སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དེ་ཡང་མཆོད་རྟེན་ཞེས་པ་ནི། འཆད་སྟབས་བདེ་བའི་དབང་དུ་བྱས་ན་དད་ལྡན་རྣམས་ཀྱིས་ཕྱག་མཆོད་ཀྱི་རྟེན་དུ་གྱུར་པ་ཞིག་ལ་ངོས་འཛིན་གནང་གིན་ཡོད། འདི་ཙམ་གྱིས་མཆོད་རྟེན་གྱི་དོན་ཡོངས་རྫོགས་སྟོན་མི་ཐུབ་ཅིང་དེ་ལ་སྤྱི་སྒོས་གཉིས་ཀྱི་སྒོ་ནས་རིགས་མི་འདྲ་བ་དུ་མ་ཞིག་དབྱེ་རུ་ཡོད་པ་ཡིན། རང་ལུགས་ལྷོ་གཏེར་རབ་གནས་སྐོར་གསུམ་གྱི་གླེང་གཞིའི་སྐབས་སུ་མཆོད་རྟེན་ལ་སྤྱི་སྡེ་བརྒྱད་དང་། སྒོས་སུ་མཆོད་རྟེན་སུམ་ཅུ་ཐམ་པའི་བཀོད་སྤྲུལ་རྣམ་བཤད་འབྱུང་ཞིང་། དེ་བཞིན་གཡུང་དྲུང་ལས་དག་རྒྱུད་ལས་བསྟན་པའི་མཆོད་རྟེན་དང་། མདོ་དྲི་མེད་ལས་གསུངས་པའི་མཆོད་རྟེན་སོགས་མཆོད་རྟེན་གྱི་བཤད་གཞུང་དུ་མ་ཡོད་པའི་ནང་ནས་འདི་ནི་མདོ་དྲི་མེད་སྐུ་གདུང་བསྟན་པ་རྗེས་བཞག་ལས་གསུངས་པ་ལྟར་གྱི་འདུས་བྱས་ཀྱི་མཆོད་རྟེན་ནམ་སྤྲུལ་པའི་མཆོད་རྟེན་བརྒྱ་དང་ཉི་ཤུ་ཐམ་པ་ཇི་ལྟར་བཞེངས་སྐྲུན་དགོས་པའི་ཐིག་ཚད་ལག་ལེན་གྱི་རྣམ་བཞག་དང་། བཟོ་བཀོད་ཀྱི་དཔེ་རིས་དངོས་སུ་མིག་སྔར་མཐོང་ཡུལ་དུ་གྱུར་པ་འདི་ཉིད་ཡིན། དེ་སྔོན་བོན་གྱི་ལོ་རྒྱུས་ཡིག་ཚང་དུ་གསལ་བར་འཁོད་ཡོད་པ་ནི་ཞང་ཞུང་གི་ཡུལ་དུ་དབུས་ཁྱུང་ལུང་དངུལ་མཁར་དང་། མཐའ་བརྒྱད་མཁར་ཕྲན་བཅོ་བརྒྱད། ཡང་འདུལ་གསས་མཁར་སུམ་བརྒྱ་དྲུག་ཅུ། གཞི་འདུལ་མཆོད་རྟེན་སྟོང་དང་རྩ་བརྒྱད་སོགས་བཞེངས་སྐྲུན་བྱས་པའི་ལོ་རྒྱུས་རྒྱ་མི་ཆུང་བ་ཞིག་ཡོད་པ་དང་། དེ་མཚུངས་སངས་རྒྱས་བསྟན་པ་དར་སའི་ཞང་བོད་ས་གནས་གང་སར་མཆོད་རྟེན་བཞེངས་སྐྲུན་བྱས་པའི་སྲོལ་བཟང་བྱུང་ཡོད་པ་ནི་ད་ལྟའང་ལོ་རྒྱུས་ཀྱི་སྤྱན་མ་སྒྲིབ་པར་གསལ་པོར་བཞུགས་ཡོད། དེ་ཡང་མཆོད་རྟེན་རབ་གནས་སྐོར་གསུམ་ ལས། དེ་ནས་གཤེན་ཁ་སྟེ་མུ་ཡ་དང་། ཚངས་པ་གཙུག་ཕུད་ཀྱིས། ཞང་ཞུང་གི་ཡུལ་བྱེ་མ་ལ་མི་འགྱུར་གཡུང་དྲུང་ཚལ་དུ། གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་བཞེངས་སུ་གསོལ་ཏེ། སྨོན་ལམ་དང་སྐོར་ཕྱག་གི་ཁུངས་ཀྱང་དེ་ནས་བྱུང་ངོ་། །དེ་ནས་སྐད་རིགས་མི་མཐུན་པ་སུམ་བརྒྱ་དྲུག་ཅུ་རུ། མཆོད་རྟེན་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་ན་ཡང་། བོད་ཡུལ་དུ་བོན་མ་ནུབ་པའི་བར་དུ། མཆོད་རྟེན་ཆེན་པོ་ལྔ་ཞིག་བྱུང་སྟེ། རྩང་སྟོད་བྱེ་མ་ལ་གཡུང་དྲུང་ཉ་ལྡང་བའི་རྒྱབ་འདྲ་བ་རུ། གཡུང་དྲུང་སྤྲུལ་པའི་མཆོད་རྟེན་བཞེངས་སུ་གསོལ་ཏེ། ལས་དཔོན་འབྲོའི་བོན་པོ་ཤ་རིས་མཛད། བྲག་དམར་འགྲན་གྱི་རི་བོ་ཆེ་ལ། ལོ་པཎ་དབུ་ལྔའི་མཆོད་རྟེན་བཞེངས་སུ་གསོལ་ཏེ། ལས་དཔོན་སྐུ་སྲུང་སྡེ་བཞིས་མཛད། རྒྱའི་གོང་བུ་དམར་རུ་རུ། རྒྱལ་བ་རྩེ་དགུའི་མཆོད་རྟེན་བཞེངས་སུ་གསོལ་ཏེ། ལས་དཔོན་ཁྲོམ་གེ་སར་དམག་གི་རྒྱལ་པོས་མཛད། ཁྲི་བོང་རུ་ཐང་དུ། གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་བཞེངས་སུ་གསོལ་ཏེ། ལས་དཔོན་ཞང་ཞུང་གི་རྒྱལ་པོ་ལིག་མི་རྒྱས་མཛད། དབུས་བསམ་ཡས་གཙུག་ལག་ཁང་བཞེངས་སུ་གསོལ་བའི་དུས་སུ། བདུད་འདུལ་སྒྲ་བསྒྲགས་གཡུང་དྲུང་བརྩེགས་པའི་མཆོད་རྟེན་ཞེས་བྱ་བ། མཆོད་རྟེན་ནག་པོ་བོན་ལུགས་སུ་བཞེངས་སུ་གསོལ་ཏེ། ལས་དཔོན་ངན་ལམ་སྟག་ར་ཀླུ་གོང་གིས་མཛད། ཞེས་པའི་བར་གྱིས་སྐབས་དེར་མིང་གྲགས་ཆེ་བའི་དཔོན་བློན་རྣམས་ཀྱིས་བཞེངས་སྐྲུན་བྱས་པའི་དམིགས་བསལ་གྱི་མཆོད་རྟེན་ཆེན་པོ་བརྒྱད་ཀྱི་མཚན་གྲངས་དང་། དེ་དག་ས་གནས་གང་ཞིག་ལ་བཞེངས་པ། ལས་དཔོན་དང་སྦྱིན་བདག་སུ་ཞིག་གིས་མཛད་པ་བཅས་གསལ་བར་འཁོད་ཡོད། ལོ་རྒྱུས་འདི་དག་གིས་སྔར་དུས་སུ་བོན་གྱིས་མཆོད་རྟེན་བཞེངས་རབས་རྣམས་གཏམ་རྒྱུད་ཙམ་དང་ཁ་བཤད་ཟེར་སྒྲོས་ཙམ་དུ་མ་ཡིན་པར་དངོས་སུ་ས་གནས་ས་ཐོག་གང་ཞིག་ལ་མཆོད་རྟེན་ཇི་འདྲ་བཞེངས་སྐྲུན་བྱས་པའི་ལོ་རྒྱུས་གསལ་སྟོན་བྱས་པ་ཞིག་རེད། སྐབས་དོན་མཆོད་རྟེན་གྱི་མཚོན་དོན་རགས་ཙམ་ཞུས་ན། གཞུང་དེ་ཉིད་ ལས། སྤྱིར་ན་ཡོན་ཏན་གྱི་བཞེད་གཞུང་བསྟན་པའི་སྐབས་སུ། རྩིས་འགོ་རྣམ་པ་དྲུག་གི་སྒོ་ནས་བསྟན་ཏེ། གཡུང་དྲུང་གི་བོན་སོ་སོར་གསལ་ལ་ཕྱེ་བ་མེད་པ་སུམ་བརྒྱ་དྲུག་ཅུ་རུ་བཤད་པ་དང་གཅིག མཆོད་རྟེན་རེ་རེ་ལ་ཡོན་ཏན་གྱི་དོན་དུ་མ་དང་ལྡན་པར་བཤད་པ་དང་གཉིས། མཆོད་རྟེན་གྱི་སྐུ་རེ་རེ་དང་། ལྷ་ཡི་སྐུ་རེ་རེ་སྤྲད་དེ་བཤད་པ་དང་གསུམ། མཆོད་རྟེན་འཇིག་རྟེན་གྱི་གཏོས་དང་སྦྱར་ཏེ་བཤད་པ་དང་བཞི། མཆོད་རྟེན་བདག་ཉིད་དང་དབྱེ་རུ་མེད་པར་བཤད་པ་དང་ལྔ། མཚན་དང་དཔེ་བྱད་ལས་འབྲུ་བཅོམ་སྟེ་བཤད་པ་དང་དྲུག་གི་སྒོ་ནས་མཆོད་པའི་རྟེན་མཆོག་འདི་ཉིད་ལ་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་དུ་མ་སྤྲོས་ཏེ་བཤད་ཡོད། དེ་བཞིན་གཟི་བརྗིད་སྐུ་གདུང་བསྟན་པ་རྗེས་བཞག་ ལས། བདེ་བར་གཤེགས་པའི་ཐུགས་རྟེན་གྱི། །སྐུ་གདུང་མཆོད་རྟེན་རིམ་པ་ལ། །ཞེས་པ་ནས། ཕྱི་ནང་གསང་གསུམ་བོན་དང་སྦྱར། །ཞེས་པའི་བར་གྱིས་མཆོད་རྟེན་དེ་ཉིད་སྤྱིར་ཕྱི་སྣོད་སྟོང་གསུམ་དང་། སྒོས་སུ་ཚངས་རྒྱུང་འཇིག་རྟེན་གྱི་བོན་དང་སྦྱར་ཚུལ། ནང་བཅུད་རིས་དྲུག་གི་སེམས་ཅན་དང་སྦྱར་ཚུལ། ཞི་རྒྱས་དབང་དྲག་ལས་བཞི་རྒྱུན་གྱི་ལྷ་ཚོགས་དང་སྦྱར་ཚུལ། གསང་བ་འཁོར་འདས་བོན་དང་ཐེག་པའི་རིམ་པ་བཅས་ལ་སྦྱར་ཚུལ་བཅས་ཟབ་དོན་རྒྱ་ཆེ་གཏིང་ཟབ་འཆད་རྒྱུ་འདུག