༡༽ ཞང་ཞུང་གི་ཤེས་རིག་དང་གཡུང་དྲུང་བོན་སྐོར།
ཞང་ཞུང་ནི་བོད་ཀྱི་ཤེས་རིག་དང་། རྒྱལ་རབས་ལོ་རྒྱུས། ཆོས་ལུགས། མི་རིགས་ཀྱི་སྲོལ་རྒྱུན་སོགས་ཆེས་གཞི་རྒྱ་ཆེ་ལ་ཕུན་སུམ་ཚོགས་པའི་བོད་རིག་པའི་ཕ་ཡུལ་དང་། ཀྲུང་ཧྭ་མི་རིགས་གཙོས་འཛམ་གླིང་ཤར་གླིང་རྒྱལ་ཁབ་ཁག་གི་ཤེས་རིག་ལོ་རྒྱུས་ལ་འབྲེལ་བ་དམ་ཟབ་ལྡན་པའི་གནའ་ཤུལ་གྲགས་ཅན་ཞིག་ཡིན། ཞང་ཞུང་གི་ཤེས་རིག་ནི་ལོ་རྒྱུས་ཀྱི་དུས་ཡུན་རིང་ལ། དཔྱད་གཞིར་རིན་ཐང་ལྡན་པའི་འཛམ་གླིང་ཤེས་རིག་ནོར་བུའི་བང་མཛོད་ནང་གི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ཀྱང་། དེ་སྔོན་དུས་རབས་རིམ་བྱུང་ནང་དར་གུད་དང་འགྱུར་ལྡོག འགོག་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་འཛམ་གླིང་ཡུལ་གྲུ་ཁག་ལ་ཁྱབ་རྒྱ་དང་མི་རིགས་ཁག་གིས་ཤེས་རྟོགས་རྒྱ་ཆེར་བྱུང་ཐུབ་མེད། ཡིན་ན་ཡང་། དུས་རབས་ཉི་ཤུ་བའི་དུས་མཇུག་ནས་བཟུང་ནུབ་ཕྱོགས་པའི་རྒྱལ་ཁབ་ཁག་གཙོས་ཕྱི་རྒྱལ་རྒྱལ་ཁབ་ཁག་གི་མཁས་པ་དུ་མས་ཞང་ཞུང་གི་ཤེས་རིག་ལོ་རྒྱུས་ལ་མཐོང་ཆེན་བརྩིས་ཏེ་ཞིབ་འཇུག་དང་། བགྲོ་གླེང་། འཐུས་ཇེ་ཚང་། དཔྱད་བསྡུར་རྒྱ་ཆེར་གནང་བའི་གྲུབ་འབྲས་ལ་བརྟེན་དེང་སྐབས་རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ཀྱི་ཁྲོད་དུ་ཞང་ཞུང་གི་ཤེས་རིག་ལོ་རྒྱུས་ལ་མཐོང་ཇེ་ཆེ་དང་། མཚན་སྙན་ཇེ་མཐོར་སོང་བའི་སྟབས་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཤུགས་རྐྱེན་རྒྱ་ཆེར་ཐེབས་ཡོད། འོན་ཀྱང་རང་རྒྱལ་ལ་ཆ་མཚོན་ན། ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་མ་ཆོད་པའི་ཚུལ་དུ། ཞང་ཞུང་གི་ཤེས་རིག་ལོ་རྒྱུས་ལ་མཐོང་ཆེན་དང་། ཞིབ་འཇུག་བྱ་རྒྱུར་ཧ་ཅང་གི་རྗེས་ལུས་སུ་གྱུར་ཡོད་ཀྱང་། རིང་མིན་རྒྱལ་སྤྱིའི་ཤུགས་རྐྱེན་དང་། དུས་བབས་ཀྱི་བསྐུལ་མ། སྤྱི་ཚོགས་ཀྱི་དགོས་མཁོ་བཅས་ལ་བརྟེན་རང་རྒྱལ་ལ་ཞང་ཞུང་གི་ཤེས་རིག་ལོ་རྒྱུས་ཞིབ་འཇུག་གི་སྒོ་མོ་འབྱེད་དེ་འོད་སྟོང་འཕྲོ་བའི་ཞང་ཞུང་གི་ལོ་རྒྱུས་རིག་གནས་ལ་མི་ཀུན་ཡིད་སྨོན་གུས་བཀུར་དང་། རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཞིབ་འཇུག་གི་དུས་རབས་གསར་པ་ཞིག་ཏུ་སླེབས་ངེས་རེད།
ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་ཞང་ཞུང་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་འགོ་བོ་དང་། ཤེས་རིག་གི་ཕ་ཡུལ། ཆོས་ལུགས་ཀྱི་འབྱུང་ཁུངས། སྲོལ་རྒྱུན་གྱི་རྩ་བར་གྱུར་ཡོད་པར་མ་ཚད་ཁྱིམ་མཚེས་རྒྱ་དཀར་ནག་དང་བལ་ཡུལ་ཨ་རབ་པའི་ཡུལ་གྲུ་ཁག་ལ་འབྲེལ་བ་ངེས་ཅན་ཞིག་ལྡན་ཡོད། བོན་གྱི་ལོ་རྒྱུས་ལ་གཞིགས་ན། ཞང་ཞུང་གི་ས་ཁྱོན་གཙོ་བོར་ཞང་ཞུང་ཕུགས་པ་རྟག་གཟིགས་འོལ་མོ་ལུང་རིང་དང་། ཞང་ཞུང་བར་བ་ཨ་རབ་པའི་ལུང་པ། ཞང་ཞུང་སྒོ་པའི་སྡེ་དེང་སྐབས་རྒྱ་གར་དང་བལ་ཡུལ་གྱི་ས་ཆ་མང་དག་ཞིག་དང་། བོད་ལྗོངས་མངའ་རིས་ས་ཁུལ་དང་ནག་ཆུ་ས་ཁུལ་ཆབ་མདོ་ས་ཁུལ་སོགས་ཡིན། གནའ་བོའི་དུས་སུ་ཞང་ཞུང་རྒྱལ་ཁབ་ལ་ཡུལ་ཁམས་མི་འདྲ་བ་དྲུག་ཅུ་དང་། སྡེ་བ་ཁྲི་ཚོ་བརྒྱད་ཅུ་ལྷག་ཙམ་དང་གྲགས་ཆེ་བ་ཞང་ཞུང་གི་རྒྱལ་རབས་བཅོ་བརྒྱད་དང་། ས་ཁྱོན་གྱི་ལྟེ་བ་གངས་རིན་པོ་ཆེ་བརྩིས་པའི་ཤར་ན་དེང་གི་ཟི་ཁྲོན་ཞིང་ཆེན་ཨ་མདོ་ཤར་ཁོག་ཟིང་ཆུ་རྫོང་ཡན་དང་། བྱང་ན་དེང་གི་སོག་པོ་ཕྱི་ནང་ཚུན་དང་། ནུབ་ན་དེང་གི་ཁ་ཆེ་ཀ་ཤི་མེར་མན་ཆད་དང་། ལྷོ་ན་རྒྱ་གར་དང་བལ་ཡུལ་ཚུན་ལ་སྔར་ཞང་ཞུང་གི་རྒྱལ་ཁམས་ཡིན།
ཞང་ཞུང་གི་ཆོས་ལུགས་ནི། འཛམ་གླིང་མི་རིགས་ཡོངས་ཀྱི་ཆོས་ལུགས་ནང་ནས་ལོ་རྒྱུས་རིང་ཤོས་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་དང་ཤོས་གཡུང་དྲུང་བོན་ནམ་བོན་པོའི་ཆོས་ལུགས་དེ་རེད། ཞང་ཞུང་གི་སྐད་ཡིག་ནི་བོད་ཀྱི་སྐད་ཡིག་གི་འབྱུང་གཞི་ཞང་ཞུང་སྨར་ཆེན་དང་སྨར་ཆུང་གཉིས་ཡིན་ལ། བརྡ་སྤྲོད་ཀྱི་ཁྱད་ཆོས་ནི་ཕོ་མོ་མ་ནིང་གི་རྟགས་སོགས་མི་བརྩི་བར་གཙོ་བོར་འབྱུང་བ་ཆེན་པོ་ལྔ་ཡི་ཁམས་ཀྱི་སྒོ་ནས་བརྩི་བའི་སྲོལ་ཞིག་ཡོད། ཞང་ཞུང་གི་ཤེས་རིག་ནི་བོད་མི་རིགས་ཀྱི་ཤེས་རིག་གི་རྩ་བར་གྱུར་པའི་བཟོ་རིག་པ་དང་། སྒྲ་རིག་པ། གསོ་བ་རིག་པ། ཕྱི་རིག་པ། ནང་རིག་པ་བཅས་རིག་པའི་གནས་ཆེན་ལྔ་པོ་འདི་དག་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། གཞུང་ལུགས་རྣམ་གཞག་ཆ་ཚང་བ། རྒྱ་ཆེ་གཏིང་ཟབ་དང་ཐུན་མིན་གྱི་ཁྱད་ཆོས་མངོན་པར་གསལ་བ་བཅས་ཀྱིས་བོད་ཀྱི་ཤེས་རིག་ལོ་རྒྱུས་ཐོག་བསུབ་ཐབས་བྲལ་བའི་གོ་གནས་འགངས་ཆེན་ཟིན་ཡོད།
