་སྡེ་བརྒྱ་ཕྲག་ལས་བརྒལ་བ་དག་ཀྱང་སྔར་ཞང་ཞུང་གིས་མངའ་རིས་ཙམ་དུ་མ་ཟད། ཁྲི་སྲོང་ལྡེ་བཙན་གྱིས་ངན་གཡོའི་ཐབས་ཇུས་ལ་བརྟེན་ནས་ཞང་རྒྱལ་ལིག་མི་རྐྱ་བཀྲོང་རྗེས་ཞང་ཞུང་གི་སྡེ་རྣམས་བོད་རྒྱལ་གྱི་འོག་ཏུ་ཚུད་པ་དང་། རྒྱལ་པོས་བོན་གཤེན་རྣམས་ལ་ཐུགས་མཉེས་པའི་རྟགས་སུ། སྟོད་ནས་འབངས་གསུམ་ཕུལ་བ། སོ་དང་སོ་ན་གློ་བོ་དང་གསུམ། དེང་སང་ཡང་ཞང་སྐད་ཇི་མ་ཇི་བཞིན་རྒྱབ་ཀྱི་ཡོད་པ། དཔེར་ན་བུ་ལ་ཧྲི་ཙ་དང་བུ་མོ་ལ་ཙ་མེད་བཤད་པ་ལས་སོགས་བཞིན་ནོ། །ཕྱོགས་གཞན་མི་རྣམས་ཀྱིས་ཁོང་ཚོས་སྐད་ལ་སད་སྐད་ཅེས་བརྗོད་ཀྱི་ཡོད་རེད། དེའི་ནང་ནས་གློ་བོ་ནི་ད་ལྟ་མོན་བཏང་རྒྱལ་པོའི་སྡེ་རུ་གཏོགས་པ་རྣམས་དང་། གཞན་ཡང་རྫར། རྫོངས། བཀག དང་དཀར་རྫོངས། གྱི་ལུང་བཅས་རྫོངས་ཁག་དེ་རྣམས་ལ་ད་ལྟའང་ཟླ་བ་པའི་ནང་ལ། གནའ་རབས་ཞང་ཞུང་གི་ཤེས་རིག་ཐུན་མོང་མིན་པ། ཤོན་ཞེས་པའི་གླུ་གར་དཔྱིད་ཀྱི་དགའ་སྟོན་ལ་བརྩེ་ཞིང་རོལ་པར་བྱེད་པ་དང་ཁོང་ཚོས་ཡུལ་སྐད་དུའང་ཤོན་ཟེར། དེ་ཁྲབ་པར་བྱེད་པ་ལ་གོས་ཆེན་གྱི་ཕྱུ་བ་གྱོན་དགོས་པ་དང་ལག་ལ་ཀོལ་གྲོང་ཐོགས་ཤིང་། བུད་མེད་རྣམས་ཀྱི་མགོ་རྒྱན་ལ། ཞུ་སླས་ཞེས་པ་གཡུ་དང་གསེར་སོགས་ཀྱི་རྒྱན་པ་དང་། སྐེ་ལ་སུམ་ཅུ་ཞེས་པ། བྱུ་རུ་མུ་ཏིག་གསེར་སོགས་ཀྱི་ཁྲ་རྒྱན་ཅན་དང་། ལུས་ལ་ཁྲབ་མང་བཅས་དེ་དག་མེད་ན། ཤོན་གྱི་གར་བརྩེའི་ནང་བཞུགས་མི་ཆོག་པའི་ཁྲིམས་གཞི་ཡོད་མོད། སྐྱེ་བོ་ལ་ལས་རྔ་བོ་ཆེ་ཞེས་པ། རྔ་ཆེན་ཞིག་བརྡུང་པ་དང་། རེ་འགས་ཆ་ལང་ཟེར་བ། སིལ་འཆོལ་དང་འདྲ་བར་ཞིག་བཀྲོལ་ནས། ཕོ་མོ་རྣམས་ཀྱིས་རོལ་དབྱངས་ཀྱི་ལྡིར་སྒྲ་དང་བཅས་ཏེ་མི་རྣམས་ཀྱི་ཡིད་དབང་དངོས་སུ་འགུགས་པའི་གནའ་རབས་ཞང་ཞུང་གི་ཤེས་རིག་དེ་དག