ལོ་སུམ་སྟོང་བརྒྱད་བརྒྱའི①གོང་ནས་བྱུང་བའི་ཞང་ཞུང་ཤེས་རིག་སྟེ། དེའི་མཚོན་བྱེད་གཡུང་དྲུང་བོན་གྱི་རིག་གནས་དེ་དག་ནི་བརྗོད་བྱའི་ནང་དོན་ཐད་ནས་རྩིས་དང་སྨན། བཟོ་རིག་པ། གནམ་རིག་པ། མཚན་ཉིད་རིག་པ། སེམས་ཁམས་རིག་པ། ལོ་རྒྱུས། སྒྱུ་རྩལ། གནའ་བོའི་དམངས་སྲོལ། ས་ཁམས་རིག་པ། སྲོག་ཆགས་ཀྱི་སྐོར་སོགས་ཤེས་བྱ་ཀུན་འདུས་ཀྱི་བང་མཛོད་ལྟ་བུར་གྱུར་འདུག་པས་རྒྱ་ཆེ་ལ་གཏིང་ཟབ་པ། རིགས་དབྱེ་མང་ལ་རྣམ་གྲངས་འབོར་ཆེ་བ། ཁྱབ་རྒྱ་ཆེ་ལ་དོན་ཕྱུག་པ་སྟེ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསམ་བློ་ཕུན་སུམ་ཚོགས་པས་བོད་གནའ་བོའི་ཤེས་རིག་གི་ཕྱོགས་ནས་ཞིབ་འཇུག་གི་རིན་ཐང་དང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་བྱེད་པའི་ཕྱོགས་ནས་དོན་སྙིང་ལྡན་པ་ཞིག་ཡིན་པ་སྨོས་ཅི་དགོས། དེས་ན་བོན་གྱི་རིག་གཞུང་མ་མཐོང་པ་རྣམས་བོད་རང་གི་གནའ་བོའི་ཤེས་རིག་དེ་ཇི་འདྲ་ཟབ་ཚུལ་ཤེས་དཀའ་པས་ཕངས་ནའང༌། དེང་གི་དཔྱོད་ལྡན་པ་མི་ཉུང་བ་ཞིག་གིས་བོན་གྱི་རིག་གནས་དེ་རྣམས་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡིན་པ་རྟོགས་ཏེ། འཛམ་གླིང་ན་རྨད་དུ་བྱུང་བའི་ཤེས་རིག་དེ་འདྲ་ཞིག་དུས་སྐབས་དེའི་སྤྱི་ཚོགས་འཕེལ་རྒྱས་དང་རིག་གནས་ཀྱི་ཆུ་ཚད་གང་གི་ཐད་ནས་ཀྱང་མཐོ་སྒང་འདིར་དར་ཐབས་མེད་པར་འདོད་པའམ་དེ་ལ་དོགས་པ་ཟ་བཞིན་ཡོད་པས། འདིར་དེའི་ཐད་ནས་རགས་ཙམ་དཔྱད་ན།
སྟོན་པ་གཤེན་རབ་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བོན་གཏིང་ཟབ་ཅིང་རྒྱ་ཆེ་བ(བོད་ཀྱི་རིག་པའི་གནས་མཐའ་དག་ནང་དུ་འདུ)དེ་འདྲ་ཞིག་གསུངས་ཐུབ་པ་ནི་སྐབས་དེའི་ཞང་ཞུང་གི་སྤྱི་ཚོགས་དེའང་ཤེས་རིག་དང་ལྡན་པའི་སྤྱི་ཚོགས་ཤིག་ལ་འཕེལ་ཡོད་པའི་རྨང་གཞིར་རག་ལས་ཡོད་པ་རེད། སྟོན་པ་གཤེན་རབ་ཀྱི་མཛད་རྣམ་ལས་གཤེན་རབ་འཇིག་རྟེན་དུ་གཟིགས་ཚད་ལྔ་དང་དགོངས་ཚད་ལྔ་དང་བཅས་བྱོན་པར་གྲགས་པའང་འཁོར་བའི་འཆིང་བ་ལས་གྲོལ་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་གང་ཞིག་ཡིན་ཀྱང་འཇིག་རྟེན་གྱི་ཆོས་ཉིད་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས། ད་དུང་བསམ་བློ་དང་གོམས་སྲོལ་སོགས་ལ་བསྟུན་དགོས་ཚུལ་དེ་མཚོན་པ་ལས། དུད་འགྲོའི་རྣ་ལ་པི་ལྦང་གི་དཔེ་ལྟར་མ་ཡིན་པར་སྙམ་མོ། །དེས་ན་གཤེན་རབ་ཀྱིས་སྐབས་དེར་བོན་དེ་དག་གསུང་ཐུབ་མིན་ང་ཚོས་ཞང་ཞུང་གནས་པའི་ཡུལ་ཏེ་སྤྱིར་གླིང་ཆེན་ཨ་ཤེ་ཡ་དང་སྒོས་སུ་ཁྱིམ་མཚེས་རྒྱལ་ཁབ། ཁྱད་པར་དུ་གངས་རིས་བསྐོར་བའི་མཐོ་སྒང་གི་ཡུལ་ཁམས་ལ་ཤེས་རིག་ག་ཚོད་ཅིག་དར་ཡོད་པར་བརྟག་ཞིབ་བྱ་རྒྱུ་ནི་གལ་ཆེན་ཞིག་ཏུ་འཁུམས་ཏེ། མིའི་རིགས་ཀྱི་ཤེས་རིག་ནི་ཡར་མར་དུ་རྒྱུན་མཐུད་དང་གཡས་གཡོན་དུ་ཤན་ཞུགས་བྱས་ནས་འཕེལ་རྒྱས་སུ་ཡོང་བ་ནི་ཆོས་ཉིད་ཡིན་པས་སོ། །
1. ཕྱིའི་རྒྱབ་ལྗོངས་བཤད་པ།
འདིར་གཙོ་བོ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཀྱི་གནའ་བོའི་ཤེས་རིག་དང་འབྲེལ་ཡོད་གླིང་ཆེན་ཨ་ཤེ་ཡའི་གནའ་བོའི་ཤེས་རིག་རྣམས་དགོས་དབང་གིས་རགས་ཙམ་གླེང་ན།
༡༽ གནའ་བོའི་ཧྭ་ཞའི་ཤེས་རིག
ཧྭ་ཞ་ཞེས་པ་ནི་རྒྱའི་གནའ་བོའི་འབོད་སྲོལ་ཡིན་ལ། གནའ་རྫས་རྟོག་ཞིབ་སྔོག་འདོན་གྱིས་ཞིབ་འཇུག་བྱས་པ་ལྟར་ན། རྨ་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ས་ཁུལ་དུ། རྡོ་ཆས་སྤྱོད་པའི་དུས་རབས་གསར་བའི་སྐབས་ཀྱི་དབྱང་ཧྲོ་རིག་གནས་(仰韶文化)དང་ལུང་ཧྲན་རིག་གནས(龙山文化)བུད་པས་རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་དང་དེའི་རིག་གནས་ཀྱི་འབྱུང་གནས་ཡིན་ཞེས་བཤད། ཧྭ་ཞའི་ཤེས་རིག་ལ་དུས་ཚོད་ཀྱི་སྟེང་དུ་བཤད་སྲོལ་མང་ཡང༌། སྤྱིར་བཏང་དུ་གོང་དུ་བརྗོད་པའི་རིག་གནས་གཉིས་གཞི་འཛིན་པ་རེད། དབྱང་ཧྲོ་རིག་གནས་ནི1921ལོར་རྙེད་པ་དང༌། དེའི་ལོ་ཚིགས་ནི་ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ5000ནས་ལོ3000བར་ཡིན། དེས་གདོད་མའི་ཞིང་ལས་ཀྱི་མ་རྒྱུད་རུས་རྒྱུད་ཀྱི་སྤྱི་ཚོགས་མཚོན་པ་རེད། ལུང་ཧྲན་རིག་གནས་ནི1928ལོར་རྙེད་པ་དང༌། ད་ལ་ཐུག་གི་བར་དུ་ཕལ་ཆེར་ལོ4350ནས་ལོ3950ཡོད། དེ་ནི་ཞིང་ལས་དང་ལག་ཤེས་བཟོ་ལས། བཟོ་བཀོད་ལས་རིགས། ཟངས་བཞུ་ལས་རིགས་སོགས་ལ་འཕེལ་རྒྱས་མངོན་གསལ་བྱུང་བའམ་ཡང་ན་མགོ་བརྩམས་པར་མཚོན་པའི་བྲན་གཡོག་སྤྱི་ཚོགས་ཤིག་ཡིན། ལུང་ཧྲན་རིག་གནས་ནི་ཀྲུང་གོར་ལི་ཆས་རིག་གནས་བྱུང་གྲུབ་ཀྱི་དུས་སྐབས་ཡིན། སྐབས་འདིའི་ཞིང་ལས་དང་ཕྱུགས་ལས་ནི་དབྱང་ཧྲོ་རིག་གནས་དང་བསྡུར་ན་འཕེལ་རྒྱས་ཆེན་པོ་བྱུང་ཡོད་དེ། ཐོན་སྐྱེད་ཡོ་བྱད་ཀྱི་གྲངས་ཀ་དང་རིགས་ཤིན་ཏུ་མང་ལ། དེའི་དུས་སུ་མོ་འདེབས་པ་སོགས་ཀྱང་རྒྱ་ཆེར་དར་ཡོད་སྐད།
སྤྱི་ལོ་སྔོན་གྱི་དུས་རབས21པར་བྲན་གཡོག་ལམ་ལུགས་ཀྱི་རྒྱལ་ཁབ་དང་པོ་སྟེ་ཞ་རྒྱལ་རབས་བཙུགས་རྗེས། རྒྱའི་བྲན་གཡོག་ལམ་ལུགས་དེ་ལོ་ངོ་1600བརྒྱུད་པ་རེད། ཁྲུན་ཆིའུ་དང་ཀྲན་གོའི་དུས་སུ་གྲུབ་མཐའ་སྣ་མང་བྱུང་ཞིང༌། དུས་སྐབས་དེ་དག་ཏུ་རུས་བརྐོས་ཡི་གེ་བྱུང་ནས་ད་བར་དུ་རྒྱ་ཡིག་ལ་ལོ་སུམ་སྟོང་ལྷག་གི་ལོ་རྒྱུས་ཡོད་པར་བཤད། རྒྱའི་མཁས་པ་ལ་ལས་རྒྱ་ཡིག་ནི་ད་བར་དུ་ལོ6000ལྷག་ཡོད་པའི་པན་ཕོ་དབྱང་ཧྲོ་རིག་གནས་སུ་ཁུངས་འདེད་ཀྱང༌། ཉེ་བའི་ལོ་འགར་མཁས་པ་འགའ་རེས་ཡང་བསྐྱར་ཞིབ་འཇུག་བྱས་པས། པན་ཕོའི་མཚོན་རྟགས་དང་དེའི་རྗེས་སུ་བྱུང་བའི་ཧྲན་ཏུང་ཏ་བིན་ཁིའི་རིག་གནས(大汶口文化)དུས་མཇུག་གི་རྫ་ཆས་སྟེང་བཀོད་པའི་མཚོན་རྟགས་དེ་རྣམས་རྒྱ་ཡིག་གི་བྱུང་གྲུབ་ལ་འབྲེལ་བ་མེད་པ་དང༌། རྒྱ་ཡིག་ནི་དོན་ངོ་མ་སྤྱི་ལོ་སྔོན་གྱི་ཨང་སུམ་སྟོང་ལོའི་དུས་དཀྱིལ་དུ་བྱུང་བར་འདོད། སྤྱི་ལོ་སྔོན་གྱི476ལོར་བྲན་གཡོག་ལམ་ལུགས་མཇུག་སྒྲིལ་ནས་སྤྱི་ལོ་སྔོན་གྱི475ལོར་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་ཞུགས་པ་རེད། སྤྱི་ལོ་སྔོན་གྱི221ལོར་གོང་མ་ཆིན་ཧྲི་ཧོང་གིས་རྒྱལ་ཁབ་དྲུག་གཅིག་གྱུར་བྱས་པས། རྗེས་སུ་ལོ་སྟོང་ཕྲག་གཉིས་ལྷག་ལ་རྒྱུན་མཐུད་བྱུང་པའི་བཀས་བཀོད་རྒྱུད་འཛིན་རྒྱལ་རབས་ཀྱི་སྒེར་གཅོད་རིང་ལུགས་ཏེ་ཀྲུང་དབྱང་གཅིག་སྡུད་ཀྱི་དབང་ཆ་བཙུགས་པ་རེད། ཀྲུང་གོས་དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་འཕེལ་རྒྱུས་ཁྲོད་དུ་འོད་སྟོང་འཕྲོ་བའི་ཤེས་རིག་བསྐྲུན་ཡོད་པ་དང༌། དེ་ལས་ཤོག་བུ་བཟོ་བ་དང་པར་སྐྲུན་ལག་རྩལ། མེ་རྫས། ཕྱོགས་སྟོན་འཁོར་ལོ་བཅས་གསར་གཏོད་བྱས་པ་དེས་འཛམ་གླིང་ཤེས་རིག་གི་འཕེལ་རྒྱས་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་པ་རེད།
༢༽ གནའ་བོའི་ཧིམ་རྡུའི་ཤེས་རིག
གནའ་བོའི་ཧིམ་རྡུའི་ཤེས་རིག་ནི་ཆུ་བོ་སིནྡྷུ་དང་ཆུ་བོ་གང་གཱ་གཉིས་ཀྱི་འགྲམ་ནས་དར་འཕེལ་བྱུང་བ་རེད། ཆུ་བོ་སིནྡྷུའི་འབྱུང་ཁུངས་ནི་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གངས་རི་ཁེ་ལ་སིའི་ཤར་ཕྱོགས་ཡིན་ལ། དེ་ནི་འཛམ་གླིང་སྟེང་གི་ཆེས་རིང་བའི་ཆུ་བོ་ཁྲོད་ཀྱི་གཅིག་ཡིན། ཆུ་བོ་གང་གཱའི་འབྱུང་ཁུངས་ནི་ཧི་མ་ལ་ཡའི་རི་རྒྱུད་ཡིན་ལ། གནའ་སྔ་མོ་ནས་ཧིམ་རྡུའི་ཆོས་པ་རྣམས་ཀྱིས་མཆོད་བཀུར་བྱེད་པ་རེད། 1922ལོར། མི་རྣམས་ཀྱིས་ཧ་ལཱ་པཱའི་ས་ཁུལ་དུ་མཱ་ཧིན་ཙོ་ངྷརྨའི་ཤུལ་རྗེས་རྙེད། ཤུལ་རྗེས་འདི་དག་ནི་ཧིམ་རྡུ་གཙང་པོའི་འབབ་རྒྱུད་དུ་གནས་པས་ཧིམ་རྡུ་གཙང་པོའི་ཤེས་རིག་ཟེར་ཞིང༌། རྒྱུན་ལྡན་དུ“ཧ་ལཱ་པཱ་རིག་གནས”ཀྱང་ཟེར། དེའི་ལོ་ཚིགས་ནི་ཕལ་ཆེར་སྤྱི་ལོ་སྔོན་གྱི་དུས་རབས3པའི་དུས་དཀྱིལ་ཏེ་སྤྱི་ལོ་སྔོན་གྱི2300ལོ་ནས་སྤྱི་ལོ་སྔོན་གྱི1750ལོའི་བར་ཡིན། (བརྟག་དཔྱད་བྱས་པ་ལྟར་ན་ཤུལ་རྗེས་དེ་ཐོག་མར་ལོ་སྟོང་ཕྲག་ལྔའི་སྔོན་ནམ་ཐ་ན་དེ་བས་ཀྱང་སྔ་མོ་ཞིག་ནས་སྐྲུན་མགོ་བཙུགས་པར་བཤད།)
ཆུ་བོ་སིནྡྷུའི་ཤེས་རིག་གི་དུས་སྐབས་དེར་མི་རྣམས་ཀྱིས་ཟངས་དང་ལི་ཆས་ཀྱི་མཚོན་ཆ་བཟོ་ཐུབ་པ་དང༌། ཐོན་སྐྱེད་བྱ་འགུལ་གཙོ་བོ་ནི་ཞིང་ལས་ཡིན། ཞིང་ལས་ཡོ་བྱད་ལ་སྟ་རེ་རིང་བ་དང་དབྱིབས་ཁྲུང་ཁྲུང་གི་མཆུ་ཏོ་དང་འདྲ་བའི་ལི་བཟོས་རྐོ་མ་དང་ཟོར་བ་སོགས་ཡོད། ལྕགས་རིགས་བཙོ་སྦྱངས་དང་རྡུང་བཟོ། ཚ་ལ་མཐུད་སྦྱོར་བྱེད་པ་སོགས་ཀྱི་ལག་རྩལ་ཡང་ཆུ་ཚད་ཅུང་མཐོན་པོར་བསླེབས་ཡོད་པ་དང༌། རྫ་བཟོ་ལས་རིགས་དང་འཁལ་འཐག་ལས་རིགས་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ས་འོག་ནས་བུད་པའི་ཐམ་ཀ་འབོར་ཆེན་གྱི་སྟེང་དུ་ཡི་གེ་དང་རི་མོ་བརྐོས་ཡོད། དེའི་སྟེང་ནས་རྒྱ་གར་ལ་གནའ་དུས་ནས་ཡི་གེ་ཡོད་པ་གསལ་བཤད་བྱས། ཧ་ལཱ་པཱ་ནས་བུད་པའི་གྲོང་ཁྱེར་གྱི་ཤུལ་རྗེས་ལ་བལྟས་ན། འཆར་གཞི་དང་བཟོ་སྐྲུན་གང་གི་ཐད་ནས་ཀྱང་ཆུ་ཚད་ཤིན་ཏུ་མཐོན་པོར་སླེབས་ཡོད་པར་བཤད། ཕལ་ཆེར་སྤྱི་ལོ་སྔོན་གྱི1750ལོའི་རྗེས་ནས་ཧིམ་རྡུ་ཆུ་བོའི་ཤེས་རིག་དེ་རིམ་བཞིན་ཉམས་རྒུད་དུ་སོང་བ་རེད། ཧ་ལཱ་པཱ་རིག་གནས་ཉམས་རྒུད་དུ་གྱུར་རྗེས་ཧིམ་རྡུའི་ནུབ་བྱང་ནས་རྒོལ་འོངས་པའི་འབྲོག་པའི་མི་རིགས་ཡཱ་ལེ་ཨན་གྱི་མི་རྣམས་ཕལ་ཆེར་སྤྱི་ལོ་སྔོན་གྱི2000ལོ་ཡས་མས་སུ་ཧིམ་རྡུའི་ནུབ་བྱང་དུ་ཡོང་ནས་རིམ་བཞིན་ལྷོ་ཕྱོགས་སུ་རྒྱ་བསྐྱེད། དེའི་རྗེས་ནས་བགྲང་དུ་མེད་པའི་འཐབ་འཁྲུག་དང་མི་རིགས་གཞན་པས་ཡང་ཡང་རྒོལ་བས་གནའ་རབས་ཀྱི་རྒྱལ་ཁབ་འདི་ཉིད་སིལ་བུར་ཐོར་ཞིང་ལོ་རྒྱུས་ཀྱི་ཆུ་རྒྱུན་ནང་རྒྱལ་རབས་མི་ཉུང་བ་ཞིག་ཆག་འཇིག་བྱུང་ལ། དེའི་ནང་དུ་རྨ་བྱའི་རྒྱལ་རབས་ནི་གནའ་བོའི་རྒྱ་གར་ན་ཆེས་སྟོབས་ལྡན་གྱི་རྒྱལ་རབས་ཤིག་ཡིན་ཞིང༌། རང་རེ་ལ་གསལ་ཆ་ཆེ་བའི་རྒྱལ་བོ་མྱ་ངན་མེད་ཀྱང་རྒྱལ་རབས་འདིའི་ནང་དུ་བྱོན་པ་རེད།
མདོར་ན་གནའ་བོའི་རྒྱ་གར་ནི་རྩོམ་རིག་དང་མཚན་ཉིད་རིག་པ། རང་བྱུང་ཚན་རིག་སོགས་ཀྱི་ཕྱོགས་ནས་མིའི་རིགས་ཀྱི་ཤེས་རིག་ལ་ཁྱད་དུ་འཕགས་པའི་བྱས་རྗེས་བཞག་ཡོད་པ་དཔེར་ན“0”ནས“10”བར་གྱི་གྲངས་རྟགས་གསར་གཏོད་བྱས་པ་སྟེ། ད་ལྟ་འཛམ་གླིང་གིས་སྤྱོད་པའི་གྲངས་རྩིས་ལེན་ཐབས་ཨ་རབ་ཀྱི་གྲངས་ཀ་འདི་དོན་དམ་པར་རྒྱ་གར་ནས་བྱུང་བ་ཡིན་ཞིང་རྗེས་ནས་ཨ་རབ་ལ་དར་ཏེ་ས་ཀུན་ལ་ཁྱབ་པ་རེད། སངས་རྒྱས་ཆོས་ལུགས་ཀྱང་སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པའི་ནང་བྱུང་ཞིང་ད་ལྟ་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་ཁྲོད་ཀྱི་གཅིག་ཏུ་གྱུར་ཡོད་པ་ལྟ་བུ་རེད།
༣༽ ཆུ་གཉིས་ཤེས་རིག
པཱ་པུ་ལང་ཤེས་རིག་ལ་ཆུ་གཉིས་ཤེས་རིག་ཀྱང་ཟེར་ཞིང༌། དེའི་འབྱུང་ཡུལ་ནི་ཆུ་བོ་ཏེ་ཀུ་ལི་སི་དང་ཆུ་བོ་ཡུག་ཧྥ་ར་ཐེ་གཉིས་བར་དུ་གནས་པའི་སི་མེར་ཞེས་པའི་ས་ཁུལ་ཡིན། གནའ་བོའི་ཞི་ལའི་མི་རྣམས་ཀྱིས་ཆུ་བོ་གཉིས་འབབ་པའི་ས་ཁུལ་དེར“མེ་སོ་པུ་ཏ་མུ་ཡ”ཞེས་ཟེར་ལ། མེ་སོ་པུ་ཏ་མུ་ཡ་དེ་ཁག་གཉིས་སུ་དབྱེ་སྟེ། ལྷོ་ཕྱོགས་ལ་པཱ་པུ་ལང་ཉི་ཡ་ཟེར་ཞིང༌། བྱང་ཕྱོགས་ལ་ཡ་ཧྥི་ཟེར། དེ་གཉིས་ནི་དེང་གི་དབྱི་ལ་ཁུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན། ཆུ་གཉིས་ཤེས་རིག་གི་དུས་རབས་སུ་གནས་པའི་ཆེས་སྔ་བའི་སྡོད་མི་ནི་སི་མེར་གྱི་མི་ཡིན། ཁོ་ཚོ་སྤྱི་ལོ་སྔོན་གྱི་ལོ་4000སྔོན་དུ་གནས་འདིར་ཡོང་པས་ས་དེའི་ཤེས་རིག་ཐོག་མ་ནི་ཁོ་ཚོས་བསྐྲུན་པ་རེད། རྗེས་སུ་ཨ་ཁ་ཏེ་མི་དང་པཱ་པུ་ལང་མི། ཡ་ཧྥི་མི། ཀ་ལེ་ཏེ་མི་རྣམས་ཀྱིས་སི་མེར་གྱི་མི་རྣམས་ཀྱིས་བསྐྲུན་པའི་གྲུབ་འབྲས་དེ་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་ཞིང༌། དེའི་ཁྲོད་དུ་པཱ་པུ་ལང་མིའི་གྲུབ་འབྲས་ཆེས་ཆེ་སྟབས། ཆུ་གཉིས་ཤེས་རིག་ལ་པཱ་པུ་ལང་ཤེས་རིག་ཀྱང་ཟེར། ཆུ་གཉིས་ཤེས་རིག་ནི་བྱུང་སྔ་སྟེ། དཔེར་ན་ཧ་སོ་ནཱ་རིག་གནས་དུས་མཇུག་གི་ས་མར་ར་རིག་གནས་ཀྱི་ལོ་ཚིགས་ནི་ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ་སྟོང་ཕྲག་དྲུག་ནས་ལོ་སྟོང་ཕྲག་ལྔའི་བར་ཡིན། ས་མར་རའི་ཤུལ་རྗེས་ནི1911ལོར་འཇར་མན་གྱི་མཁས་པE•ཧི་ཚིར་ཏེ(1879˗1948)བྱ་བས་རྙེད་པ་རེད། རིག་གནས་ཤུལ་རྗེས་དེའི་ཁྱད་ཆོས་ནི་གྲོང་སྡེའི་གཞི་ཁྱོན་ཆེ་ཞིང་ཐུན་མོང་མིན་པའི་ས་ཕག་གིས་བསྐྲུན་པའི་བཟོ་སྐྲུན་དང་སྔོན་ཐོན་གྱི་ཆུ་འདྲེན་སྒྲིག་བཀོད་རྣམས་ཡིན། ལག་ཤེས་བཟོ་ལས་ཀྱང་ཤིན་ཏུ་དར་རྒྱས་ཆེ་ཞིང༌། ཚོན་མདོག་ལྡན་པའི་རྫ་ཆས་ལག་རྩལ་མཐོ་ཞིང་དེའི་དུས་སུ་ཟངས་ཆས་ཀྱང་བྱུང་ཡོད།