ཞང་ཞུང་གི་སྲོལ་རྒྱུན་རིག་གནས་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་དབྱེ་བ་་གཉིས་སུ་མ་མཆིས་ཏེ་དཔེར་ན་ཞང་བོད་ཀྱི་ཡུལ་དུ་གནའ་བོའི་དུས་ནས་ད་བར་མི་རྣམས་ལ་ལྐོག་གྱུར་གྱི་བྱ་བ་གང་ཞིག་ཐག་གཅོད་ཐུབ་མིན་གྱི་དཀའ་ངལ་འཕྲད་ཚེ་མ་འོངས་སྔོན་དཔག་གམ་ལྐོག་གྱུར་གསལ་སྟོན་གྱི་རིག་པ་མོ་ཡི་རིག་གཞུང་ལ་བརྟེན་པ་དང་། དེ་བཞིན་ཕྱི་འབྱུང་བ་ཤིང་མེ་ས་ལྕགས་ཆུ་ལྔ་དང་། ནང་གི་འགྲོ་བ་མི་ཡི་ཤ་ཁྲག་དྲོད་དབུགས་སེམས་དང་ལྔ། གསང་བའི་སྲོག་ལུས་དབང་ཀླུང་བླ་དང་ལྔ་བཅས་ཕན་ཚུན་ལྟོས་བཅས་ཀྱི་སྒོ་ནས་ལེགས་ཉེས་གསལ་སྟོན་གྱི་རིག་པ་འབྱུང་རྩིས་ཀྱི་རིག་གཞུང་ལ་བརྟེན་པ་དང་། འགྲོ་བ་མི་དང་མི་མ་ཡིན་གྱི་སེམས་ཅན་གདུག་པ་ཅན་གཉིས་དབར་ཕན་ཚུན་མི་མཐུན་པའི་འགལ་རྐྱེན་གྱི་གནོད་འཚེ་ཟློག་ཐབས་དང་། མཐུན་རྐྱེན་གྱི་སྡོང་གྲོགས་མཛད་ཕྱིར་ཞི་བདེ་མཐུན་སྦྱོར་གཏོ་བཅོས་ཀྱི་རིག་གཞུང་ལ་བརྟེན་པ་དང་། མི་གཙོས་འགྲོ་བ་ཀུན་གྱི་གཟུགས་གཞི་བདེ་ཐང་དང་། ནད་སེལ་སྨན་བཅོས་ཀྱི་ལག་ལེན་གསོ་བ་རིག་པ་ལ་བརྟེན་པ། སྤྱིར་འགྲོ་བ་མི་ཡི་ལུས་ཁམས་བདེ་སྲུང་། དཀར་ཕྱོགས་ཀྱི་ལྷ་རྣམས་ཐུགས་དམ་བསྐང་ཞིང་ཕྱི་ནང་སྣོད་བཅུད་ཀྱི་འབག་བཙོག་ཉམས་གྲིབ་མི་གཙང་བའི་ཉེས་སྐྱོན་སེལ་བྱེད་ལ་ཁྲུས་བསང་གི་ལག་ལེན་བྱེད་པ་སོགས་མོ་རྩིས་གཏོ་དཔྱད་ཁྲུས་བསང་དང་། ཁྱད་པར་དུ་འགྲོ་བ་མི་ཡི་ཚེ་བསོད་དབང་ཐང་དར་ཞིང་ཅི་བསམ་དོན་འགྲུབ་ཀྱི་གྲོགས་བྱེད་པའི་རི་གསོལ་རླུང་རྟ་སོགས་ཀྱི་ལོ་རྒྱུས་ཀྱི་ཁུངས་བཙུན་ལ། སྲོལ་རྒྱུན་གྱི་རིན་ཐང་ལྡན་པ། སྔར་ཞང་ཞུང་གི་ཡུལ་ནས་དར་བ་ནས་བཟུང་ད་བར་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འདི་དག་ཆུ་ལམ་ཞུགས་དང་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་སྤྱི་ཚོགས་ཐུན་མོང་ལ་མེད་དུ་མི་རུང་བའི་དགོས་མཁོའི་ཆ་རྐྱེན་ཞིག་ཏུ་གྱུར་ཡོད་ལ། སྟོན་པ་གཤེན་རབ་ཀྱིས་ཀྱང་སྤྱི་ཚོགས་ཀྱི་དགོས་པ་རྒྱུ་མཚན་དེ་དག་ལ་དམིགས་ཏེ་དང་ཐོག་འཇིག་རྟེན་ཀུན་རྫོབ་ཀྱི་བོན་ནམ་རྒྱུ་ཡི་ཐེག་པ་བསྟན་དགོས་པའི་གནད་དེ་ལ་ཐུག་པའོ། །
༢༽ ཆོས་ལུགས་དད་མོས་སྐོར།