བྱ་ལམ་རྗེས་མེད་དུ་སོང་བ་ལྟར་མིན་པ་ད་ལྟའང་མི་ཚོས་དངོས་མཐོང་ལག་ཟིན་དུ་ཡོད་པ་དང་། ཁོང་ཚོར་ངོམས་རིན་ཆོག་པའི་ཤེས་རིག་ནོར་བུ་ཞིག་ཏུའང་གྱུར་ཡོད། དེ་བཞིན་ཏི་ཆུ་རོང་ཟེར་བ་གྲོང་སྡེ་བརྒྱ་ཕྲག་ཡོད་པ་དག་ཏུའང་ཞང་སྐད་སྨྲ་བ་དཔེར་ན། གཅིག་ལ་ཏིག གཉིས་ལ་ནི། གསུམ་ལ་ནེ་སུམ། བཞི་ལ་བིང་ང་། དེ་བཞིན་བཅུ་གཅིག་ལ་ཅུ་ཏི། བཅུ་གཉིས་ལ་ཅུ་ནི་བཅས། ཉི་ཤུ་ལས་ལྷག་རྩི་སྲོལ་མེད། གལ་སྲིད་ཉི་ཤུ་ནས་རྩི་དགོས་ཚེ། ཁལ་ཏིག ཁལ་ནི་དང་། ཉི་ཤུ་ལྔ་ལ། བརྒྱ་ཞེས་གྲགས འདི་དང་འདྲ་བར་ཞང་ཞུང་བར་པ་འབར་མའི་སྐད་ཀྱང་ཡོད་པར་མངོན།
གོང་གི་ཤོན་ཟེར་བ་དེ་ནི་གནའ་དུས་གཤེན་རབ་མི་བོ་མཆོག་ཕེབས་བསུའི་སྐྱེ་ལ་མ་རྣམས་ལ་རྗེས་འབངས་རྣམས་ཀྱིས་ཁྲབ་སྲོལ་ཡོད་དེ། ༼མདོ་ལས༽གཞན་ཡང་དམག་གི་འཁོར་ཚོགས་འབུམ་ཕྲག་མང་པོ་དང་བཅས་ནས། རོལ་མོ་སྣ་ཚོགས་པ་བསྒྱུར་ཏེ། དར་ཕྱར་རོ། །དུང་འབད་དོ། །རྔ་བརྡུང་ངོ་། །གཤང་བཀྲོལ་ལོ། །གླིང་བུ་འབུད་དོ། །པི་ཝང་བཀྲོལ་ལོ། །ཅིང་ཆེན་སྒྲོགས་སོ། །ཅང་ཆེན་བརྡུང་ངོ་། །ཅག་པར་བརྡབས་སོ། །གོང་བསྒྱུར་རོ། །སྒོང་སྤོར་པ་དང་། སྒོང་རྩེའོ། །ཤོན་ཁྲབ་བོ། །གར་བྱེད་དོ། །བྲོ་བརྡུང་ངོ་། །གླུ་དབྱངས་ལེན་ནོ་ཞེས་གསུངས། འབེལ་གཏམ་ལུང་སྙིང་༡༧༩ལས། ལས་འདིས་མཚོན་ཏེ་ཞང་སྐད་འདྲེས་མའི་སྔར་གྱི་ཡུལ་སྐད་རྙིང་པ་ལས་དབྱངས་དང་བཅས་ཏེ་ཁྲབ་པའི་ལུགས། ཁུ་ནུ་སོགས་སྟོད་ཕྱོགས་བོད་ཀྱིམཐའ་མཚམས་ཀྱི་ཡུལ་ཁག་རྣམས་སུ་ཧ་ཅང་གི་དར་ཁྱབ་ཆེ་བ་ཡིན་ལ། ཞེས་གསུངས་སོ། །སྒོ་པའམ་མངའ་རིས་དེ་དག་གི་མི་རྣམས་ཀྱི་སྐད་ནི། ཡེ་སྲིད་ལྷ་ལས་ཆད་པ་ཡིན་ཏེ། ༼སྒྲ་ཡི་དོན་དེབ་སྣང་གསལ་སྒྲོན་མ་ལུས༽སྒོ་པའི་སྐད་ནི་སྐལ་བཟང་སྒྲ་བླ་ཞེས་བྱ་སྟེ། ཡེ་སྲིད་ལྷ་ལས་ཆད། ཞང་ཞུང་སྨར་གྱི་སྐད་དོ་ཞེས་སྨར་ཡིག་ཆེ་ཆུང་ལས་སོགས་བེད་སྤྱོད། སྨར་ཡིག་ཆེི་ཆུང་གཉིས་ལས། བོད་ཀྱི་ཡི་གེ་དབུ་ཆེན་དང་། འབྲུ་མར་བསྒྱུར་ཞེས་སྔ་ཕྱིའི་མཁས་རིས་བྲལ་རྣམས་ཀྱིས་བཞེད། འོན་ཀྱང་སྨར་ཆུང་ནི། དབུ་ཆེན་རྩོམ་གཞིའམ་འབྱུང་གཞི་ཡིན་པར་མ་ཟད། ཞང་ཡིག་མི་ཤེས་པའི་གང་ཟག་གིས་དབུ་ཆེན་ཤེས་པ་ཡིན་ན། སྨར་ཆུང་ལ་བལྟས་ཚེ་ཕལ་ཆེར་ཀློག་ཐུབ་པ་འབྱུང་གི་ཡོད་རེད། སྒོ་པའམ་མངའ་རིས་དེ་དག་གི་སྐད་གཙོ་བོའམ་མཆོག་སྐད་དེ། སྨར་སྐད་དུ་བཤད་ལ། བྱེ་བྲག་ཕལ་སྐད་ལ་དར་མའི་སྒྲ་དང་དིར་མའི་སྒྲ་དང་། དར་མ་དིར་གྱི་སྒྲ་དང་། གུ་གེའི་སྒྲ་དང་། ཕལ་པོ་གླང་གི་སྒྲ་དང་བཅས་ལྔ་ཡོད་དེ། ༼བསྟན་འབྱུང༡༡༡ལས༽སྐད་ནི་སྨར་གྱི་སྐད་དང་། དར་མའི་སྐད། གུ་གེའི་སྐད་དང་ཕལ་པོ་གླང་སྐད་བཅས། སྨར་ནི་སྒོ་པ་སྤྱི་ཡི་མཆོག་སྐད་ཡིན་ཞེས་དང་། ༼སྙན་རྒྱུད་རིན་ཆེན་སྒྲོན་མ༽ལས་སོགས་ནས་མི་མཐུན་མ་དྲུག་ཏུའང་བཤད་ཡོད་དེ། དེ་ཡང་སྨར་ཆེན་དང་། སྨར་ཆུང་། ཟུར་འབོར་འདོགས་རིང་དང་། ནོར་བུ་ལུགས་ལྕུགས་མ། སྤྲུགས་ཡིག བརྡ་བཤད།བརྡ་ཡིག སྤུང་ཡིག རིགས་དྲུག་བརྡ་དོན་གབ་སྦས་སོ། །སྙན་དཔེ་འདི་ནི་གཏེར་སྟོན་བོན་ཞིག་གླིང་པས་ཕྱུག་མོ་དཔལ་རི་ནས་གདན་དྲངས་ནས། ཞང་ཞུང་གི་སྤྲུགས་ཡིག་ཆེན་མོ་ལས། དག་པར་སྒྲ་བསྒྱུར་ཞིང་གཏན་ལ་ཕབ་པོ་་ཞེས་དང་། སྐད་རིགས་ལའང་ཁྱུང་ལུང་དངུལ་ཆུ་ཅན་གྱི་ཕྱོགས་བཞི་ནས་སྐད་ཀྱི་ཟུང་བཞི་སྟེ། ཤར་ན་འགྱོགས་ཚང་སྨར་གྱེར་བྱ་བ་སཾསྐྲྀ་ཏའི་སྐད་དུ་བསྒྱུར་བ་དང་། ནུབ་དྭང་ར་ཕལ་བོ་གླང་གི་སྐད་དུ་འཁུན་པ་དང་། ལྷོ་ན་མཐིང་མིང་དང་ཐོག་ཕལ་པོ་ཁྱིའི་སྐད་དུ་ཟུག་པ་དང་། བྱང་ན་གུ་གེ་བྱ་ཕུག་རོན་རྟའི་སྐད་དུ་འཚེར། གུ་གེའི་སྒྲ་ནི་ཡི་གེའི་སྐད་དང་། དར་མ་ལྷོ་སྐད་དིར་མ་བྱང་རྒྱུད། དར་མ་དིར་ནི་སྟོད་སྨད་ཕལ་སྤྱིའི་སྐད་དུ་བཤད་དོ། །