སྤྱི་ལོ་སྔོན་གྱི4000ལོ་ནས་སྤྱི་ལོ་སྔོན་གྱི2250ལོའི་བར་གྱི་དུས་སྐབས་དེ་ནི་ཆུ་གཉིས་ཤེས་རིག་གི་ཡང་རྩེ་ཡིན། སྤྱི་ལོ་སྔོན་གྱི་སུམ་སྟོང་ལྔ་བརྒྱའི་ལོ་ཡས་མས་སུ་ཆུ་གཉིས་སྨད་རྒྱུད་དུ་འཚོ་བའི་སི་མེར་གྱི་མི་རྣམས་ཀྱིས་མཚོན་དོན་དང་བསྟན་དོན་བརྡ་རྟགས་ཀྱི་འདྲ་གཟུགས་ཡི་གེ་གསར་གཏོད་བྱས། ཡི་གེ་དེ་དག་ནི་མང་ཤོས་སོ་ཕག་དང་རྡོ། འདམ་གྱིས་བཟོས་པའི་པང་ལེབ་སྟེང་དུ་བརྐོས་ཤིང་ཡིག་གཟུགས་ཀྱི་དབྱིབས་ཁྱིའུ་དང་འདྲ་པས་ཡོངས་གྲགས་སུ་ཁྱིའུ་དབྱིབས་ཡི་གེ་ཟེར། ཡི་གེ་དེ་བྱུང་བ་ནས་བཟུང་ཆུ་གཉིས་འབབ་ཡུལ་དེ་ལོ་རྒྱུས་དུས་རབས་སུ་ཞུགས་པ་རེད། སྤྱི་ལོ་སྔོན་གྱི3000ལོ་ནས་ཁྱིའུ་དབྱིབས་ཡི་གེ་དེས་འཛམ་གླིང་ན་ཆེས་སྔ་བའི་ལོ་རྒྱུས་སྙན་ངག«ཅུར་ཀཱ་མེ་ཧྲི»ཞེས་པ་དེ་བརྩམས་གྲུབ་བྱས་ཡོད། རང་བྱུང་ཚན་རིག་གི་ཕྱོགས་ནས་སི་མེར་མི་རྣམས་ཀྱིས་གནའ་རྩིས་ཤིག་གསར་གཏོད་བྱས་ཤིང༌། ཁོ་ཚོས་ཟླ་བའི་འཕེལ་འགྲིབ་ལ་ཚད་བཟུང་སྟེ་ལོ་གཅིག་ཟླ་བ་བཅུ་གཉིས་སུ་བགོས་ཤིང་བསྡོམས་པས་ཉི་མ354ཡོད་པ་དང༌། དུས་ཚོད་གཅིག་སྐར་མ60ལ་བགོས་པ་དང༌། ཉི་མ7གཟའ་འཁོར་གཅིག་ལ་གཏན་འཁེལ་བྱས། གནའ་བོའི་པཱ་པུ་ལང་སྟེ་མེ་སོ་པུ་ཏ་མུ་ཡའི་གྲངས་རིག་དང་གྲངས་རྩི་ཤིན་ཏུ་དར་རྒྱས་ཆེ་སྟེ། ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ་ཆིག་སྟོང་བརྒྱད་བརྒྱའི་དུས་ནས་པཱ་པུ་ལང་མིས་གྲངས10དང་གྲངས16དང་གྲངས60སོགས་ཀྱི་གནས་སྤར་ཐབས་གསར་གཏོད་བྱས་པ་མ་ཟད། རྒྱུ་གཅིག་ཐེངས་གཉིས་ཀྱི་མཉམ་བྱའང་འགྲེལ་ཐུབ། ཁོ་ཚོས་སྒོར་དབྱིབས་དེ་ཏོའུ360ལ་བགོས་ཤིངπནི་གྲངས་ཀ3ལ་ཉེ་བ་རྟོགས་ཡོད། ཁོ་ཚོས་དེ་ལྟ་བུའི་གྲངས་རིག་ཕྱོགས་ཀྱི་རྩི་ཐབས་མང་པོ་ཞིག་ཁོང་དུ་ཆུད་ཡོད། བཟོ་སྐྲུན་ལག་རྩལ་གྱི་ཕྱོགས་ནས་པཱ་པུ་ལང་མིས་སྤྱི་ལོ་སྔོན་གྱི་ལོ་སུམ་སྟོང་ནས་བཟུང་མཆོད་རྟེན་བརྩིགས་པ་དང༌། གནའ་བོའི་པཱ་པུ་ལང་གི་བར་སྣང་གི་མེ་ཏོག་གླིང་ཀ་དེ་ནི་སྙན་གྲགས་ཆེ་བའི་འཛམ་གླིང་གི་ངོ་མཚར་ཆེ་བའི་གཟིགས་ལྗོངས་བདུན་ཁྲོད་ཀྱི་གཅིག་ཡིན། སྤྱི་ལོ་སྔོན་གྱི2170ལོ་ནས་སྤྱི་ལོ་སྔོན་གྱི2006ལོར་བུའུ་ཨར་གྱི་སོ་མེར་མིས་རྒྱལ་རབས་གསུམ་པ་བཙུགས་ཏེ་འཛམ་གླིང་ན་ཡི་གེས་གྲུབ་པའི་ཁྲིམས་གཞུང་དང་པོ་སྟེ«བུའུ་ཨར་ནཱ་མུ་ཁྲིམས་གཞུང»ཞེས་པ་དེ་གཏན་འཁེལ་བྱས།
སྤྱི་ལོ་སྔོན་གྱི་དུས་རབས་བཅུ་དགུའི་ནང་ཨ་མོའུ་ལེ་མིས་སི་མེར་མིས་བཙུགས་པའི་བུའུ་ཨར་རྒྱལ་རབས་གསུམ་པ་དེ་བཅོམས་ཏེ་པཱ་པུ་ལང་རྒྱལ་བོའི་རྒྱལ་ཁབ་བཙུགས། སྤྱི་ལོ་སྔོན་གྱི1792ལོར་རྒྱལ་རབས་དྲུག་པ་ཧན་མུ་ར་པི(སྤྱི་ལོ་སྔོན་གྱི1792ནས་སྔོན་གྱི1750ལོ)རྒྱལ་སར་བཀོད། རྒྱལ་པོ་འདིས་སི་མེར་མི་དང་ཨ་ཁ་ཏེ་མི་རྣམས་དབང་དུ་བསྡུས་ཏེ་མེ་སོ་པུ་ཏ་མུ་ཡ་བདེ་ཐང་གཅིག་གྱུར་བྱས། ལོ་རྒྱུས་སུ་དེ་ལ་པཱ་པུ་ལང་རྒྱལ་བོའི་རྒྱལ་ཁབ་ཅེས་གྲགས། (ཕལ་ཆེར་སྤྱི་ལོ་སྔོན་གྱི1894ནས་སྔོན་གྱི1595ལོ)དུས་སྐབས་དེར་ཁྱབ་བསྒྲགས་བྱས་པའི«ཧན་མུ་ར་པི་ཁྲིམས་གཞུང་»ཞེས་པ་དེ་ནི་གནའ་བོའི་གླིང་ཆེན་ཨ་ཤེ་ཡའི་ནུབ་ཕྱོགས་ན་འཐུས་ཅུང་ཚང་བའི་ཁྲིམས་གཞུང་དང་པོ་ཡིན། སྤྱི་ལོ་སྔོན་གྱི605ལོར་པཱ་པུ་ལང་རྒྱལ་བོའི་རྒྱལ་ཁབ་གསར་བ་དེས་ཡཱ་ཧྥི་མངའ་འོག་ཏུ་བཅུག མཐར་སྤྱི་ལོ་སྔོན་གྱི538ལོར་དབྱི་ལང་མཐོ་སྒང་དུ་ཡོད་པའི་པར་སུག་གིས་དབང་དུ་བསྡུས་པ་ནས་གནའ་བོའི་ཆུ་གཉིས་ཤེས་རིག་གི་རྒྱུན་ཡང་ཆད་པ་རེད།
2. ནང་གི་རྒྱབ་ལྗོངས་བཤད་པ།
1977ལོར་ཆབ་མདོའི་ཨར་འདམ་བཟོ་གྲྭའི་ནང་དུ་ས་རྒྱ་སྨི་གྲུ་བཞི་མ་ཁྲི1ཡོད་པའི་གནའ་བོའི་མཁར་ཤུལ་ཅིག་སྔོག་ཐོན་བྱུང་བ་རེད། དེ་ནི་ཡོངས་སུ་གྲགས་པའི་ཁ་རུབ་རིག་གནས་ཀྱི་ཤུལ་རྗེས་རེད། ཁ་རུབ་ཅེས་པ་ནི་ཆབ་མདོའི་ནུབ་ལྷོའི་ཕྱོགས་ཀྱི་སྤྱི་ལེ12ན་ཡོད་པའི་ཁ་རུབ་གྲོང་སྡེའི་ཉེ་ས་ན་ཡོད་པས་མིང་དེ་ལྟར་ཐོགས། དེའི་ཕྱི་ལོ་ནས་གནའ་རྫས་རྟོག་ཞིབ་མི་སྣས་ལོ་ངོ་གཉིས་རིང་ལ་ཚན་རིག་གིས་སྔོག་འདོན་དང་རྟོག་ཞིབ་བྱས་པས། ཁང་ཤུལ28བུད། ཁང་པ་དེ་དག་ནི་རྒྱུ་ཆ་རྡོ་ཡིན་པ་དང་ས་ཐོག་གི་ཁང་པའི་དབྱིབས་གྲུ་བཞི་དང་གྲུ་བཞི་ནར་མོ་ཡིན་ཞིང༌། ཁང་པ་ཁག་ཅིག་ཕྱེད་ས་ཕུག་ཡིན་པ་དང་དེ་དག་གི་དབྱིབས་ནི་སྒོར་མོ་དང་གྲུ་བཞི་ཡིན་ཀྱང༌། ཁང་པའི་ཞབས་སྒོར་མོ་ཡིན། ཕྱེད་ས་ཕུག་ཡིན་པའི་ཁང་པ་ཆེན་པོ་ཞིག་གི་དཀྱིལ་དུ་ཀ་དུང་ཡོད་པར་བལྟས་ན་ཕལ་ཆེར་དེ་ནི་བརྩེགས་རིམ་ཅན་གྱི་བཟོ་སྐྲུན་ཞིག་ཡིན་ཞེས་གནའ་དཔྱད་པས་འདོད་ལ། ཁང་པ་མང་ཤོས་ཀྱི་ཐང་ལ་རྩྭ་བསྲེས་པའི་འདམ་སྲེག་གི་ས་བཏིང་ཡོད། ཡང་ཁང་པ་ལ་ལ་ཞིག་གི་ཐང་ལ་ཤིང་སྡོང་རིམ་པ་གཅིག་ནས་ཉིས་བརྩེགས་ཤིག་ཡོད་པར་བལྟས་ན་དེའང་ཁང་བརྩེགས་ཤིག་བརྡིབས་སོང་བ་ཨེ་ཡིན་སྙམ་ལ། ཁང་པའི་དཀྱིལ་དུ་དབྱིབས་གྲུ་བཞི་དང་སྒོར་མོའི་ཐབ་ཀ་ཡང་ཡོད། བཟོ་སྐྲུན་དེ་དག་ལས་གཞན་ད་དུང་རྡོ་བཟོས་ལག་ཆ6000ལྷག་བུད་པ་དང་རུས་བཟོས་ཡོ་བྱད366དང༌། འབྲུ་རིགས་ལ་མ་རྨོས་ལོ་ཏོག་མང་པོ་བུད། གཞན་རྫ་ཆས་ཆག་ཀྲུམ་ཡང་ཡོད། རྡོའི