མདོར་ན་ཕྱི་ཀུན་རྫོབ་ཀྱི་དམིགས་རྟེན་འདི་ལ་བརྟེན་ནས་ནང་དོན་དམ་གྱི་མཚོན་དོན་ཡོངས་སུ་རྫོགས་པར་གྲུབ་ཚུལ་བཤད་པ་འདི་དག་གིས་མཆོད་རྟེན་ནི་ཐ་མལ་བས་སྣང་ཚོད་ལྟར་ས་རྡོ་ཟངས་ལྕགས་ཀྱི་རྣམ་ཅན་འདི་ཙམ་མ་ཡིན་པར་དེ་ལ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་གསུམ་གྱི་ཚབ་མཚོན་ཁྱད་བོན་རེ་འདུས་ཡོད་པར་བསྟན་ཡོད། དེ་ལྟར་སྐུ་རྟེན་དང་སྦྱར་ཏེ་མཆོད་རྟེན་ལྷ་སྐུའི་ཆ་ཚད་གཅིག་ཏུ་བསྟན་ནས་ལྷ་སྐུའི་ཆ་རེ་རེ་དང་མཆོད་རྟེན་གྱི་ཆ་རེ་རེའི་བོན་དང་སྦྱར་ཡོད་པ་དང་། གསུང་རྟེན་དུ་ལྷ་སྔགས་ཡི་གེའི་གཟུངས་གཞུག་རྣམས་སྲོག་ཤིང་དང་ལྷན་དུ་བསྒྲིལ་ཏེ་མཆོད་རྟེན་གྱི་བཅུད་དུ་བཞུགས་སུ་གསོལ། ཐུགས་རྟེན་དུ་སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་ཀྱི་རིང་སེལ་དང་རྩ་ཆེའི་དམ་རྫས་རྟེན་རྫས་རྣམས་ནང་རྟེན་དུ་བཞུགས་ཤིང་དེ་དག་ལ་རྗེས་འཇུག་གཡུང་དྲུང་སེམས་དཔའ་སེམས་མ་རྣམས་ཀྱིས་མངའ་དབུལ་རབ་གནས་ཀྱི་འཕྲིན་ལས་དགོས་པས་ཕྱི་ནང་གསང་བའི་བདུད་རྣམས་ཉེ་ཡང་མི་ནུས་པའི་ཁྱད་བོན་མཐུ་བྱིན་ལྡན། དེས་ན་མཆོད་རྟེན་ནི་སངས་རྒྱས་ཀྱི་ཐུགས་རྗེའི་འོད་ཟེར་རབ་ཏུ་འབར་བའི་རྟེན་ཁྱད་དུ་འཕགས་པ་ཞིག་ཡིན་པར་ཤེས་དགོས་པ་ཡིན། དེ་ལྟར་གོང་བཤད་རྣམ་གྲངས་བརྒྱད་དང་རྩིས་འགོ་དྲུག་གི་དོན་རེ་རེའི་བཤད་པ་སྐབས་ཀྱི་ས་མིག་གིས་སྟོང་བས་འདིར་རྩིས་འགོ་གཉིས་པ་མཆོད་རྟེན་རེ་རེ་ལ་ཡོན་ཏན་གྱི་དོན་དུ་མ་དང་ལྡན་པར་བཤད་པ་འདི་ཉིད་ཀྱི་སྒོ་ནས་དཔེ་དོན་སྦྱར་ཚུལ་ཅུང་ཞིག་དྲངས་ན། དེ་ཡང་ རྨེང་གཞི་མི་འགྱུར་བ་གཡུང་དྲུང་གི་ཀློང་དགུ་དང་སྦྱར་ཏེ་བཤད་པ་དང་། ཁྲི་འཕང་དང་པོ་ནི་འབྱུང་བ་ཆེན་པོ་རླུང་དང་སྦྱར་ཏེ་བཤད། ཁྲི་འཕང་གཉིས་པ་མེ་དང་། གསུམ་པ་ཆུ། བཞི་པ་ས་དང་སྦྱར་ཏེ་བཤད། རི་རབ་ནི་སྐུ་ལྔ་དང་སྦྱར། བང་རིམ་དང་པོ་ནི་དགེ་བ་བཅུ་དང་སྦྱར། བང་རིམ་གཉིས་པ་དྲན་པ་ཉེར་བཞག་བཞི་དང་སྦྱར། བང་རིམ་གསུམ་པ་རྫུ་འཕྲུལ་གྱི་རྐང་པ་བཞི་དང་སྦྱར། བང་རིམ་བཞི་པ་ཤེས་པ་བཅུ་དང་སྦྱར། མགུར་ཆུ་ནི་ཏིང་འཛིན་བརྒྱད་ཅུ་རྩ་གཉིས་དང་སྦྱར། བུམ་པ་སྟོང་ཉིད་བཅོ་བརྒྱད་དང་སྦྱར་ཏེ་བཤད། བྲེ་ནི་གཤེན་རབ་ཀྱི་ལམ་བཞི་དང་སྦྱར། སྲོག་ཤིང་ནི་ཐར་པའི་ལམ་བརྒྱད་དང་སྦྱར། འཁོར་ལོ་ནི་མི་འཇིགས་པའི་སྟོབས་བཅུ་གསུམ་དང་སྦྱར། ཆར་ཁེབ་ནི་ཐུགས་རྗེ་ཆེན་པོ་བཞི་དང་སྦྱར། བྱ་རུ་ནི་ཐབས་དང་ཤེས་རབ་གཉིས་དང་སྦྱར། ཏོག་ནི་བོན་སྐུ་བདེ་བ་ཆེན་པོ་དང་སྦྱར། བྱ་གྲི་ནི་ཡེ་ཤེས་ཆེན་པོའི་དོན་དང་སྦྱར་ཏེ་བཤད་དོ། །དོན་རེ་རེ་དང་སྦྱར་ཞེས་པ་ནི་དཔེ་འཕྲུལ་འཁོར་དང་སྦྱར་ན། གང་ཟག་གི་རྟོག་དཔྱོད་དང་དངོས་པོའི་བྱེད་རྩོལ་ལ་བརྟེན་ནས་གྲུབ་པའི་འཕྲུལ་འཁོར་གྱི་ལྷ་ལྷུ་རེ་རེ་ལ་བྱེད་ནུས་རེ་ཡོད་པ་དང་། བྱེད་ནུས་རེ་རེ་ནས་གང་ཟག་གི་རྟོག་དཔྱོད་དང་འབྲེལ་ཞིང་དེ་གཉིས་ཟུང་འབྲེལ་གྱི་རྒྱུ་རྐྱེན་འཛོམས་ཚེ་དོན་བྱེད་ནུས་པ་སྟེ་གནམ་ལ་འཕུར་བ་དང་། ས་ལ་འཛུལ་བ། བར་ན་འགྲིམས་པ་སོགས་ལས་སྟོབས་ལྡན་རེ་བསྐྱེད་ཐུབ། དེ་བཞིན་མཆོད་རྟེན་གྱི་ཆ་བཀོད་རེ་རེ་ལ་མཚོན་དོན་རེ་ཡོད་པ་དང་། དེ་རེ་རེ་ནས་བདག་སྒྲུབ་པ་པོའི་སེམས་ཁམས་དང་འབྲེལ་ཞིང་དེ་ལ་བརྟེན་ནས་དད་གུས་ཀྱི་ཡོན་ཏན་བསྐྱེད་ཐུབ་པ་དང་། དེ་རྣམས་ཕན་ཚུན་མཚོན་བྱ་མཚོན་བྱེད་དང་སྣང་སྟོང་ཡེ་ཤེས་སོགས་ངོ་འཕྲོད་ཚེ་ལྷ་དང་སྦྱར་ན་ལྷ་རུ་ངོ་འཕྲོད་རྒྱུ་ཡོད་ལ། དེ་ལྟར་ཕྱི་སྣོད་ནང་བཅུད་ཐེག་རིམ་སོགས་ཕྱི་ནང་གསང་གསུམ་གང་ལ་སྦྱར་ཡང་གོ་དོན་རེ་ཡོད་པས་དེས་ན་མཆོད་རྟེན་ནི་རང་གཞན་གྱི་དད་པ་སྐྱེ་བའི་རྒྱུ་དང་སྡུག་བསྔལ་སེལ་བའི་རྟེན་དུ་གྱུར་པ་ཞིག་ཡིན་པར་བརྟེན་དེ་ལ་དོན་དང་སྦྱར་ཞེས་སོ། །མདོ་དོན་མཐར་གཏུགས་ན་མཆོད་རྟེན་སོགས་སངས་རྒྱས་ཀྱི་རྟེན་ཇི་འདྲ་ཞིག་ཡིན་ནའང་བྱུང་ཕུག་དང་གྲོལ་མཐའ་གཉིས་ཀ་གཞི་ཡི་ཀློང་དུ་མ་ཐུག་པ་མེད་པར་ཤེས་དགོས་པ་དེ་གལ་ཆེ་བ་ཡིན་ནོ། །དེ་ཡིན་ཏེ། མཆོད་རྟེན་གྱི་གཞུང་ ལས། དེ་བཞིན་མཆོད་རྟེན་གྱི་སྐུ་རེ་རེ་དང་ལྷའི་སྐུ་རེ་རེ་སྤྲད་དེ་བཤད་པ་ནི། སྤྱིར་མཆོད་རྟེན་ཞེས་བྱ་བ་ནི། བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་ན་ཡང་། དང་པོ་བྱུང་ཡང་བོན་གྱི་སྐུ་བདེ་བ་ཆེན་པོ་ལས་བྱུང་ལ། འདུས་ཀྱང་བོན་གྱི་སྐུ་བདེ་བ་ཆེན་པོ་ལ་འདུས་པས། །ལྷ་ཡང་མཆོད་རྟེན། མཆོད་རྟེན་ཡང་ལྷ་ཡིན་པས་གཉིས་སུ་མེད་པར་དོན་གཅིག་ན་ཡང་། མཆོད་རྟེན་ལྷའི་གཟུགས་བརྙན་དང་སྤྲུལ་པ་བྱུང་བ་ཡིན་པས། ལྷ་རེ་རེ་དང་མཆོད་རྟེན་རེ་རེ། སྐུ་དང་ཡེ་ཤེས་གཉིས་སུ་མེད་པར་དོན་དམ་དུ་ངོ་སྤྲད་དེ་བཤད་ཡོད་པ་འདི་དག་གི་གོ་དོན་ཚུལ་བཞིན་དགྲོལ་ཐུབ་པ་ཞིག་ཡིན་ཚེ་མཆོད་རྟེན་ལྷ་སོགས་དང་སྦྱར་བའི་རྟེན་འབྲེལ་གྱི་གནད་ཀྱང་ཤེས་ཐུབ་པར་སྙམ། གཡུང་དྲུང་བོན་གྱི་མཆོད་རྟེན་གྱི་ལོ་རྒྱུས་དང་། བཟོ་དབྱིབས། ངོ་བོ་སོགས་ཞིབ་ཕྲར་མཁྱེན་འདོད་པ་རྣམས་ཀྱིས་མདོ་དྲི་མེད་གཟི་བརྗིད་དང་། གཡུང་དྲུང་ལས་དག མཆོད་རྟེན་གྱི་གཞུང་བཅས་ལ་གཟིགས་ན་ཞིབ་ཕྲར་གསལ་བས་འདིར་འབྲི་བའི་ངལ་བ་བྱས་མེད། སྐབས་འདིར་དཔར་སྐྲུན་དང་འབྲེལ་བའི་གསལ་བཤད་དགོས་པ་ཞིག་ལ་ཐོག་མར་དཔེ་དེབ་འདི་ཉིད་ཀྱི་རྩ་བའི་ལོ་རྒྱུས་ནི་༧ཡོངས་འཛིན་སློབ་དཔོན་ཆེན་མོས་ ༡༩༨༤ ལོར་"གཟི་བརྗིད་"<སྐུ་གདུང་བསྟན་པ་རྗེས་བཞག་>རྩ་བར་བཞག་སྟེ་བཟོ་རིག་གསལ་རྒྱན་འདི་ཉིད་སློབ་ཁྲིད་ཀྱི་ཞོར་ལས་སུ་བརྩམས་པ་དང་། སློབ་མ་རྣམས་ལ་མིག་དཔེའི་ཆེད་སྤྲུལ་པའི་མཆོད་རྟེན་ ༡༢༠ ཕལ་ཆེར་ཤོག་ཐོག་ཏུ་སྐྱ་རིས་གྲུབ་ཡོད་ནའང་དཔར་སྐྲུན་གྱི་མཐུན་རྐྱེན་མ་འབྱོར་བར་རང་མལ་དུ་ལྷག དེ་རྗེས་ཉིད་ཀྱི་ཞལ་སློབ་དགེ་བཤེས་རྣམ་དག་གཙུག་ཕུད་ལགས་ཀྱིས་མཆོད་རྟེན་གྱི་སྐྱ་རིས་དང་བཤད་པ་མཉམ་སྦྲགས་ཀྱི་དཔེ་དེབ་ཐོག་མ་དེ་མིག་སྔར་འགྲེམས་སྤེལ་ཞུས། སླར་ ༢༠༠༡ ལོར་༧ཡོངས་འཛིན་སློབ་དཔོན་ཆེན་མོས་ཞལ་བཀོད་འོག་ཉི་ཧོང་གི་བོན་ཞིབ་འཇུག་ཚོགས་པ་དང་མཉམ་ལས་ཐོག་སྤྲེལ་བཙུན་ཀུན་བཟང་ལྷུན་འགྲུབ་དང་ཕུན་ཀོ་གཉིས་ཀྱིས་མཆོད་རྟེན་རྣམས་རས་གཞིའི་ཐོག་ཚོན་རིས་ཅན་གྱི་ཐང་སྐུ་བཞེངས་ཏེ་རྒྱ་པན་གྱི་རྒྱལ་ས་ཨོ་ས་ཁའི་འགྲེམས་སྟོན་ཁང་ལ་སྤྱན་གཟིགས་སུ་བསྒྲིགས་བཤམས་བྱས་ཡོད་ཀྱང་དེབ་གཟུགས་སུ་དཔར་སྐྲུན་བྱས་པ་མེད། དེ་རྗེས་ཉི་ཧོང་བོན་ལུགས་ཞིབ་འཇུག་ཚོགས་པ་ (National Museum of Ethnology Osaka)ནས་འདི་གའི་དཔེ་མཛོད་ཁང་དུ་དཔར་སྐྲུན་ཞུ་རྒྱུའི་ཆོག་མཆན་དང་བཅས་ཏེ་མ་དཔེ་མཁོ་འདོན་གནང་བ་དང་། ཉི་ཧོང་གི་མཁས་དབང་སྐུ་ཞབས་ན་ག་ནོ་(Yasuhiko Nagano)ལགས་ནས་ཀྱང་ལས་དོན་འདི་དང་འབྲེལ་བའི་རོགས་པ་གནང་བ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། འདི་ནས་མཆོད་རྟེན་གྱི་ཐང་ཀ་དེ་དག་དངོས་སུ་དེབ་གཟུགས་སུ་དཔར་སྐྲུན་ཞུ་རྒྱུའི་ལས་དོན་བཤམས་ཏེ་ཡོངས་འཛིན་སློབ་དཔོན་རིན་པོ་ཆེ་མཆོག་དང