ཞང་ཞུང་བར་པ།
བར་བ་སྟག་གཟིག་དེ་ལ། སྟག་གཟིག ཏ་ཟིག ཏ་ཟིག་ལས་སོགས་ཡིག་གཟུགས་དང་སྒྲ་གདང་མི་མཐུན་པ་ཇེ་སྙེད་གཅིག་བཏགས་ཡོད་རུང་། མིང་དེ་དག་གི་གདགས་གཞིའི་ཡུལ་ནི། དེང་སྐབས་པར་ཤ་དང་། ཨ་ཕ་གྷ་ན་སོགས་ཡིན་པ་དང་། སྔར་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་ཁབ་ཡིན་པར་གྲགས། འགའ་ཞིག་གིས་སྟག་གཟིག་དང་། རྟག་གཟིགས་འོལ་མོ་ལུང་རིང་གཉིས་གཅིག་ཏུ་བཟུང་བར་མི་རིགས་ཏེ། ལུང་གིས་གནོད་པའི་ཕྱིར། དེར་ཐལ། ༼མ་རྒྱུད་སངས་རྒྱས་རྒྱུད་གསུམ་གཉིད་ཀྱི་ལམ་འཁྱེར༦༩༩ལས༽ ཞང་ཞུང་གི་ཡུལ་དང་། སྟག་གཟིག་གི་ཡུལ་དང་། འོལ་མོ་ལུང་རིང་རྣམས་སུ་ཡང་བལྟ་བར་བྱའོ། ཞེས་དང་། ༼རྒྱུད་ཉི་ཟེར་༢༡༩ལས༽ དེ་ནས་སྟོན་པ་སྟག་གཟིག་ཡུལ་དུ་བྱོན་སྟག་གཟིག་སྐད་ཀྱང་བོན་ལ་བསྒྱུར་ཞེས་དང་། དེ་ནས་སྟོན་པ་འོལ་མོའི་གླིང་ལ་གཤེགས། ཁམས་གསུམ་སེམས་ཅན་ཁ་ལོ་བོན་ལ་བསྒྱུར་ཞེས་པའི་ལུང་གཉིས་ཀྱིས་ཡུལ་དེ་གཉིས་སོ་སོར་བསྟན་པ་དང་། སྟག་གཟིག་ཞེས་པའི་ཡུལ་འདི་ཡང་སྔོན་དུས་བོན་བསྟན་རྒྱ་ཆེར་དར་ཡུལ་ཙམ་དུ་མ་ཟད། ཞང་ཞུང་བོད་དང་ལི་བལ་སོགས་ཀྱི་བོན་བསྟན་རྣམས་ཀྱང་དེ་ནས་རིམ་བཞིན་ཁྱབ་ཁོངས་སུ་བྱུང་ཐུབ་པ་ཞིག་ཡིན་མོད། དེས་ན་གཡུང་དྲུང་བོན་གྱི་བསྟན་པ་ནི་ལོ་ངོ་ཁྲི་ཕྲག་གཡུང་དྲུང་བོན་གྱི་བསྟན་པ་ནི་ལོ་ངོ་ཁྲི་ཕྲག་གི་གོང་འོལ་གླིང་ནས་རིམ་བཞིན། སྟག་གཟིག་དང་ཞང་ཞུང་རྒྱ་དཀར་ནག་བལ་བོད་སོགས་སུ་དར་བའི་རིག་གཞུང་ཁུངས་བཙུན་ཟབ་བརླིང་དང་ལྡན་པའི་ལོ་རྒྱུས་ཀྱི་མྱེས་པོ་ཞིག་ཡིན་བཞིན་དུ། སྔར་མེད་གསར་བཟོ་དང་། གླུ་སྒྲུང་ལྟ་བུའི་གཞུང་ལུགས་ཆ་ཚང་བ་ཞིག་མེད་པར་སྨྲ་བའི་ཕྱོགས་ལྷུང་གི་ལྟ་བ་དེ་དག་རྣམ་པ་ཀུན་ཏུ་དོར་བར་རིགས་སོ། །དེ་ཡང་རྟག་གཟིགས་ཀྱི་ལོ་ཙྰ་དམུ་ཙ་ཏྲ་ཧེ་ལས་སོགས་ཀྱིས། སད་སྤུང་བདུན། གྱེར་སང་གཙུག་ཕུད། དམུ་ཙེ་ཏིང་རིན། དམུ་པན་བརྟན་དམུ་མཁའ་ལྡིང་ནམ་སོགས་ལ་སྒྲ་བསྒྱུར་ནས་བཤད། དེ་དྲུག་གིས། ཞང་ཞུང་གི་བོན་པོ། མུ་ཁོད་རྒྱ་དཀར་གྱི་གཤེན་པོ་ལི་ཤ ཁ་ཆེའི་གཤེན་པོ་བྲ་བ་མེ་རི་ཅན་སོགས་ལ་བཤད་པ་དང་། དེ་དག་གིས་རྒྱ་ནག་གི་མཁས་པ་ལེགས་བཏང་རྨང་པོ་ལ་བཤད། ལེགས་བཏང་རྨང་པོས། གཙུག་ལག་དཔལ་གེ བ་གོར་བྰེ་རོ་ཙྰ་ན་ལ་བཤད་དེ། རྒྱ་ནག་གི་སྐད་དུ་བསྒྱུར་བར་བཤད་དོ། །
ཞང་ཞུང་ཕུགས་པ།
ཕུགས་པ་འོལ་མོ་ལུང་རིང་ནི་བོན་གྱི་སྟོན་གཤེན་རབ་མི་བོ་མཆོག་གི་འཁྲུངས་ཡུལ་ཡིན་པ་ཙམ་དུ་མ་ཟད། བོན་གྱི་བསྟན་པ་ཐོག་མར་དར་སའི་ལྟེ་བ་ཡང་དེ་ཉིད་ལས་གཞན་དུ་བརྗོད་དུ་མེད། འོན་ཀྱང་འགའ་ཞིག་གིས་འོལ་གླིང་ཞེས་པའི་ཡུལ་དེ་ལ་གཉིས་སུ་མ་ཕྱེ་བར་ད་ལྟའི་བོད་ཡུལ་དུ་ཡོད་པའི་གངས་ཏི་སེར་གཞིར་བཟུང་ནས། སྟོན་པ་གཤེན་རབ་ནི་ཞང་ཞུང་པའམ་བོད་པ་ཞིག་རེད། དེས་ན་བོན་གྱི་བསྟན་་པ་ནི་ཐོག་མར་ཞང་ཞུང་བར་པ་སྟེ་གངས་ཏི་སེའི་ཉེ་འདབས་ཀྱི་ཡུལ་དེ་ནས་བྱུང་ཞིང་རིམ་བཞིན་ཕྱོགས་གཞན་དུ་དར་བར་བཞེད་མོད། དེ་དག་ལའང་རྒྱུ་མཚན་ཡོད་ངེས་ཡིན་ཡང་སྟོན་པ་གཤེན་རབ་བུ་བོའི་ཡུལ་དུ་འཁྲུངས་ཚུལ་སོགས་བཤད་པའི་དབང་དུ་བཏང་ན། དེ་དག་ནི་ཁུངས་ལུང་དང་བྲལ་བའི་རང་གཞན་བསྟོད་སྨད་ལ་དགའ་བའི་དགའ་གཏམ་ཞིག་ལས་དཔྱད་གཞིའི་གནས་སུ་བཟུང་བར་མི་རིགས་སོ། །ངེས་པར་དུ་ང་ཚོས་འོལ་མོ་ལུང་རིང་ཞེས་པའི་ཡུལ་དེ་ལ་ཡོན་ཏན་གྱི་ཡུལ་དབུས་སུ་གྱུར་པ་གཅིག་དང་། ས་ཚིགས་ཀྱི་ཡུལ་དབུས་སུ་གྱུར་བའི་འོལ་གླིང་གཉིས་སུ་དབྱེ་ཤེས་དགོས། དེ་ལྟ་མིན་ན། གནའ་རབས་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་ལུང་དང་། རིག་པར་སྨྲ་བརྟོག་གེའི་རིག་པ་དང་འགལ་བའི་སྐྱོན་སོགས་འབྱུང་བའི་ཕྱིར། དང་པོ་ཡོད་དེ། ༼མདོ་འདུས་༡༠༢ལས༽ཏི་སེ་གངས་ཀྱི་རྩེ་མོ་རུ། མ་སང་ལྷ་ཡི་ཞལ་དྲོ་དྲང་། དེ་ནས་སླར་ཡང་འོལ་མོ་གླིང། ཁྲི་སྨིན་རྒྱལ་བཞེད་དག་ཏུ་བྱོན་ཞེས་དང་། ༼ཡང་དེ་ཉིད༡༥ལས༽རི་བོ་གངས་ཅན་ཏི་སེ་ནི། ཞེས་པ་ནས། ཤིང་ནི་ས་ལ་རབ་བརྟན་བྱ་བ་ཡོད། དེའི་ནུབ་བྱང་གཤེན་ཡུལ་འོལ་མོ་གླིང་། དཔག་ཚད་སྟོང་ཕྲག་བཞི་གནས་ཡོད། ཆུ་བོ་པག་ཤུ་སི་ཏིས་རབ་བཅད་དེ། རི་ནག་པོ་དགུའི་བཅད་པའོ། །ཞེས་ལུང་ཚིག་དང་པོས་སྟོན་པ་སངས་རྒྱས་མཆོག་ཞང་ཞུང་གི་གངས་ཏེ་སེའི་མདུན་ཀླུ་ཡི་སྟོན་པར་ལོ་གཅིག་བཞུགས་པ་ཙམ་ལ་འཁྲུངས་ཡུལ་དེར་ཡིནན་མཛད་པ་བཅུ་གཉིས་སོགས་མཛད་དགོས་པ་དང་དེ་ལྟར་ན་སྟོན་པ་སངས་རྒྱས་འོལ་གླིང་དུ་ལོ་གཅིག་ལས་བཞུགས་པར་ཐལ་བ་དང་དེར་ཡིན་ན་སླར་ཡང་འོལ་གླིང་དུ་ཕེབས་དོན་ཅི་ལ་ཡོད། ལུང་ཚིག་གཉིས་པས། རི་བོགངས་ཅན་ཏི་སེ་ནི་ཞེས་པ་ནས་ཤིང་ས་ལ་རབ་བརྟན་བྱ་བ་ཡོད་ཅེས་པའི་བར། ས་ཚིགས་ཀྱི་ཡུལ་དབུས་སུ་གྱུར་བའི་འོལ་གླིང་བསྟན་ལ། དེའི་ནུབ་བྱང་མ་མཐའ་དཔག་ཚད་སྟོང་ཕྲག་བཞི་གནས་ཀྱི་ས་རུ་ཡོན་ཏན་གྱི་ཡུལ་དབུས་སུ་གྱུར་བའི་གཤེན་ཡུལ་འོལ་གླིང་ཡོད་པར་བསྟན་པ་མ་ཟད་ཏི་སེ་དེ་གཉིས་ཀྱི་བར། ཆུ་བོ་པག་ཤུའམ་མཚོ་ཆེན་དང་། རི་ནག་ཆེན་པོ་དགུ་ལས་སོགས་ཀྱི་བར་བཅད་པ་གསལ་བར་བསྟན་བཞིན་དུ་སླར་ཡང་འཁྲུལ་དོན་མེད་པའི་ཕྱིར། གཞན་ཡང་། ༼མདོ་ཟེར་མིག་༦༤༩ལས༽བོད་དང་སྟག་གཟིག་གི་སོ་མཚམས་དེ་ལ་ཐུག་པའོ། དེ་ནས་སྟོན་པ་བོད་ཀྱི་ཆུ་བོ་བཞི་འདུས་ཀྱི་འགོ་རུ་ལྷན་གྱིས་བྱོན་ནོ། ཞེས་ཆུ་བོ་བཞི་འདུས་ཀྱི་འགོ་བོའམ། གངས་ཏི་སེ་དེ་ལ་གཉིས་ས་ཡོད་པ་དང་བཀའ་དང་བསྟན་བཅོས་གང་ནས་ཀྱང་གསལ་། ༼ལེགས་བཤད་མཛོད༡༠ལས༽ཏི་སེ་ལ་ཡོན་ཏན་གྱི་དབུས་རྟག་གཟིགས་ན་ཡོད་ཏི་སེ་དང་། ས་ཚིགས་ཀྱི་དབུས་བོད་ཀྱི་ཏི་སེ་དང་གཉིས་སུ་ཡོད་པས་ཞེས་དང་། ༼འབེལ་གཏམ་ལུང་སྙིང་༣༠ལས༽གལ་ཏེ་ཏི་སེའི་སྐོར་དང་པར་ཤ་སོགས་ཡིན་པར་འདོད་པ་ངེས་ན། དེར་སྐྱེ་བའི་སྨོན་ལམ་འདེབས་ཡུལ་ཁོ་ན་བྱེད་དགོས་པ་ཅིའི་ཕྱིར་ཡོད་ཅེས་གསུངས། རིག་པས་ཀྱང་གནོད་དེ། ད་ལྟ་བོད་སར་གཏོགས་པའི་ཏི་སེའི་སྐོར་ན་བོན་ཅན། དུས་བཞི་ཆ་སྙོམས་ཡོད་པར་ཐལ། གཤེན་ཡུལ་འོལ་མོ་ལུང་རིང་ཡིན་པའི་ཕྱིར། ཁྱབ་སྟེ། ༼གཟི་བརྗིད་བསྟན་པ་ཆགས་ཕེབས་ཀྱི་མདོ༩༨༩ལས༽གཞན་ཡང་དུས་བཞི་རྒྱལ་མོས་ཆ་སྙོམས་ནས། དབྱར་དགུན་སྟོན་དཔྱིད་ཆ་ཙམ་མ་གཏོགས་པ། གཞན་གྱི་ཞིང་ཁམས་དང་འདྲ་བ་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །
མཐའ་དོན་སྟོན་པ་སངས་རྒྱས་པུ་བོའི་ཡུལ་དུ་འཁྲུངས་པར་བཤད་པ་དང་། ཞང་ཞུང་གི་ཡུལ་འོལ་མའི་ཡུལ་གྱི་ལུང་པ་རིང་པོ་ཞིག་ཏུ་འཁྲུངས་པར་བཤད་པ་ནི། རྒྱུ་མཚན་འཐད་བདེན་མིན་པ་ཁས་ལེན་གཙང་དག་ཞུས་ཆོག སྤྱིར་གཤེན་ཡུལ་འོལ་མོ་ལུང་རིང་དེ་ཉིད་ཀྱང་འཛམ་གླིང་འདི་དང་འབྲེལ་བ་ཡོད་པ་ཐག་གིས་ཆོད། འོན་ཀྱང་དེར་བགྲོད་པར་བྱེད་པ་ལ། རྫུ་འཕྲུལ་དང་སྔོན་གྱི་ལས་སྐལ་དང་ལྡན་པ་རྣམས་ཀྱིས་མ་གཏོགས། འགྲོ་བ་ཕལ་དང་ཕལ་གྱིས་བགྲོད་གནས་ཤིག་མ་ཡིན་ཏེ། ༼བསྟན་རྩིས་ནོར་ཕྲེང་༥༦ལས༽ཞང་ཞུང་ཕུགས་པ་ནུབ་ཕྱོགས་རྟག་གཟིགས་འོལ་མོ་གླིང་ཆེན་ཞེས་བྱའམ། རྒྱ་དཀར་བ་རྣམས་ཀྱིས་བྱང་ཕྱོགས་ཤམ་བྷ་ལའམ། སྐྱེ་དགུ་ཀུན་གྱིས་དག་པ་སངས་རྒྱས་ཀྱི་ཞིང་ཁམས་ཆེན་པོ་དེར་ནི། སྟོན་པ་རང་རང་གི་ཐུགས་བསྐྱེད་སྨོན་ལམ་འགྲོ་དོན་མཐར་ཕྱིན་པའི་སྐབས་མ་གཏོགས། བསྟན་པ་དར་ནུབ་ཡེ་ནས་མི་སྲིད་པ་ཡིན་ཀྱང་རང་རེ་མཐའ་འཁོབ་བོད་ཀྱི་ཡུལ་དུ་དར་ནུབ་མང་དུ་བྱུང་བས་ཞེས་གསུངས་པའི་ཕྱིར་རོ། །
༼བོན་སྒོ༽སྤྱི་དེབ་གཉིས་ལས་བཤུས།