་སྟ་རེ་ཆེན་པོ་ཞིག་ཀྱང་བུད་ལ། འཛམ་གླིང་གི་གནའ་དཔྱད་སྨྲ་བ་རྣམས་ཀྱིས་དེ་ནི་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་བའི་ཆེས་མཐོའི་དབང་ཆའི་མཚོན་བྱེད་ཡིན་པར་འདོད། ཁ་རུབ་ཀྱི་མཁར་ཤུལ་འདིའི་དུས་ཡུན་ནི་ལོ་སྟོང་ཕྲག་ལྔ་ནས་བཞི་བར་ཡིན་པ་གསལ་ཐག་བཅད་ཡོད།② ང་ཚོས་མིག་གི་མཐོང་རྒྱ་དེ་ཆབ་མདོའི་ཁ་རུབ་ནས་སྤོས་ཏེ་སྤྱིར་མཚོ་བོད་མཐོ་སྒང་འདིར་བལྟས་ཚེ། ཡུལ་ཤུལ་གྱི་ཨ་ཆེན་གངས་རྒྱབ་དང་དམར་ཆུའི་འགྲམ་གྱི་གཞོང་ས་ནས་ཀྱང་ལོ་ཁྲི་གཅིག་སྔོན་གྱི་གནའ་བོའི་རིག་གནས་ཀྱི་ཤུལ་རྗེས་རྙེད། སྐབས་དེར་ཁོ་ཚོས་སྲོག་ཆགས་འཚོས་ཏེ་ཕྱུགས་ལས་ཐོན་སྐྱེད་གཉེར་བཞིན་ཡོད། ཚྭ་འདམ་གཞོང་སའི་ཐ་ལི་ཐ་ཧ(塔里塔哈)ནས་བུད་པའི་རིག་དངོས་ཀྱིས་ལོ3000སྔོན་དུ་གནས་འདིར་ཕྱུགས་ལས་ཐོན་སྐྱེད་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་ར་སྤྲོད་བྱས། དཔེར་ན་རྡེའུ་འབུམ་ཐང་ཆུ་བོ་ནོ་མུ་ཧོ(诺木洪河)འགྲམ་དུ་གྱང་དང་ཤིང་ཆས་བསྐྲུན་པའི་ཁང་པ11ཡོད་པ་སྟེ། དབྱིབས་གྲུ་བཞི་དང་ཟླུམ་པོ་ཡོད་པ་རྣམས་གྲལ་བསྒྲིགས་ནས་ཡོད་ཅིང༌། དེ་དང་མི་རིང་བའི་སར་ཕྱུགས་ར་ཞིག་ཡོད་པ་དང་དེའི་སྒོ་ནི་ཤིང་ཆ་ཡིན་ལ། ནང་དུ་ལུག་དང་ནོར། རྔ་མོང༌། རྟ་སོགས་ཡོད། དེའི་གྲུ་ཟུར་ན་རྒྱུ་རུས་པ་དང་རྡོ། ཟངས་ཡིན་པའི་ཐོན་སྐྱེད་ལག་ཆ་སྣ་ཚོགས་བཞག་ཡོད། ལྷས་རའི་ནང་དུ་ཤིང་རྟ་འཁོར་ལོ་ཆེན་པོ་ཞིག་ཀྱང་ཡོད། ཁྱིམ་དེའི་ནང་དུ་མཚོན་རིས་མཛེས་ཤིང་དབྱིབས་ལེགས་པའི་རྫ་ཆས་བཤམས་ཡོད་པ་དང༌། མིག་གིས་མཐོང་ས་ཞིག་ན་རྫ་བཟོས་ནོར་གཟུགས་ཤིག་ཀྱང་ཡོད། ཕྱུགས་ར་དེའི་བདག་པོ་ནི་ཕོ་མོ་རྒན་གཞོན་སུ་ཡིན་ཀྱང་མཚོན་དང་ལྡན་པའི་བལ་ཐགས་ལྭ་བ་གྱོན་ཡོད་ཅིང༌། དེ་དག་གི་མདོག་ནི་སེར་པོ་དང་སེར་ནག་གཙོ་ཡིན་ཞིང༌། མདོག་ནག་པོ་དང་དམར་པོ། ནག་པོ། སྔོན་པོ། སྐྱ་མདོག་གི་དྲང་ཐིག་རྣམས་བསྲེས་མ་ཡིན་པ་དང༌། སྐ་རགས་ནི་མདོག་དང་ལྡན་པ་དང་ལྷམ་གོ་ལྷམ་གྱོན་པ། བུད་མེད་རྣམས་ཀྱིས་རྡོ་དང་རུས་པ། སོ་དང་ཉ་ཕྱིས་སྐོག་གིས་བཟོས་པའི་རྒྱན་ཆ་འདོག་པ་དང༌། རྡོ་བཟོས་འཁོར་ལོས་སྐུད་པ་ཐེགས་པ་དང་ཕོ་རྣམས་ཀྱིས་སྐུད་པ་འཁལ་པ་རེད།③ཡང་1923ལོར་མཚོ་སྔོན་ཙོང་ཁའི་ཡུལ་གྱི་ཁ་ཡོག་ནས་རྙེད་པའི་ཁ་ཡོག་རིག་གནས་ཁྲོད་ཀྱི་ལི་ཆས་སྐོར་ལ། གློ་གྲི་དང་ཟོར་བ། མདུང་རྒོད། མདུང༌། སྟ་རེ། དྲིལ་བུ། མདའ་མགོ་དང་མེ་ལོང་སོགས་ཡོད། རྒྱན་ཆའི་སྐོར་ལ་མུ་ཏིག་དང་གཡུ། རྟ་ཀླད། གཡང་ཊི་སོགས་ཡོད། གཞན་རྡོ་ཆས་ཀྱི་ཐོན་སྐྱེད་ལག་ཆ་དང་འབྲུ་རིགས། རྟ་ནོར་ལུག་གསུམ་སོགས་སྲོག་ཆགས་ཀྱི་ཏོ་མ་དང༌། མཚོན་མདོག་དབྱིག་པའི་རྫ་ཆས་ཀྱི་སྟེང་དུ་ཟུར་གསུམ་དང་རླབས་རིས། དྲ་བ། སྲོག་ཆགས་ཀྱི་རིས་དང་ཉིས་ཐིག་གི་གཟེ་རིས་སོགས་བྲིས་ཡོད། ཁ་ཡོག་རིག་གནས་ནི་ད་ལྟའི་བར་ལོ3000ནས4000གྱི་ལོ་རྒྱུས་ཡོད།④
གོང་གི་གནའ་བོའི་རིག་གནས་ཀྱི་ཤུལ་རྗེས་ལས་མཚོ་བོད་མཐོ་སྒང་འདི་ཡང་ཡུལ་ཁམས་གཞན་དང་འདྲ་བར་འགྲོ་བ་མིའི་རིགས་བྱུང་བ་ནས་རང་བྱུང་ཁམས་ཀྱི་འཐབ་རྩོད་ཁྲོད་ནས་རང་ཉིད་ཀྱི་བློ་གྲོས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཚམ་པའི་རིག་གནས་གསར་སྐྲུན་བྱས་ཡོད་པ་མཚོན། འདིར་ང་ཚོས་ཤེས་དགོས་པ་ཞིག་ལ་གོང་གི་ཁ་རུབ་རིག་གནས་སོགས་ཀྱིས་མཚོན་པའི་གནའ་ཤུལ་དེ་དག་ནི་ད་ནས་ཡར་བརྩིས་ན་ལོ་སྟོང་ཕྲག་ལྔ་ཡས་མས་ཤིག་ལས་མ་འདས་ཤིང༌། དེ་ནི་སྤྱིར་བོད་ཁམས་ལ་མཚོན་ན་ས་ཁུལ་འགའ་རེའི་རིག་གནས་མཚོན་པ་མ་གཏོགས་ཡོངས་ཁྱབ་ཤེས་རིག་གི་ཆུ་ཚད་དེ་ཡིན་པའི་ངེས་པ་མ་མཆིས་ཏེ། ས་ཁུལ་གཞན་དག་སྐོར་ཞིག(དཔེར་ན་ཞང་ཞུང་)དུས་ཡུན་དེ་ལས་ཀྱང་སྔ་ཞིང་ཤེས་རིག་གི་ཚད་མཐོན་པོ་མིན་པའང་སུས་ཀྱང་བརྗོད་དཀའ་བ་རེད། སྐབས་འགར་དུས་སྐབས་གཅིག་དང་མངའ་ཁོངས་གཅིག་ཡིན་པའི་ཡུལ་དང་གྲོང་གི་བར་རིག་གནས་ཀྱི་ཧེ་བག་ཆེན་པོ་བརྒྱུགས་པའང་མཐོང་ཆོས་སུ་སྣང་ངོ༌། །དེ་ལྟར་དུ་མཁས་པ་ལྡེའུས་མཛད་པའི«རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ»ལས་ཀྱང་། “དང་པོ་གནོད་སྦྱིན་ནག་པོ་ཞེས་བྱ་བ་བྱུང་སྟེ། །ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་བྱ་བར་བཏགས། །ལག་ཆར་མདའ་གཞུ་འཕེན་པ་དེ་ནས་བྱུང༌། །གཉིས་པ་རེ་སྡེ་མགོ་གཡག་བདུད་ཀྱིས་བྱས། །ཡུལ་གྱི་མིང་ཡང་བདུད་ཡུལ་གླིང་དགུ་ཟེར། །སྟ་རེ་དགྲ་སྟ་དུས་དེར་ལག་ཆར་བྱུང༌། །གསུམ་པ་གཉའ་རིང་ཕྲག་མེད་སྲིན་གྱིས་བྱས། །ཡུལ་གྱི་མིང་ཡང་ནག་པོ་དགུ་དུལ་ཟེར། །ལག་ཆར་སྲིན་མོ་རྐང་དང་སྒྱོགས་གཉིས་བྱུང༌། །བཞི་བ་དམར་འཇམ་ཞེས་བྱ་ལྷ་ཡིས་བྱས། །ཡུལ་གྱི་མིང་ནི་ལྷ་ཡུལ་གུང་ཐང་ཟེར། །ལག་ཆ་ཁ་ཊཾ་རྩེ་གསུམ་དེ་ནས་བྱུང༌། །ལྔ་བ་ཀླུ་དབང་བྱས་ངམ་བྲང་ཅང་བྲང་ཟེར། །ལག་ཆ་མདུང་ལ་བྱེད་པ་དེ་ནས་བྱུང༌། །དྲུག་པ་འདྲེས་བྱས་དབང་ལིང་ཏང་ལིང་ཏང་ཟེར། །ལག་ཆར་རྒྱུག་པ་སྐྱོག་ཅན་དེ་ནས་བྱུང༌། །བདུན་པ་མ་སངས་སྤུན་དགུའི་དབང་བྱས་ཏེ། །ཡུལ་གྱི་མིང་ནི་བོད་ཁམས་གཡུང་དྲུག་ཟེར། །ལག་ཆར་དོར་རལ་ཕུབ་ཆུང་དེ་ནས་བྱུང༌། །བརྒྱད་པ་ཀླུས་དབང་བྱས་བོད་ཁམས་གླིང་དགུར་བཏགས། །དགུ་པ་མི་མ་ཡིན་གྱི་དབང་བྱས་ཏེ། །ཡུལ་གྱི་མིང་ནི་ངམ་ཡུལ་ནག་པོར་བཏགས། །བཅུ་པ་ཟ་རིད་སྤུན་དྲུག་དག་གིས་དབང་བྱས་ཏེ། །ཡུལ་གྱི་མིང་ལ་སྟོང་སྡེ་བཅོ་བརྒྱད་ཟེར། །བཅུ་གཅིག་རྒྱལ་ཕྲན་བཅུ་གཉིས་དབང་བྱས་སྐད། །ཀུན་གྱི་ཐ་མར་སིལ་མ་བཞི་བཅུ་བྱས། །ཡུལ་གྱི་མིང་ནི་བཟང་ཡུལ་གྱད་དུ་བཏགས། །”ཞེས་དབང་མཛད་བཅུའི་སྐབས་དེའི་ལག་ཆར་མདའ་གུ་དང་སྟ་རེ་དགྲ་སྟ། སྲིན་མོ་རྐང་དང་སྒྱོགས། ཁ་ཊཾ་རྩེ་གསུམ། མདུང༌། རྒྱུག་པ་སྐྱོག་ཅན། དོར་རལ་ཕུབ་ཆུང་སོགས་ཡོད་པ་དེའི་སྟེང་ནས་ཀྱང་སྐབས་དེའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་མཚོན་ཐུབ་པ་རེད། འོན་ཀྱང་དཔའ་བོ་གཙུག་ཕྲེང་གིས་དབང་མཛད་བཅུའི་རྗེས་ནས་ད་གཟོད་འགྲོ་བ་མི་བྱུང་ཚུལ་གསུངས་པ་ནི་ཚན་རིག་དང་རྒྱབ་འགལ་དུ་སོང་ཡོད་ཚུལ་གོང་ནས་བཤད་ཟིན་པ་ལྟར་རོ། །