འགྲོ་བ་མིའི་རིགས་འཇིག་རྟེན་ཐོག་གནས་སྡོད་བྱེད་སྐབས་སོ་སོའི་སེམས་ནང་དད་པའམ་ཡིད་ཆེས་བྱ་སའི་ཡུལ་ཞིག་དགོས་པ་ངེས་ཅན་ཡིན་ལ། ཡིད་ཆེས་བྱ་སའི་ཡུལ་དང་རང་ཉིད་གཉིས་དབར་སོ་སོའི་འཚོ་བ་དང་བསམ་བློའི་བརྩེ་གདུང་སོགས་ཀྱི་རྐྱེན་པས་ཕན་ཚུན་ཁ་བྲལ་ཐབས་མེད་པ་ཞིག་ཆགས་ཀྱི་ཡོད། སོ་སོས་ཡིད་ཆེས་བྱ་སའི་ཡུལ་དེ་ལའང་ཆོས་དང་ཆབ་སྲིད། ཚན་རིག་སོགས་གང་རུང་ཞིག་ལ་ཡིད་ཆེས་བྱེད་ཀྱི་ཡོད་ཀྱང་དེ་གསུམ་ནང་ཕན་ཚུན་ལྟ་བ་མཐུན་ས་ཡོད་ལ་མི་མཐུན་པའི་ཕྱོགས་དུ་མའང་ཡོད་དེ། དཔེར་ན་དངོས་གཙོ་སྨྲ་བ་དང་སེམས་གཙོ་སྨྲ་བའི་ལྟ་བ་ལྟ་བུ་རེད། དངོས་གཙོ་སྨྲ་བས་ཕྱི་དངོས་ཐོག་བདེན་འཚོལ་དང་། སེམས་གཙོ་སྨྲ་བས་ནང་སེམས་ཐོག་བདེན་འཚོལ་བྱེད་པའི་ལུགས་གཉིས་ཀྱི་ལྟ་བ་མི་འདྲ་ས་དེ་དངོས་གཙོ་ལྟར་ན་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་བྱ་སྤྱོད་དེ་ཇེ་བཟང་དུ་འགྲོ་བར་ལྟ་བ་དང་། སེམས་གཙོ་ལྟར་ན་ཇེ་ངན་དུ་འགྲོ་བར་ལྟ་བ་ལྟ་བུ་རེད། ལུགས་དེ་གཉིས་ཀའི་ལྟ་བ་ལ་རྒྱུ་མཚན་དང་བདེན་པ་ཡོད་དེ་དངོས་གཙོ་སྨྲ་བས་ཚན་རིག་གི་ལྟ་བ་གཞིར་འཛིན་ཏེ་འཛམ་གླིང་ཧྲིལ་བོར་དངོས་པོའི་དཔལ་ཡོན་ཕུན་ཚོགས་ལག་རྗེས་བླ་མེད་བཞག་པའི་གྲུབ་འབྲས་ལ་བརྟེན་གནའ་བོའི་དུས་དང་བསྡུར་ན་དེང་སྐབས་ཁྱོན་ཡོངས་ཕྱི་དངོས་པོའི་ཆ་རྐྱེན་སོ་སོའི་འདོད་བློ་ཚིམ་པ་ཞིག་བསྐྲུན་ཡོད་ཀྱང་དོན་དམ་པའི་བདེ་སྐྱིད་དེ་ཕྱི་དངོས་པོའི་ཆ་རྐྱེན་མིན་ལ། ནང་སེམས་ཀྱི་བདེ་སྐྱིད་དེ་ཡིན་མོད། དོན་དངོས་དེང་སྐབས་དོན་དམ་པའི་བདེ་སྐྱིད་དང་འགྲོ་བ་མིའི་རིགས་གཉིས་ཀྱི་བར་ཐག་ཇེ་རིང་དུ་སོང་སྟེ་འཛམ་གླིང་ཧྲིལ་པོར་ཆེ་བ་རྒྱལ་ཁབ་དང་ཆུང་བ་མི་སྒེར་ཡན་ཕན་ཚུན་འགྲན་རྩོད་དང་རང་རྒྱལ་གཞན་ཕམ། འཕྲག་དོག་རྩོད་འཛིང་། རང་གཅེས་གཞན་དོར་སོགས་ཀྱི་མི་ཚེ་སྤྱོད་དགོས་པའི་དུས་རབས་ལ་ཕྱི་ཚན་རིག་དང་དཔལ་འབྱོར་འཕེལ་རྒྱས་ཇི་ལྟར་སོང་ཡང་ནང་འགྲོ་བ་མིའི་སེམས་ལ་བདེ་སྐྱིད་དངོས་དེ་སྤྲོད་མི་ཐུབ་པ་དེ་ལྟར་རེད། སེམས་གཙོ་སྨྲ་བའི་ནང་ནས་གཡུང་དྲུང་བོན་ལུགས་འཛིན་པ་རྣམས་ཀྱིས་འདི་ལྟར་འདོད་དེ་སྟོན་པ་གཤེན་རབ་ཀྱི་ཞལ་ནས་“ཆོག་ཤེས་དམ་པ་ཚོད་ཅིག་མ་ཟིན་ན། །འཇིག་རྟེན་གསེར་དུ་སོང་ཡང་ངོམས་དུས་མེད། །རང་གི་སེམས་ནི་རང་གིས་འདུལ། །ཉོན་མོངས་རྗེས་སུ་སེམས་མ་གཏོང་། །”ཞེས་པ་ལྟར་གྱི་འདོད་ཆུང་ཆོག་ཤེས་དང་། ཀུན་ཕན་སེམས་བཟང་། གལ་སྲིད་ཉོན་མོངས་རྗེས་འདེད་བྱས་ན་རང་སྡུག་རང་ཉོ་ཡིན་པའི་ལྟ་ཚུལ་གཞིར་འཛིན་ཏེ་གནམ་འོག་གི་འགྲོ་བ་ཚང་མ་ཕན་ཚུན་ཞི་བདེ་དང་འདྲ་མཉམ། རང་དོར་གཞན་གཅེས་བདག་གཞན་གཉིས་མེད་ཀྱི་བསམ་བློ་སོགས། ནང་བསམ་པའི་དཔལ་ཡོན་ཕུན་ཚོགས་དེ་ལོངས་སུ་སྤྱོད་དེ་ཕྱི་འཇིག་རྟེན་གྱི་འདོད་ཡོན་ལ་མི་ཆགས་པར་ནང་སེམས་ཀྱི་བདེན་དོན་མཐར་ཐུག་ལ་རྩ་བར་འཛིན་ཏེ་འགྲོ་བ་མིའི་རིགས་ཀྱི་སེམས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་གཙོ་བོར་འཛིན་རྒྱུ་དེ་རེད། དེས་ན་ཕྱི་དངོས་པོའི་འཕེལ་རྒྱས་ལ་མཐའ་མེད་པས་མཐུན་རྐྱེན་ལའང་མཐའ་མེད། ནང་སེམས་ཀྱི་ནུས་རྩལ་ལའང་མཐའ་མེད་ཀྱང་སེམས་ཀྱི་བདེན་དོན་མཐར་ཐུག་ལ་མཐའ་ཡོད། འཛམ་གླིང་མི་ཀུན་དངོས་སེམས་གཉིས་ཀྱི་ལྟ་བ་གང་རུང་ལ་ཡིད་ཆེས་བྱེད་ཀྱང་ཆོས་ལ་ཡིད་ཆེས་བྱེད་མིན་ཅི་རིགས་ཡོད།
ཆོས་ལུགས་ནི་ཆེས་དུས་ཡུན་རིང་པོའི་དུས་ནས་མི་རབས་ནས་མི་རབས་བར་བརྒྱུད་དེ་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་དང་བསམ་བློའི་འཚོ་བ་ལ་མེད་དུ་མི་རུང་བའི་དགོས་མཁོའི་ཆ་རྐྱེན་ཞིག་རེད། དཔེར་ན་དེང་གི་སའི་གོ་ལའི་འཛམ་གླིང་ཧྲིལ་བོར་མི་གྲངས་དུང་ཕྱུར་དྲུག་ཅུ་ལྷག་ཙམ་ཡོད་པ་དེ་ཆོས་ལ་དད་མཁན་དང་མི་དད་མཁན་གཉིས་ཀྱི་ནང་ནས་ཆོས་ལ་དད་མཁན་མང་བ་ལྟ་བུ་རེད། སྤྱིར་འཛམ་གླིང་ཐོག་ལ་ཆོས་ལུགས་མི་འདྲ་བ་སྟོང་ཕྲག་ཁ་ཤས་ཡོད་ཀྱང་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཆེ་ཤོས་དང་གྲགས་ཆེ་བ་འཛམ་གླིང་ཆོས་ལུགས་ཆེན་པོ་གསུམ་ཞེས་ཡེ་ཤུའི་ཆོས་ལུགས་དང་། ཁ་ཆེའི་ཆོས་ལུགས། ནང་པའི་ཆོས་ལུགས་གསུམ་དེ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཆོས་ལུགས་ཁག་གསུམ་དེ་ཡིན། ཆོས་ལུགས་ཆེན་པོ་གསུམ་གྱི་ནང་ཚན་ནང་པའི་ཆོས་ལུགས་ལའང་འཛམ་གླིང་ཐོག་གྲགས་ཆེ་བ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་། རྒྱ་བརྒྱུད་ནང་བསྟན་ཆོས་ལུགས། ལྷོ་བརྒྱུད་ནང་བསྟན་ཆོས་ལུགས་བཅས་བརྒྱུད་པ་ཁག་གསུམ་ཡོད་པ་དེ་སྤྱིར་མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་པ་དང་། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ལ་ཡིད་ཆེས། དགེ་སྒྲུབ་སྡིག་སྤོང་སོགས་སྤྱོད་པའི་ཆ་ནས་ནང་པའི་གྲུབ་མཐའ་ཀུན་མཐུན་ལ། ལྟ་བའི་ཆ་ནས་དམིགས་ཡུལ་གཅིག་ལ་འཛིན་སྟངས་ཐ་དད་ཀྱི་སྒོ་ནས་གོ་བ་ལེན་སྟངས་དང་ལུགས་སོ་སོའི་བླ་མ་རྣམས་ཀྱི་དགོངས་པ་དང་ཕྱག་ལེན་སོགས་བརྒྱུད་པ་སོ་སོའི་ནང་ཚན་ལའང་གྲུབ་མཐའ་དུ་མར་གྱེས་ཡོད། དེར་བརྟེན་བོད་བརྒྱུད་ནང་བསྟན་ལའང་གྲུབ་མཐའ་དུ་མར་ཡོད་ཀྱང་འདིར་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཐོག་མ་གཡུང་དྲུང་བོན་གྱི་སྐོར་གཟིགས་པ་པོ་སྐུ་ཉིད་ལ་ཞབས་ཞུའི་ཚུལ་དུ་ལེགས་སྐྱེས་སུ་འབུལ་རྒྱུ་དེ་ཡིན་ནོ། །
༣༽ བོན་གྱི་བརྡ་རྟགས་དང་གཡུང་དྲུང་བོན་གྱི་སྐོར།
སྤྱིར་འཛམ་བུ་གླིང་ལ་ཆོས་སྲིད་གང་ཡིན་རུང་ལུགས་སོ་སོའི་མཚོན་རྟགས་རེ་ཡོད་པ་བཞིན་དུ་བོན་གྱི་རིང་ལུགས་འཛིན་མཁན་རྣམས་ཀྱི་བརྡ་རྟགས་ལ་“གཡུང་དྲུང་ཆག་ཤིང་”ཟེར་བ་དེ་རེད། གཡུང་དྲུང་ཆག་ཤིང་གི་གོ་དོན་ནི། གཡུ༵ང་ནི་ལྟ་བ་དོན་དམ་བོན་ཉིད་སྐྱེ་མེད་ཀྱི་དོན་དང་། དྲུ༵ང་ནི་སྤྱོད་པ་ཀུན་རྫོབ་བོན་ཅན་འགག་མེད་ཀྱི་དོན། ཆ༵ག་ནི་ལོག་ལྟའི་གཉའ་བ་གཅོག་པའམ་ལོག་ལྟ་ཟིལ་གནོན་གྱི་དོན་དང་། ཤི༵ང་ནི་ཐར་ལམ་དྲང་པོར་བཀྲི་བའི་དྲང་ཤིང་ངམ་ཐར་པའི་ལམ་སྟོན་གྱི་དོན་བཅས་རེད། དབྱིབས་གཟུགས་ནི་ཆག་ཤིང་གི་སྣ་གཉིས་ལ་གཡུང་དྲུང་རེ་དང་། བར་གྱི་ལྕུམ་བཞོགས་དང་གསུམ་ལྡན་དགོས་པ་དེ་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་མཚོན་དོན་ཡིན་ཏེ་གཡུང་དྲུང་གཉིས་ཀྱིས་མདོ་སྔགས་གཉིས་མཚོན་ལ་བར་གྱི་ལྕུམ་བཞོགས་ཀྱིས་སེམས་སྡེ་བླ་མེད་རྫོགས་པ་ཆེན་པོ་མཚོན་པའོ། །གཡུང་དྲུང་བོན་འཁོར་གྱི་རི་མོ་འདིས་སྲིད་པའི་གོ་ལ་དང་ཉི་ཟླ་གཟའ་སྐར་འཁོར་བགྲོད་སོགས་བཅོས་མ་མ་ཡིན་པའི་རང་བཞིན་སྲིད་པའི་འཁོར་འགྲོས་མཐའ་དག་བོན་འཁོར་གྱི་ཚུལ་དུ་ཡོད་པས་ན་གཡུང་དྲུང་བོན་འཁོར་འདི་རང་བྱུང་གོ་ལའི་འཁོར་འགྲོས་དང་། ཤེས་བྱའི་གནས་ལུགས། འཇིག་རྟེན་གྱི་རང་འགྲོས། རང་བཞིན་སྲིད་པའི་ལུགས་དང་མཐུན་པ་ཞིག་ཡིན་པ་མཚོན་གྱི་ཡོད་ལ། ལྷག་ཏུ་བཀྲ་ཤིས་པའི་བརྡ་རྟགས་དང་མི་གཡོ་མི་འགྱུར་བའི་དོན་དང་། དབྱིངས་དང་ཡེ་ཤེས། ཀུན་རྫོབ་དང་དོན་དམ། ཐབས་དང་ཤེས་རབ། སྐྱེ་འགག་གཉིས་མེད་སོགས་གོ་དོན་ཁྱབ་རྒྱ་ཆེ་བས་མདོར་ན་འཁོར་འདས་ཀྱི་ཤེས་བྱ་ཐམས་ཅད་གཡུང་