དོན་དུ་བོད་ཀྱི་ཡུལ་ཁམས་འདི་ན་འགྲོ་བ་མི་ཡོད་ནས“བདུད”དང་“གནོད་སྦྱིན”ལ་སོགས་ཀྱིས་དབང་བྱས་པ་མ་གཏོགས་མི་མེད་ན་“གནོད་སྦྱིན”དང་“འདྲེ”སོགས་མི་མ་ཡིན་ལ་མདའ་གཞི་དང་སྟ་རེ་དགྲ་སྟ་སོགས་དར་བའང་འགལ། དེ་བཞིན་དུ་དཔལ་ཚུལ་གྱི«གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས»⑤ལས་ཀྱང་“བོད་ཡུལ་མ་སང་སྤུན་དགུས་དབང་བྱས་ཏེ། །ཡུལ་མིང་བོད་ཁམས་གཞུང་དྲུག་ཅེས་སུ་གྲགས། །སྔ་རྟགས་མདའ་མདུང་མཚོན་ཆ་བརྩེ་བ་དང༌། །བཞོན་པ་ཞོན་དང་དངོས་པོ་ཉོ་ཚོང་བྱུང༌། །དེ་རྗེས་ཟ་རམ་སྐྱེས་དྲུག་གིས་དབང་བྱས། །ཡུལ་མིང་བོད་ཡུལ་སྟོང་སྡེ་བཅོ་བརྒྱད་ཅེས། །སྔ་རྟགས་མགོ་རྒྱན་རྣ་ཆ་འདོགས་པ་དང༌། །གླུ་གར་རོལ་རྩེད་དགའ་སྟོན་བྱེད་པ་བྱུང༌། །དེ་རྗེས་རྒྱལ་ཕྲན་བཅུ་གཉིས་དབང་བྱས་ཏེ། །ཡུལ་མིང་བོད་ཡུལ་སྦ་ཁ་ཆེ་བརྒྱད་ཅེས། །སྔ་རྟགས་ཕྱག་དང་ཞེ་ས་བྱེད་པ་དང༌། །སྔར་གྱི་སྒྲུང་གཏམ་ཕྱིས་མིས་བཤད་པ་བྱུང༌། །དེ་རྗེས་དེར་གྱེས་རྒྱལ་ཕྲན་སིལ་མ་ནི། །བཞི་བཅུའི་བར་འཕེལ་བོད་ཁམས་གླིང་དགུ་ཞེས། །སྔ་རྟགས་བོན་ལ་སྐྱབས་གསོལ་ཐར་བ་བསྒྲུབ། །ལྷ་རྟེན་བརྩེགས་ཤིང་རྟེན་གསུམ་བཞེངས་པ་བྱུང༌། །དུས་རབས་དེ་བཞིའི་རིང་ལ་རིམ་བཞིན་དུ། །ལྕགས་རིགས་རྙེད་ཅིང་རྡོ་བཟོ་ཤིང་གཅོད་ཤེས། །སྤུ་བྲེག་ཐག་ཚེམ་ཞིང་འདེབས་སོགས་ཤེས་དུས། །འབྲོག་དང་ཡུལ་པ་ཞེས་པའི་སྲིད་པ་བྱུང༌། །དེ་ནས་སྤུ་རྒྱལ་བཙན་པོས་དབང་མཛད་དེ། །རྗེ་ལ་སྔ་བ་གཉའ་ཁྲི་བཙད་པོ་དང༌། །ཡུལ་ལ་སྔ་བ་ཡར་ལུང་སོག་ཁ་ཞེས། །ཡུལ་གྱི་མིང་ནི་བོད་ཡུལ་རུ་བཞིར་གྲགས། །”ཞེས་གསུངས་པ་འདི་དག་ང་ཚོས་གོང་གི་གནའ་རྫས་རྟོག་ཞིབ་བྱས་པའི་རིག་གནས་དང་གོ་བསྡུར་ཚེ་ལོ་སྟོང་ཕྲག་གསུམ་ནས་ལྔའི་ནང་དུ་མཚོ་བོད་མཐོ་སྒང་འདིར་ཞིང་ཕྱུགས་ལས་ཐོན་སྐྱེད་དར་ཞིང་བཟོ་སྐྲུན་གྱི་ཕྱོགས་ནས་ཀྱང་བརྩེགས་རིམ་ཅན་གྱི་སྡོད་ཁང་སྐྲུན་ཐུབ་པ། མདའ་མདུང་སོགས་ལྕགས་ཆས་སྣ་ཚོགས་བཟོ་བ། དངོས་པོ་ཉོ་ཚོང་སོགས་བྱས་ཏེ་ཚོང་ལས་དར་བ། ལྷ་མཆོད་གནམ་མཆོད་སོགས་བྱ་འགུལ་འདྲ་མིན་སྣ་ཚོགས་སྤེལ་ཏེ་ཆོས་ལུགས་དར་བ། གླུ་གར་རོལ་རྩེད་རི་མོ་ལྷ་རྟེན་སོགས་སྒྱུ་རྩལ་དར་ཏེ་ཤེས་རིག་གི་དུས་སྐབས་ཤིག་ཏུ་འཕེལ་ཡོད་པ་མཚོན། བོད་ཀྱི་ལོ་རྒྱུས་ལས་བཤད་པའི་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་བཞི་བཅུ་ཡང་འདིའི་སྐབས་ཡིན་པ་མངོན།
དེས་ན་ལོ་ལྔ་སྟོང་གི་སྔོན་ནས་སྤྱི་ལ་དབང་བའི་ལམ་ལུགས་དེ་རྩ་ཐོར་དུ་སོང་སྟེ་གཅིག་གིས་གཅིག་ལ་དབང་སྒྱུར་བའི་གྲལ་རིམ་སྤྱི་ཚོགས་ཏེ་བྲན་གཡོག་ལམ་ལུགས་བྱུང་བ་དང་མཉམ་དུ་རྒྱལ་ཁབ་ཀྱང་བྱུང་བ་རེད། “དེ་འོག་བསྐལ་བར་ཞང་ཞུང་བོད་དང་ཁམས། །སོ་སོར་རིམ་བྱེ་མི་རྣམས་ལས་རིམ་ཤེས། །”⑥ཞེས་པ་དང་ཏུང་ཧོང་གི་གཏེར་ཡིག་ལས། “རྒྱལ་ཕྲན་ཡུལ་ཡུལ་ན། མཁར་བུ་རེ་རེ་ན་གན་སྟེ། རྒྱལ་ཕྲན་བགྱིད་པ་དང༌། རྒྱལ་ཕྲན་གྱི་བློན་པོ་བགྱིད་པའི་རབས་ལ། །ཞང་ཞུང་ངར་པའི་རྗེ་བོ་ལིག་སྙ་ཤུར། །བློན་པོ་ཁྱུང་བོ་ར་སངས་རྗེ་དང༌། སྟོང་ལོམ་མ་ཙེ་གཉིས། །”ཞེས་འབྱུང་བ་འདི་དག་གིས་ཞང་ཞུང་དང་བོད་གཉིས་རང་བཙན་གྱི་རྒྱལ་ཁབ་གཉིས་སུ་ཆགས་ཡོད་པ་གསལ་བཤད་བྱས། དེའི་རྗེས་ནས་ཞང་ཞུང་གི་སྟོབས་ཤུགས་རིམ་བཞིན་ཇེ་ཆེར་སོང་སྟེ་བོད་ལས་ཀྱང་སྟོབས་འབྱོར་མངའ་ཐང་ཆེ་བ་ནི་མཁས་དབང་དུང་དཀར་གྱི་ཞལ་ནས“སྐབས་དེར(རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུའི་སྐབས)བོད་ཀྱི་ས་གནས་ཡོངས་ལ་ཞང་ཞུང་སྒོ་ཕུག་བར་གསུམ་ཞེས་མདོ་སྨད་ཀྱི་ཕྱོགས་ལ་སྒོ་དང༌། དབུས་གཙང་གི་ཕྱོགས་ལ་བར། མངའ་རིས་ལ་དྭགས་ཀྱི་ཕྱོགས་ལ་ཕུག་ཅེས་ཟེར་བ་ཡིན་པར་བཤད་པས། སྐབས་དེར་བོད་ཀྱི་རྒྱལ་པོ་ཞེས་མི་ཟེར་བར་ཞང་ཞུང་གི་རྒྱལ་པོ་ཞེས་ཟེར་བ་ནི། སྐབས་དེའི་བོད་སྤྱི་ལ་དབང་བའི་རྒྱལ་པོ་ནི་ཞང་ཞུང་གི་ཡུལ་དུ་གནས་པའི་དབང་གིས་མིང་དེ་ལྟར་ཐོགས་པ་ཡིན་ཅིང༌། རྒྱལ་རབས་གང་ཡིན་ཀྱང་རང་ཉིད་ཀྱི་དབང་འོག་ཏུ་འདུས་ཟིན་པའི་ཡུལ་དེ་ལ་རྒྱལ་པོ་རང་ཉིད་གནས་སའི་ཡུལ་དེས་སྤྱི་མིང་བྱས་པ་དང༌། རང་ཉིད་ཀྱི་དབང་འོག་ཏུ་འདུས་མེད་པའི་ཡུལ་དེ་ལ་ཡུལ་སོ་སོའི་མིང་འབོད་པ་དེ་འདྲའི་དཔེ་མང་པོ་ཡོད་པས། བཙན་པོའི་རྒྱལ་རབས་ཀྱིས་བོད་དབུས་གཙང་སོགས་དབང་དུ་མ་འདུས་གོང་དུ་བོད་སྤྱིའི་མིང་ལ་ཞང་ཞུང་གི་ཡུལ་ཞེས་འབོད་པ་དང༌། བཙན་པོའི་རྒྱལ་རབས་ཀྱིས་ཞང་ཞུང་དབང་དུ་འདུས་རྗེས་ཞང་ཞུང་རྒྱལ་པོ་རང་ཉིད་གནས་སའི་ཡུལ་ཙམ་ལ་ཞང་ཞུང་གི་ཡུལ་ཞེས་འབོད་པ་ཡིན།”⑦ཞེས་གསུངས་པ་འདིས་སྐབས་དེའི་ཞང་ཞུང་གི་སྟོབས་ཤུགས་ཆེ་བ་མཚོན། གཤེན་རབ་ཞང་ཞུང་དུ་བྱོན་པའི་སྐབས་ནས་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་རྣམས་རིམ་པར་བྱུང་ནས་དེ་དག་གི་རིང་དུ་ཞང་ཞུང་གི་ཡིག་རྒན་དང་དེ་ནས་སྨར་ཆེན་དང་སྨར་ཆུང་གི་ཡི་གེ་སོགས་བྱུང་ནས་རིག་གནས་ཆོས་ལུགས་དང་ཐོན་སྐྱེད་དཔལ་འབྱོར་སོགས་ཀྱི་ཕྱོགས་ནས་བླ་ལྷག་ཏུ་གོང་འཕེལ་དུ་སོང་ཡོད་པ་བོན་གྱི་ལོ་རྒྱུས་ལ་བལྟས་ན་གསལ། དེའི་དུས་སུ་ཞང་ཞུང་ན་ཕྱོགས་ཕྱོགས་སུ་གྲོང་ཁྱེར་དང་མཁར་ཡང་མང་དུ་ཡོད་པར་བཤད་དེ། “ཞང་ཞུང་གི་རྒྱལ་ས་གྲགས་ཆེ་བ་དབུས་ཕྱོགས་སུ་མཁར་བཞི་དང༌། ཕྱོགས་ཀྱི་རྫོང་བཞིའོ། །མཁར་བཞི་ནི། ཁྱུང་ལུང་དངུལ་མཁར། སྤུ་ཧྲིང་སྟག་ལ་མཁར། སྨེ་ཤང་བྱི་བ་མཁར། མ་པང་སྤོས་མོ་མཁར། གཞན་ཡང་གད་ཀྱི་བྱི་བ་མཁར་ནི། སྐྱབས་སྟོན་གྱི་ཁྲོ་འགྲེལ་ལྡེབ59མཁར་ལྔའི་ནང་ཚན་གད་ཀྱི་བྱི་བ་མཁར་ཟེར་བ་གཡག་དང་རྐྱང་གི་ཐོད་པ་བ་གམ་དུ་བཏགས་པ་དེ་རུ་རིག་འཛིན་ཀུན་ཚོགས་ཏེ་ཞེས་དང༌། ཁ་ཡུག་འདམ་མཁར། གུ་གེ་རྩ་ཧྲེང་མཁར། བྱང་གི་ར་བཞི་མཁར། དེ་སོགས་མཁར་གཞན་ཡང་མང་དུ་ཡོད་པར་བཤད། ཕྱོགས་ཀྱི་རྫོང་བཞི་ནི། དྭང་ར་ཁྱུང་ཆེན་རྫོང༌། སེ་རིབ་འབྲུག་མོ་རྫོང༌། རུ་ཐོག་སེང་གེ་རྫོང༌། མང་ཡུལ་སྟག་མོ་རྫོང༌། གཞན་ཡང་སྦིལ་ཏི་ཧྲང་རྫོང་སོགས་མང་ཞིག་ཡོད་སྐད་དོ། །”⑧
བཟོ་རིག་གི་སྐོར་ནས་ཞང་ཞུང་ལ་སྔོན་ནས་ལག་རྩལ་སྣ་ཚོགས་ཤིག་དར་ཡོད་ཀྱང༌། སྟོན་པ་གཤེན་རབ་ཀྱིས་དེ་དག་གི་རྨང་གཞིའི་སྟེང་གསར་གཏོད་ཀྱིས་གཞུང་ལུགས་དང་བཅས་གཏན་ལ་ཕབ་ཡོད་དེ། «མདོ་དྲི་མེད»ལས། “བཟོ་ལ་རྣམ་པ་ལྔ་ཡིན་ཏེ། །དྲ་ཞིང་དྲུབ་དང་གཞོག་ཅིང་སྦྱངས། །བཞུ་ཞིང་བླུག་དང་བརྡུང་ཞིང་འཐར། །བྲི་ཞིང་བཀོད་དང་རྣམ་པ་ལྔ། །”ཞེས་གསུངས་པ་ལྟར་སྟོན་པ་གཤེན་རབ་ཀྱིས་བཟོ་རིག་གི་དབྱེ་བ་དང་དེ་དག་གི་གཞུང་ལུགས་འབུམ་གསུམ་ཞེས་པ«བསྐལ་བ་སྣང་སྲིད་འཁོར་ལོའི་འབུམ» «སྲིད་པ་མིའུ་རྒྱུད་ཀྱི་འབུམ» «འབྱུང་བ་ཆགས་གནས་འཇིག་སྟོང་གི་འབུམ»དང་གསུམ་གསུངས་ཡོད་པ་དང༌། དེ་རྣམས་ཁོང་གི་སློབ་མ་བཟོ་རྒྱལ་གར་མ་ལི་ཤོ་ལ་གཏད། དེ་ལ་སློབ་མ་མཁས་པ་དྲུག་བྱོན་པ་ནི། བཟོ་ལ་མཁས་པ་བཟོ་རྗེ་ལྷ་དབང༌། ཕུབ་ལ་མཁས་པ་སྒྱུ་འཕྲུལ་དབང་ཕྱུག བླུག་ལ་མཁས་པ་བླུག་ཐོག་པ་སངས། མགར་ལ་མཁས་པ་མགར་ལྷ་ཡུག་པ། ལྷ་ལ་མཁས་པ་ལྷ་སྲས་པདྨ། བྲིས་ལ་མཁས་པ་ཡི་གེ་བྲིས་ཆུང་སྟེ་དྲུག་ཡིན་པར་གསུངས། དེའི་ཐད་ལ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་ཞལ་ནས་ཀྱང༌། “བོད་ཀྱི་འཇིམ་བཟོའི་ལག་རྩལ་ནི་སྤྱི་ལོའི་གོང་གི་ལོ་ཉིས་བརྒྱ་ལྷག་གི་སྔོན་ནས་དར་ཟིན་པ་དཔེར་ན། རྒྱལ་བོ་གཉའ་ཁྲི་བཙན་པོའི་དུས་སུ་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་ཚན་ལྡིང་ཤེས་ཤ་བ་ཟེར་བ་དེས་འཇིམ་པ་ལ་མི་དང་སྲོག་ཆགས་སྣ་ཚོགས་ཀྱི་གཟུགས་འགྲོས་བྱེད་ཤེས་པ་ལོ་རྒྱུས་ཁག་གི་ནང་གསལ”⑨ཞེས་པ་དང༌། གསོ་བ་རིག་པའི་ཕྱོགས་ནས་སྟོན་པ་གཤེན་རབ་ཀྱིས་གསོ་རིག་བདུད་རྩི་སྨན་གྱི་མདོ་དགུ་ཞེས་པ་གསུངས་ཤིང༌། དེ་ནི«བདུད་རྩི་མུ་ཏྲ་གཞུང་ཆེན་མདོ» «བདུད་རྩི་འཁོར་ལོ་ཆེན་པོའི་མདོ» «བདུད་རྩི་བང་མཛོད་འབུམ་བཞིའི་མདོ» «བདུད་རྩི་ཡིད་བཞིན་ནོར་བུའི་མདོ» «བདུད་རྩི་གཟའ་ཀླུ་བཅོས་ཐབས་མདོ» «བདུད་རྩི་དམར་བྱང་ཐེམ་བྱང་མདོ» «བདུད་རྩི་དཔག་བསམ་ལྗོན་ཤིང་མདོ» «བདུད་རྩི་གདམས་ངག་འཕྲུལ་གྱི་མདོ»དང་དགུ་ཡིན་ལ། “ད་ལྟ་ཕྲིན་ལས་འཕེལ་བཞིན་དངོས་སུ་བཞུགས་པ་ནི་བདུད་རྩི་བང་མཛོད་འབུམ་བཞི་ཞེས་ཡོངས་སུ་གྲགས་པ་འདི་ཡིན་ཏེ། དེ་ཡང་གསོ་རིག་རྩ་བ་ཐུགས་འབུམ་ནམ་མཁའ་སྔོན་པོ་ལེའུ་བདུན། སྡུག་བསྔལ་ཞི་མཛད་གསོ་བྱེད་སྨན་འབུམ་དཀར་པོ་ལེའུ་སོ་གཅིག སྡུག་བསྔལ་ཞི་ཞི་བྱེད་གསོ་ཐབས་དཔྱད་འབུམ་ཁྲ་བོ་ལེའུ་སུམ་ཅུ། སྡུག་བསྔལ་ཞི་བ་གསོ་བྱའི་ནད་འབུམ་ནག་པོ་ལེའུ་གསུ་བཅུ་རྩ་གསུམ་བཅས་གསུངས་པས་འཁོར་སློབ་མ་མང་དུ་ཡོད་ལ། གཙོ་བོ་སྲས་དཔྱད་བུ་ཁྲི་ཤེས་དང༌། ལྷའི་དྲང་སྲོང་མངོན་པར་ཤེས་པ་དང༌། བདེན་པར་སྨྲ་བ་དང༌། རིག་པར་སྨྲ་བ་དང༌། ངེས་པར་སྨྲ་པ་དང༌། ཡིད་ལས་སྤྲུལ་བ་དང༌། ཡིད་ལས་བྱུང་བ་དང༌། ཡིད་ལས་སྐྱེས་པ་དང་ཡིད་ལས་གྲུབ་པ་སོགས་སྲང་སྲོང་ཆེན་པོ་བརྒྱད་རྣམས་ལ་གཉེར་དུ་གཏད་པ་གནང་ངོ༌། །”⑩གཞན་ཡང་བསླབ་ཁྲིམས་དང་མཚན་ཉིད་རིག་པ་སོགས་ཀྱི་གཞུང་ལུགས་བྱུང་བ་བཅས་ཀྱི་སྟེང་ནས་ཞང་ཞུང་རྒྱལ་ཁབ་དེས་སྐབས་དེར་གངས་ཏི་སེའི་མདུན་དང་ཆུ་བོ་བཞི་འདུས་ཀྱི་མགོ་དང་མཚོ་མ་ཕམ་གྱི་འགྲམ་དུ་ཤེས་རིག་གི་ཤོག་ལྷེ་གསར་བ་ཞིག་བྲིས་ཡོད་པ་མཚོན།
3. སྡོམ་ཚིག་བཀོད་པ།
ང་ཚོ་མི་ཕལ་མོ་ཆེ་ཞིག་གིས་གཉའ་ཁྲིའི་སྔོན་ཏེ་ལོ་སྟོང་ཕྲག་གསུམ་ནས་བཞིའི་དུས་སུ་གཡུང་དྲུང་བོན་གྱི་མཚོན་པའི་ཞང་ཞུང་ལ་ཤེས་རིག་མཐོན་པོ་ཞིག་དར་ཡོད་ཟེར་ན་རྣར་མི་འགྲོ་བ་ཞིག་འདུག་ཀྱང༌། ང་ཚོས་གོང་ནས་ཞང་ཞུང་གནས་པའི་གླིང་སྟེ་སྤྱིར་གླིང་ཆེན་ཨ་ཤེ་ཡའི་ཤེས་རིག་གི་ཡང་རྩེ་ཆུ་གཉིས་ཤེས་རིག་དང་སྒོས་སུ་ཞང་ཞུང་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ནག་གཉིས་ཀྱི་ཤེས་རིག་ག་ཚོད་ཡིན་པའི་སྐོར་རགས་བསྡུས་ཤིག་ངོ་སྤྲོད་བྱས་པ་རྣམས་དང་བསྡུར་ན་གཏན་ནས་མི་སྲིད་པ་ཞིག་ཀྱང་མིན་པའི་ངེས་ཤེས་འདྲོངས་ཐུབ་པ་ཡིན། ཚང་མས་མཁྱེན་གསལ་ལྟར་མིག་སྔར་རྒྱལ་སྤྱིའི་རིག་གཞུང་སྨྲ་བའི་ཁག་ཏུ་ཡོངས་གྲགས་སུ་གནའ་བོའི་ཤེས་རིག་གི་འབྱུང་ཡུལ་ལྔར་བཤད་དེ། «འཛམ་གླིང་ཤེས་རིག་གི་ལོ་རྒྱུས»(ཨ་མེ་རི་ཁའི་ལྭེ་ལེན་མེ་ཁུ་ཀོ་ཞུ)ལྟར་ན། དེ་དག་ནི་གནའ་བོའི་པཱ་པུ་ལང་(ཆུ་གཉིས་ཤེས་རིག་ཀྱང་ཟེར། སྤྱི་ལོ་སྔོན་གྱི་ལོ4000ནས་སྤྱི་ལོ་སྔོན་གྱི་ལོ2250བར་ཡིན)དང་གནའ་བོའི་ཨེ་ཅིབ(སྤྱི་ལོ་སྔོན་གྱི་ལོ3500ནས་སྤྱི་ལོ་སྔོན་གྱི་ལོ600)། གནའ་བོའི་རྒྱ་གར(སྤྱི་ལོ་སྔོན་གྱི་ལོ2000)། གནའ་བོའི་ཀྲུང་གོ(སྤྱི་ལོ་སྔོན་གྱི་ལོ2000)། གནའ་བོའི་ཞི་ལ(སྤྱི་ལོ་སྔོན་གྱི་ལོ800ནས་སྤྱི་ལོ་སྔོན་གྱི་ལོ146)། འདི་ནི་འཛམ་གླིང་ན་ཡོངས་ཁྱབ་ཏུ་ཁས་ལེན་པའི་བཤད་ཚུལ་ཅིག་ཡིན། དེའི་ཁྲོད་ཀྲུང་གོ་རང་ཉིད་ཀྱིས་དོན་དམ་པར་ལོ་སྟོང་ཕྲག་བཞི་དང་བདུན་ཅུ་དོན་བརྒྱད་ཀྱི་ཤེས་རིག་གི་ལོ་རྒྱུས་ཡོད་པར་བཤད། ཡང་གནའ་བོའི་ཨེ་ཅིབ་དང་གནའ་བོའི་པཱ་པུ་ལང༌། གནའ་བོའི་རྒྱ་གར། གནའ་བོའི་ཀྲུང་གོ་བཅས་ལ་གནའ་བོའི་ཤེས་རིག་གི་རྒྱལ་ཁབ་ཆེན་པོ་བཞིར་ཡང་གྲགས། གནའ་བོའི་ཨེ་ཅིབ་ཤེས་རིག་ནི་གླིང་ཆེན་ཨ་ཧྥེ་རི་ཁར་གཏོགས་པས་འདིར་མ་སྤྲོས་སོ། །
དེ་ལྟར་གནའ་བོའི་ཤེས་རིག་གི་རྒྱལ་ཁབ་དེ་དག་ནི་ད་ནས་ཡར་བརྩིས་ན་ལོ་བདུན་སྟོང་ནས་བཞི་སྟོང་གི་སྔོན་དུ་རྡོ་ཆས་གསར་མའི་དུས་རབས་ནས་ལི་ཆས་སྤྱོད་པའི་དུས་རབས་སུ་ཞུགས་ཤིང༌། དེ་ནས་རིམ་པར་ལྕགས་ཆས་སྤྱོད་པའི་དུས་རབས་སུ་ཞུགས་ཡོད་པ་རེད། ལོ་ལྔ་སྟོང་ལྔ་བརྒྱའི་དུས་ནས་ཡི་གེ་ཡང་གསར་གཏོད་བྱས་ཡོད་པ་རེད། དེས་ན་ལོ་སུམ་སྟོང་བརྒྱད་བརྒྱར་ཞང་ཞུང་ཤེས་རིག་ཀྱང་དར་རྒྱས་ཡོད་པར་བཤད་པ་འདི་ལོ་རྒྱུས་འཕེལ་རྒྱས་ཀྱི་འགྲོས་དང་མི་མཐུན་པ་ཞིག་མིན་པ་བོད་ཁམས་ཀྱི་གནའ་རྫས་རྟོག་ཞིབ་ལས་ཀྱང་ར་སྤྲོད་བྱས་ཡོད་པ་ལྟར་རེད། ཡིད་ཕངས་པ་ཞིག་ལ་ཞང་ཞུང་ཤེས་རིག་དེ་མ་མཐའ་ཡང་གནའ་རྫས་རྟོག་ཞིབ་ཀྱི་ཕྱོགས་ནས་ད་བར་དུ་ཁྱུང་ལུང་དངུལ་མཁར་མ་གཏོགས་ཀུན་གྱི་མིག་གི་གཟུང་ཡུལ་དུ་གྱུར་པ་ཞིག་ཤིན་ཏུ་དཀོན་འདུག་མོད། འོན་ཀྱང་གནའ་ཤུལ་མ་རྙེད་པའི་སྟེང་ནས་དེའི་ཤེས་རིག་མེད་པས་མ་ངེས་ཏེ། རྗེས་ནས་རྙེད་མི་སྲིད་པའི་ངེས་པའང་མ་མཆིས་སོ། །གཞན་དུ་ན་གནའ་བོའི་ཀྲུང་གོའི་ཤེས་རིག་ཕུད་གོང་གི་གནའ་བོའི་ཤེས་རིག་རྒྱལ་ཁབ་དེ་དག་ཐམས་ཅད་ཀྱི་རྒྱུན་ད་ལྟ་ཆད་འདུག་པ་བཞིན། ཞང་ཞུང་ཤེས་རིག་ཀྱང་དངོས་པོའི་རིག་གནས་ཕྱོགས་ནས་ཕལ་ཆེར་རྒྱུན་ཆད་འདུག་ཀྱང་དངོས་པོ་མ་ཡིན་པའི་རིག་གནས་ཕྱོགས་ནས་རྣམ་པ་བོད་དུ་འགྱུར་ནས་ཧ་ལམ་ཉག་ཙམ་ཞིག་རྒྱུན་འཛིན་བྱས་ཡོང་བ་ཡིན་ཞེས་བཤད་ཀྱང་མི་ཆོག་རྒྱུ་མེད་སྙམ།
སྤྱིར་ཤེས་རིག་ཅེས་པ་ནི་མིའི་རིགས་དངོས་པོ་དང་བསམ་བློ། སྤྱི་ཚོགས་གྲུབ་ཚུལ་ཕྱོགས་ནས་ཡར་ཐོན་ཡོང་བའི་རྣམ་པ་ཞིག་ལ་ཟེར། ལོ་རྒྱུས་འཕེལ་རིམ་འདིའི་ངོ་བོ་ནི་གདོད་མའི་རུས་རྒྱུད་ཀྱི་ལམ་ལུགས་ཉམས་རྒུད་རྩ་ཐོར་དུ་སོང་བ་དང༌། དངོས་པོའི་ཐོན་སྐྱེད་དང་བསམ་པའི་ཐོན་སྐྱེད་གཉིས་ཆུ་ཚད་ངེས་ཅན་ཞིག་ལ་ཐོན་པའི་རྨང་གཞིའི་སྟེང་གྲལ་རིམ་སྤྱི་ཚོགས་སུ་ཞུགས་ཏེ་རྒྱལ་ཁབ་ཀྱི་རྩ་འཛུགས་བསྐྲུན་པ་དེ་ཡིན། ཤེས་རིག་བྱུང་བའི་སྔོན་འགྲོའི་ཆ་རྐྱེན་ནི་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བ་དང་སྤྱི་ཚོགས་ཀྱི་རྒྱུ་ནོར་འཕར་ཏེ། གདོད་མའི་སྤྱི་ལ་དབང་བའི་ལམ་ལུགས་དེ་སྒེར་ལ་དབང་བའི་ལམ་ལུགས་ཀྱི་ཐོན་སྐྱེད་རྣམ་པ་དང་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སུ་འགྱུར་བ་ཞིག་རེད།
གནའ་རྫས་རྟོག་ཞིབ་རིག་པའི་ཕྱོགས་ནས་ཤེས་རིག་གི་དུས་སྐབས་སུ་སླེབས་ཡོད་མེད་ལ་བརྟག་སྐབས་དེའི་མངོན་རྟགས་ལ་བཤད་ཚུལ་མི་མཐུན་ཡང་གཙོ་བོ་གྲོང་ཁྱེར་དང་ཡི་གེ ལྕགས་བཞུའི་ལག་རྩལ། གུས་སྲོལ་ལྡན་པ་བཅས་ཡིན། དེའི་ཁྲོད་དུ་གྲོང་ཁྱེར་ནི་ཆབ་སྲིད(ཕོ་བྲང་དང་དཔོན་བྲང་ངམ་བླ་བྲང་གིས་མཚོན)དང་དཔལ་འབྱོར(ལག་ཤེས་བཟོ་ལས་དང་ཚོང་ལས)། རིག་གནས(ཆོས་ལུགས་ཀྱང་འདུས)བཅས་ཀྱི་ལྟེ་གནས་ཡིན། མངོན་རྟགས་འདིས་འདྲ་མཉམ་ཡིན་པའི་རུས་རྒྱུད་སྤྱི་ཚོགས་དེ་གྲལ་རིམ་ཡོད་པའི་རྒྱལ་ཁབ་སྤྱི་ཚོགས་སུ་འགྱུར་བའི་ལོ་རྒྱུས་ཀྱི་སྐྱོག་མཚམས་དེ་མཚོན་པ་རེད། མཁས་པ་ལ་ལས་ཤེས་རིག་བྱུང་བའི་ཁྲོད་དུ་གྲོང་ཁྱེར་གྱིས་ནུས་པ་གལ་ཆེན་ཐོན་པ་དེ་གཙིགས་སུ་བཟུང་སྟེ། ཤེས་རིག་གི་དུས་སྐབས་མགོ་བརྩམས་པ་དེར་གྲོང་ཁྱེར་གསར་བརྗེ་ཡང་ཟེར། དེ་ནི་རྡོ་ཆས་གསར་མའི་དུས་སྐབས་ཀྱི་ཞིང་ལས་གསར་བརྗེའི་རྗེས་སུ་བྱུང་བའི་མིའི་རིགས་ཀྱི་སྤྱི་ཚོགས་ཡང་བསྐྱར་དུས་རབས་དབྱེ་བའི་དོན་རྐྱེན་ཐེངས་ཤིག་ཡིན་པར་འདོད།
དེས་ན་ང་ཚོས་རྩ་དོན་འདིའི་སྟེང་ནས་ཞང་ཞུང་ཤེས་རིག་ལ་བལྟས་ཚེ། ཞང་ཞུང་འོལ་མོ་ལུང་རིང་གྲོང་ཁྱེར་གྱི་བཀོད་པ་ནི་གཡུང་དྲུང་དགུ་བརྩེགས་རིའི་ཤར་ན་སྟོན་པ་གཤེན་རབ་བཞུགས་པའི་གནས་གསས་ཁང་ཤམ་པོ་ལྷ་རྩེ་དང་ལྷོ་ན་རྒྱལ་ས་བར་བོ་སོ་བརྒྱད། ནུབ་ན་གསས་ཁང་ཁྲི་སྨོན་རྒྱལ་བཞད། བྱང་ན་གསས་ཁང་ཁོལ་མ་ནེའུ་ཆུང་ཡོད་ཚུལ་བཤད་པ་དེ་ལས་དཔེར་ན་རྒྱལ་ས་བར་བོ་སོ་བརྒྱད་དེ་འདི་ལྟར་བྲིས་ཡོད་དེ། “ལྷོ་ན་རྒྱལ་ས་བར་བོ་སོ་བརྒྱད་བྱ་བ་རིན་པོ་ཆེ་སྣ་བརྒྱད་ལས་གྲུབ་པ། རིན་པོ་ཆེའི་ཁ་པད་གཡུའི་ཡ་གད། གསེར་གྱི་བྱ་འདབ། རིན་པོ་ཆེ་སྣ་ལྔའི་ཆུན་འཕྱང་འཕྲུལ་བ། སྟེང་དུ་ཕྱོགས་བཞི་མཚམས་བརྒྱད་དུ་སོ་ཕག་གི་མཁར་མཐོ་བའི་དབུས་སུ་ཕྱ་མཁར་གཡུ་རྩེ་ཅན་ཟུར་བཞི་ལོགས་བརྒྱད་ལ་སྒོ་བརྒྱད་ཅོག་དང་བཅས་པ། ཀེའུ་ཚང་སྟོང་དང་ལྔ་བརྒྱ་གསལ་བ། དེ་ནི་གཤེན་རབ་ཀྱི་ཡབ་རྒྱལ་བོན་དང༌། ཡུམ་རྒྱལ་བཞེད་མའི་བཞུགས་གནས་ཏེ་སྟོན་པ་ཉིད་འཁྲུངས་གནས་ཀྱང་ཡིན་ནོ། །”⑾ཞེས་བྲིས་ཤིང༌། “རྒྱལ་ས་ཆེན་པོ་བཞི་ཡང་གྲོང་ཁྱེར་ཆེན་པོ་རེ་རེའི་དབུས་སུ་ལྕགས་རི་དཔག་ཚད་བཞི་རེས་བསྐོར་བའི་ནང་དུ་ཕོ་བྲང་གྲུ་བཞིའི་ལོགས་རེ་ལ་རྒྱང་གྲགས་བཞི་བཞི་ཡོད་པ་ལ་ངོ་མཚར་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་གསལ་བ། དེ་དག་གི་མཚམས་བཞི་ན་རིན་པོ་ཆེ་ལས་གྲུབ་པའི་རང་བྱུང་གི་མཆོད་རྟེན་བཞི། ལོགས་རེ་ལ་རྒྱང་གྲགས་གཉིས་རེ། ལྕགས་རི་དཔག་ཚད་གསུམ་གྱིས་བསྐོར་བའི་མཐར་གྲོང་ཁྱེར་ཆེན་པོ་རེ་རེ་ཡོད་པ། དེ་དག་གི་ཕྱི་རིམ་དུ་རིན་པོ་ཆེའི་རྭ་བ་ལྔ་ཀུན་ནས་གྲུ་བཞི་པ། ལོགས་བཞི་ལ་དཔག་ཚད་བརྒྱ་རེ་ཡོད་པས་བསྐོར་པའོ། །ར་བ་ཕྱི་མའི་སྒོ་བཞི་ན་རྒྱལ་པོ་ཆེན་པོ་བཞིས་སྒོ་སྲུང་ནས་གནས་སོ། །”⑿ཞེས་གྲོང་ཁྱེར་གཙུག་ལག་གི་བཟོ་སྐྲུན་དང་བཀོད་པ་ཤིན་ཏུ་ངོ་མཚར་བ་ཞིག་ཡིན་པ་གསལ། དེ་ནི་གཏམ་རྒྱུད་ཙམ་ལས་ཡིད་མི་ཆེས་ཟེར་ན། འོ་ན་གནའ་བོའི་པཱ་པུ་ལང་གི་རྒྱལ་བོ་ཉི་པུ་ཅཱ་ཉི་ས་ཡིས་ཕལ་ཆེར་ད་ནས་ཡར་རྩིས་ན་ལོ་སྟོང་ཕྲག་ལྔའི་དུས་ནས་ཁོས་རང་གི་བཙུན་མོར་བཞེངས་པའི་བར་སྣང་གི་མེ་ཏོག་གླིང་ཀ་དེ་ནི་འཛམ་གླིང་གི་ངོ་མཚར་ཞིང་དཔེ་མི་སྲིད་པའི་གནས་བདུན་ཁྲོད་ཀྱི་གཅིག་ཡིན་པ་དེའང་འདི་དང་འདྲ་བས་ཡིད་མི་ཆེས་ཟེར་ན་ཤིན་ཏུ་ཕངས།
དེས་ན་ཡུལ་ཁམས་གཞན་རྣམས་ལ་ཤེས་རིག་གང་འདྲ་དར་ཐུབ་པ་ཞིག་ཞང་ཞུང་ལའང་དེ་འདྲ་ཞིག་དར་དགོས་པ་མི་འདུག་ནའང་ཞང་ཞུང་ལ་དེ་འདྲ་ཞིག་དར་མི་ཐུབ་པའི་ངེས་པའང་མ་མཆིས། གཞན་ཞང་ཞུང་གི་ཡི་གེ་ནི་བོན་གྱི་སློབ་དཔོན་བསྟན་འཛིན་རྣམ་དག་གི་ཞལ་ནས“གཞན་ཡང་ཞང་ཞུང་དྲག་ཡིག་ཅེས་པའང་ཡོད་པའི་དཔེ་རིས་ཀྱི་རྒྱུན་ཡོད་པ་ནི། སྔར་ཞང་ཞུང་སད་ནེ་གའུས་བོད་རྒྱལ་གྲི་གུམ་གྱི་དུས་སུ་རྟ་ནག་དུང་ཕོར་དུ་བོན་གཏེར་དུ་སྦས་དུས་ཞང་ཞུང་གི་དྲག་ཡིག་དང་བོད་ཡིག་འདྲེས་མར་དར་གྱི་ཐོག་ཏུ་བྲིས་པ་ཕྱིས་ཉིད་ཀྱི་སྤྲུལ་སྐུ་གུ་རུ་རྣོན་རྩེས་གཏེར་ཐོན་པ་དེ་ཁོང་གི་གཏེར་སློབ་གཉལ་སྟོན་གཞོན་ནུ་འབུམ་གྱིས་གཏེར་དཔེའི་ཐོག་ནས་དཔེ་བཤུས་པ་ཡིན་ཏེ།”ཞེས་གསུངས་ཏེ་ཞང་ཞུང་གི་དྲག་ཡིག་དེ་གཏེར་དཔེ་དར་དཀར་གྱི་ངོས་ལས་གཞོན་ནུ་འབུམ་གྱིས་བཤུས་པའི་དཔེ་དེ་ཉིད་བླ་མ་གཡུང་དྲུང་སྙིང་པོས་བྲིས་པ་ཁོང་གི་གསུང་རྩོམ་དུ་ཇི་བཞིན་བཀོད་ཡོད་པ་དང༌། “གཞན་ཡང་ཞང་ཞུང་ལིག་མིན་རྐྱའི་ཕྱག་ཐམ་སྨན་རིའི་བླ་བྲང་གི་རྩིས་སྤྲད་དུ་ཡོད་པ་འདིའི་ངོས་སུ་ཡང་ཞང་ཞུང་གི་ཡི་གེ་གསལ་བར་འདུག་ཅིང༌།”⒀ཞེས་ཐམ་ཀ་དེའི་སྟེང་གི་ཡི་གེའང་ཇི་བཞིན་དཔེ་རིས་སུ་བཀོད་ཡོད་པ་འདི་དག་གིས་ཞང་ཞུང་གི་ཡི་གེ་ཡོད་པ་ར་སྤྲོད་བྱས། བཟོ་རིག་གི་ཕྱོགས་ནས་སྟོན་པ་གཤེན་རབ་སྐུ་དུས་སུ་བཞེངས་པའི་སྟོན་སྐུ་དྲི་མེད་ཤེལ་གྱི་སྐུ་དང་བོན་གྱི་སློབ་དཔོན་སྟོང་རྒྱུང་མཐུ་ཆེན(སྤྱི་ལོ་སྔོན་གྱི976ལོར་འཁྲུངས)གྱིས་བཞེངས་པའི་སྟོན་པ་ཆུ་ཁོལ་མ་བྱ་བ་ཟངས་སྐུ་བླུགས་མ་ད་ལྟ་རྔ་བ་ན་བཞུགས་པ⒁དེས་ནི་སྐབས་དེའི་ལག་རྩལ་མཚོན་པ་རེད།
གཞན་ཞང་ཞུང་ལ་གུས་སྲོལ་ལྡན་ཚུལ་ཡང་བསམ་པའི་རིག་གནས་དེ་འདྲ་ཕུན་སུམ་ཚོགས་པ་ཞིག་དར་བའི་རྐྱེན་དང་ཁྱད་པར་དུ་འདུལ་ཁྲིམས་ཏེ་ཆོས་ལུགས་ཀྱི་གཞི་བཏིང་བའི་རྐྱེན་གྱིས་མི་རྣམས་ཀྱི་བྱ་སྤྱོད་ཀྱང་ངང་གིས་ཞི་ཞིང་དུལ་བར་གྱུར་པ་དང་གུས་པ་ལྡན་པ་རེད། གཞན་དུ་ན་བོན་གྱི་རིག་གནས་དེ་དག་གང་ལ་སྦྱང་བ་བྱེད་ཀྱང་བསྲུང་བྱའི་བླང་བྱ་རེ་དང་ཐེག་པ་རེ་ལ་ཁྲིམས་རེ་ཡོད་པས་ཀུན་གྱིས་དེ་བརྩི་དགོས་ཏེ། སློབ་དཔོན་བསྟན་འཛིན་རྣམ་དག་གིས«བཟོ་རིག་གསལ་བའི་རྒྱན»⒂ལས“དེ་ནས་ཤེས་བྱ་རིག་པའི་གནས་གང་ལ་སྦྱང་བ་དང༌། སྦྱངས་ནས་སྤྱོད་པའི་སྐབས་སོགས་གང་དུ་ཡང༌། སྤྱོད་ལམ་ཀུན་སློང་སོགས་ཀྱི་ཁྲིམས་ཚུལ་བཞིན་བསྲུང་དགོས་ལ། དེ་མ་བསྲུངས་ན་ཇི་ལྟར་རང་གི་ཤེས་བྱ་རྟོགས་པའི་ཡོན་ཏན་གྱི་དྲིན་ཆེན་པོར་མི་འགྱུར་བ་དང༌། ཆུད་ཟོས་སུ་འགྱུར་བ་སོགས་ཀྱི་སྐྱོན་དུ་མ་འབྱུང་བའི་ཕྱིར་ཏེ”ཞེས་གསུངས་པ་ལྟར་མི་རྣམས་ཀྱི་བྱ་སྤྱོད་ལ་དངོས་ཤུགས་གང་རུང་ནས་ཚོད་བཀག་ཐེབས་ཏེ་ཡ་རབས་ལ་གུས་ཤིང་བསྟོད་པ་དང་མ་རབས་ཀྱི་སྤྱོད་པ་ཐ་དག་དགག་ཅིང་སྤངས་པས་ཤེས་རིག་དང་ལྡན་པར་གྱུར་ཡོད་པ་རེད།
དེས་ན“གདོད་མའི་རིག་གནས་ནི་དུམ་ཚན་ཞིག་མ་ཡིན་པར་དེ་ནི་བརྟན་ཞིང་ཆ་ཚང་བའི་དངོས་པོ་ཞིག་རེད །”⒃ཅེས་པ་ལྟར་ཞང་ཞུང་ལ་ཤེས་རིག་དེ་ལྟ་བུ་ཞིག་དར་ཐུབ་པའང་གློ་བུར་དུ་གནམ་ནས་བྱུང་བ་ཞིག་མ་ཡིན་པར་གོང་ནས་གནའ་རྫས་རྟོག་ཞིབ་ཀྱི་རིག་གནས་ལས་བྱུང་བ་ལྟར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞི་གོང་མ་གོང་མར་བརྟེན་ནས་སྤྱི་ཚོགས་ཤེས་རིག་ཕྱི་མ་ཕྱི་མ་དག་འབྱུང་བ་ཡིན་ཏེ། “རིག་གནས་ནི་ཕན་ཚུན་འབྲེལ་བའི་ཧྲིལ་གཟུགས་ཤིག་ཡིན་ལ། རྒྱུན་རིང་བ་དང་མུ་འབྲེལ་གྱི་རང་བཞིན་ནི་དེའི་འབར་དུ་ཐོན་པའི་ཁྱད་ཆོས་ཡིན། མིའི་རིགས་ཀྱི་བློ་གྲོས་ལས་བསྐྲུན་པའི་ཕུལ་དུ་བྱུང་བའི་ནང་དོན(དཔེར་ན་མཚན་ཉིད་རིག་པ་དང་སྒྱུ་རྩལ་དང་ཚན་རྩལ་ལྟ་བུ)འདི་ནི་སྲོག་ཆགས་དང་མི་འདྲ་བའི་ཁྱད་ཡིན་ཏེ། ཚན་རིག་འདུས་པའི་མིའི་རིགས་རིག་གནས་ཀྱི་འཕེལ་རྒྱས་ཀྱང་གདོད་མའི་དུས་རབས་སུ་ཁུངས་འདེད་བྱས་ཆོག་པ་རེད།”⒄དེར་བརྟེན་ཞང་ཞུང་ཤེས་རིག་དེ་ནི་རྒྱུ་རྐྱེན་མེད་པར་ཁ་སྟོང་ནང་དུ་ཚིག་སྟོང་གླེང་བ་ཞིག་གཏན་ནས་མ་ཡིན་པར་དེ་ནི་སྐབས་དེ་སྤྱི་ཚོགས་ཀྱི་འགྲོས་དང་མཐུན་ལ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོན་དངོས་ཤིག་ཀྱང་ཡིན་ནོ། །
མཆན།
① སྟོན་པ་གཤེན་རབ་བྱོན་ནས་གཡུང་དྲུང་གི་བོན་གསུངས་པའི་དུས་ལ་ངོས་འཛིན་ཚུལ་མང་ཡང་འདིར་ནམ་མཁའི་ནོར་བུས་ལོ་སུམ་སྟོང་བརྒྱད་བརྒྱ་ཡིན་ཚུལ་གསུངས་པ་དེར་འཐད་ལྡན་དུ་འདོད།
② 石硕 著 《西藏文明东向发展史》 [M] 四川人民出版社。1994
③ 黎宗华 李延恺 著《安多藏族史略》 [M] 青海民族出版社。1992,8
④ 陈光国 著《青海藏族史》 [M] 青海民族出版社。1997,5
⑤ ⑥ དཔལ་ཚུལ། 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། 1988.11
⑦ ⑨ དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ》 [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང༌། P1763 P895
⑧ ⒀ སློབ་དཔོན་བསྟན་འཛིན་རྣམ་དག 《སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་བོ》 [M] ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང༌། 2005
⑩ བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། བོན་ལུགས་དང་འབྲེལ་ནས་བོད་ཀྱི་རིག་གནས་ཀྱི་ཐོག་མའི་བྱུང་ཁུངས་ལ་དཔྱད་པ། 《མཁས་དབང་བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་དང་དཔྱད་རྩོམ་ཕྱོགས་བསྒྲིགས》[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། 2009.1
⑾ ⑿ ཤར་རྫ་བཀྲ་ཤིས་རྒྱལ་མཚན། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》 [M] མི་རིགས་དཔེ་སྐྲུན་ཁང༌། 1987.9
⒁ བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། 《ངས་རྗེས་རབས་རྣམས་ཀྱིས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐུབ་པའི་སྨོན་ལམ་འདེབས》《བོད་ཀྱི་སློབ་གསོ》 [J] 2010.1
⒂ སློབ་དཔོན་བསྟན་འཛིན་རྣམ་དག 《བཟོ་རིག་གསལ་བའི་རྒྱན》
⒃ [德]奥斯瓦尔德•斯宾勒《西方的没落》,转引自庄锡昌、顾晓呜等主编《维视野中的文化理论》 [M]浙江人民出版社。1988
⒄ 高福进 著《太阳崇拜与太阳神话棗一种原始文化的世界性透视》 [M] 上海人民出版社。2002,3
༼དཔྱོད་ལྡན་མཆོད་པའི་མེ་ཏོག༽སྤྱིའི་དེབ་གྲངས་བདུན་པ་ལས་བཤུས།