དྲུང་ལ་མ་འདུས་པ་མེད་སྟབས་གཡུང་དྲུང་གིས་བོན་ཐམས་ཅད་ལ་ཁྱབ་ཅིང་བོན་ཐམས་ཅད་ཀྱང་གཡུང་དྲུང་ལ་འདུས་ཚུལ། མདོ་གཟེར་མིག་ལས་གསུངས་སོ། །སྟོན་པ་གཤེན་རབ་མི་བོས་སྲོལ་ཕྱེས་པའི་བསྟན་པ་ལ་མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་གྱི་བསྟན་པ་ཟེར་ལ། ཁོང་གིས་བསྟན་པའི་གཡུང་དྲུང་བོན་ནི་འགྲོ་བ་མི་གཙོས་སེམས་ཅན་ཚང་མའི་འགལ་རྐྱེན་གྱི་བར་ཆོད་ཞི་བྱེད་དང་། མཐུན་རྐྱེན་གྱི་བསམ་དོན་འགྲུབ་བྱེད། འདི་ཕྱི་གཉིས་ཀྱི་སྡུག་བསྔལ་སེལ་བྱེད་དང་བདེ་བ་ལྡན་བྱེད། གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་ཡོན་ཏན་བཟང་པོ་སྒྲུབ་བྱེད་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཞིག་ཡིན་ལ། ཉམས་སུ་ལེན་བྱའི་གཞུང་ལུགས་ཀྱི་ཆ་ནས་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཆ་ཚང་དང་། བསྒྲུབ་བྱ་མཐར་ཐུག་སྐུ་གསུམ་སངས་རྒྱས། སྒྲུབ་བྱེད་ལྟ་སྒོམ་སྤྱོད་གསུམ་ནི་ལྟ་བའི་རྒྱལ་པོ་རྫོགས་ཆེན་དང་། སྒོམ་པའི་རྒྱལ་པོ་གསང་སྔགས། སྤྱོད་པའི་རྒྱལ་པོ་འདུལ་བ་བཅས་གཞི་ལམ་འབྲས་གསུམ་ཆ་ཚང་བའི་སངས་རྒྱས་ཀྱི་བསྟན་པ་རྣམ་དག་ཞིག་གོ །གཡུང་དྲུང་བོན་ལ་ནང་གསེས་དབྱེ་ན་སྤྱིར་ཐེག་པ་རིམ་དགུ། སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ། བོན་སྒོ་བརྒྱད་ཁྲི་བཞི་སྟོང་སོགས་རྒྱ་ཆེར་བསྟན་ཡོད་ཀྱང་། མཐར་ཐུག་ཉམས་སུ་ལེན་བྱ་མདོ་སྔགས་སེམས་གསུམ་བསྟན་ཏེ། མདོ་འདུས་ལས། “འདུལ་བ་གསང་སྔགས་ལྟ་བ་གསུམ། །མཐའ་མར་ཉམས་སུ་ལེན་བྱ་ཡིན། །”ཞེས་གསུངས་པ་ལྟར་གདུལ་བྱ་དབང་རྣོན་བློ་རབ་རྣམས་ལ་ཉམས་ལེན་གཙོ་བོ་གྲོལ་ལམ་གཙོ་བོར་བསྟན་པ་རྫོགས་ཆེན་དང་། དབང་པོ་འབྲིང་ལ་བསྒྱུར་ལམ་གཙོ་བོར་བསྟན་པ་གསང་སྔགས། དབང་རྟུལ་རྣམས་ལ་སྤོང་ལམ་གཙོ་བོར་བསྟན་པ་མདོ་སྡེ་བཅས་གདུལ་བྱ་དབང་པོ་རབ་འབྲིང་ཐ་གསུམ་གྱི་འཇུག་སྒོར་གཡུང་དྲུང་བོན་གྱི་འདུས་དོན་མདོ་སྔགས་སེམས་གསུམ་དེ་སྡུག་བསྔལ་བྲལ་འདོད་དང་བདེ་བ་ལྡན་འདོད་ཀྱི་འགྲོ་བ་སེམས་ཅན་ཚང་མའི་བསོད་ནམས་ཀྱི་བགོ་སྐལ་དུ་ལོངས་སུ་སྤྱོད་རྒྱུ་བསྟན་ཡོད། ཡིན་ན་ཡང་། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་སུ་གནས་རིང་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་ཡོད་མེད་དང་ཕན་བདེ་སྒྲུབ་བྱེད་ཀྱི་ཐབས་ལམ་ཤེས་དང་མི་ཤེས། འཆད་ཉན་སྒོམ་སྒྲུབ་ནུས་དང་མི་ནུས། དོན་གཉེར་བྱེད་དང་མི་བྱེད། དལ་འབྱོར་གྱི་མི་ལུས་རིན་ཆེན་ཆུད་ཟོས་གཏོང་དང་མི་གཏོང་། དོན་དངོས་ཉམས་ལེན་བྱེད་དང་མི་བྱེད་དེ་སོ་སོ་རང་ཉིད་ལ་རགས་ལས་པ་མ་གཏོགས་གཞན་སུ་ཞིག་ལ་ཁག་གཡར་ས་མེད། ད་ལན་ཐོབ་དཀའ་བ་དལ་འབྱོར་གྱི་མི་ལུས་རིན་ཆེན་དེ་ཐོབ། འཕྲད་དཀའ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་འཕྲད། མཇལ་དཀའ་བ་སོ་སོའི་རྩ་བའི་བླ་མ་དང་མཇལ། ཐོས་དཀའ་བ་གཡུང་དྲུང་བོན་གྱི་གདམས་ངག་དེ་ཐོས་སྐབས་སྒོམ་སྒྲུབ་ཉམས་ལེན་གོ་སྐབས་དམ་འཛིན་མ་བྱས་ན། ལས་སྨོན་དང་གོ་སྐབས་མེད་པའི་དུས་སུ་བསམ་ནའང་སྟོང་བསམ་ཡིན། དེས་ན་རང་གཞན་སེམས་ཅན་ཐམས་ཅད་སྡུག་བསྔལ་བྲལ་འདོད་དང་བདེ་བ་ལྡན་འདོད་ཤ་སྟག་ཡིན་མོད། དོན་ལ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་སྒྲུབ་མི་ཤེས། སྡུག་བསྔལ་མི་འདོད་ཀྱང་དེའི་རྒྱུ་མི་དགེ་བ་ཤུགས་ལ་སྒྲུབ་རྒྱུ་དེ་གཡུང་དྲུང་བོན་གྱི་སྙིང་དོན་ཡང་དག་མ་ཤེས་པའི་རྟགས་ཡིན། དུས་དང་རྣམ་པ་ཀུན་ཏུ། སྟོན་པ་གཤེན་རབ་ཀྱིས་“རང་གི་སེམས་ནི་རང་གིས་འདུལ། །ཉོན་མོངས་རྗེས་སུ་སེམས་མ་གཏོང་། །”ཞེས་ཁོང་གིས་བོན་གསུངས་ཚད་བྱ་བ་ཀུན་གྱི་སྔོན་འགྲོ་མི་རྣམས་བསམ་པ་བཟང་པོ་བསྐྱེད་ཐབས་དང་རང་སེམས་ལས་སུ་རུང་ཐབས། རང་རྒྱུད་ཀྱི་ཉོན་མོངས་ཞི་ཐབས་འབའ་ཞིག་ཏུ་གསུངས་པ་མ་ཚད་དཔེ་དོན་གྱི་སྒོ་ནས་བོན་བསྟན་ཚུལ་ལའང་ནད་པ་དང་འདྲ་བའི་འགྲོ་བ་རང་ཉིད་ལ། ནད་དང་འདྲ་བའི་ཉོན་མོངས་སྣ་ཚོགས་ཀྱི་སྡུག་བསྔལ་མྱོང་བ་ལ། སྨན་པ་དང་འདྲ་བའི་སྟོན་པ་གཤེན་རབ་ཀྱིས་བྱམས་དང་སྙིང་རྗེ། ཐབས་དང་ཤེས་རབ་ཆེན་པོའི་སྒོ་ནས་མིའི་རང་རྒྱུད་ཀྱི་ཉོན་མོངས་ཞི་ཐབས་དང་། རང་སེམས་ལས་སུ་རུང་ཐབས་ཀྱི་བདུད་རྩི་སྨན་དང་འདྲ་བའི་གདམས་ངག་གཡུང་དྲུང་གི་བོན་རིན་པོ་ཆེ་དེ་བསྟན་པ་ཡིན་ཏེ་གཙུག་ལག་དཔལ་འབུམ་དཀར་པོ་ལས། “སྤྱིར་ན་སྟོན་པས་བོན་བཤད་པ། །ནད་པ་དག་གི་ནད་རྣམས་ལ། །སྨན་པས་སྨན་བྱིན་ཇི་ལྟ་བར། །བློ་བཞིན་ཕན་བྱེད་འཆད་པ་ཡིན། །”ཞེས་གསུངས་པ་བཅས་སོ། །
༼དཔྱོད་ལྡན་མཆོད་པའི་མེ་ཏོག༽སྤྱིའི་དེབ་གྲངས་བདུན་པ་ལས་བཤུས།