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱི་བཀའ་དགོངས་ལྟར། སླར་དཔོན་སློབ་ཚངས་པ་བསྟན་འཛིན་མཆོག་གིས་བསྐྱར་ཞིབ་གནང་སྟེ་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་ལམ་སྟོན་བཞིན་རང་དགོན་གྱི་རི་མོ་བ་བློ་གྲོས་འོད་གསལ་དང་། གཙུག་ཕུད་དབང་རྒྱལ། ཤེས་རབ་མཆོག་རྒྱལ། དཔལ་གྱི་དབང་ཕྱུག་བཞིས་མཆོད་རྟེན་བཅུ་དགུ་ཙམ་ཞིག་བསྐྱར་འབྲི་བརྗེ་སྤོར་དང་ལེགས་བཅོས་གང་འཚམས་མཛད་ནས་མཐར་མཆོད་རྟེན་ ༡༡༨ ཡོད་པའི་དཔེ་དེབ་འདི་ཉིད་རྒྱ་ཆེའི་སྤྱན་ལྡན་རྣམས་ཀྱི་མདུན་སར་བཤམས་ཐུབ་པ་བྱུང་ཡོད། ད་དུང་མཆོད་རྟེན་ཁ་ཤས་ཀྱི་ཐིག་ཚད་གློག་ཀླད་ནང་བཟོས་ཏེ་འདིར་དཔེ་མཚོན་གྱི་ཚུལ་དུ་བཀོད་ཡོད་པ་འདི་རྣམས་ཀྱི་ཐིག་ཚད་ཚུལ་བཞིན་ཤེས་ན་མཆོད་རྟེན་གཞན་གྱི་ཐིག་ཚད་སྦྱང་མི་དགོས་པར་རིགས་འགྲེའི་ཐོག་ནས་ཤེས་ཐུབ་པ་ཡིན་པས་འདི་ནི་གསར་བུ་ལས་དང་པོ་བ་རྣམས་ལ་ལྟོས་ན་སྟབས་བདེའི་སློབ་དེབ་ཅིག་ཏུ་ངོས་འཛིན་གནང་ཆོག
འདི་ཉིད་དཔར་སྐྲུན་ཞུས་པའི་དམིགས་ཡུལ་ནི་ད་སྔོན་བོན་གྱི་མཆོད་རྟེན་སྐོར་གྱི་བཟོ་གནས་ཤེས་བྱ་གང་ཞིག་མ་ཤེས་མ་ཐོས་མ་མཐོང་བ་རྣམས་ཀྱིས་བོད་རང་ལ་དུས་རབས་བདུན་པའི་ཡར་སྔོན་ནས་མཆོད་རྟེན་བཞེངས་སྐྲུན་སོགས་ཀྱི་བཟོ་རིག་གི་གནས་ཚད་མཐོན་པོར་ཡོད་པ་ལས་བོད་ཀྱི་རིག་གནས་ཐམས་ཅད་ཡུལ་གྲུ་གཞན་ནས་གཡར་བ་མ་ཡིན་པར་ཤེས་པའི་ཆེད་དང་། ལྷག་པར་བོན་པོའི་སྤྱི་ཚོགས་ཁྲོད་རྒྱུད་གཞུང་ཁུངས་ལྡན་གང་ལས་ཀྱང་མ་གསལ་བའི་མཆོད་རྟེན་སྣ་ཚོགས་བཞེངས་པའི་ལུགས་སྲོལ་སྔར་ནས་ད་བར་རྒྱུན་འཇགས་སུ་གནས་ཤིང་ཁུངས་ལུང་ལ་དཔྱད་མི་ཤེས་པར་ནོར་བ་རྒྱུན་འབྱམས་ཀྱི་ལམ་དུ་འགྲོ་མཁན་རྣམས་ཀྱིས་རང་ནོར་ངོ་མ་དེ་ཉིད་ཀྱི་བྱུང་ཁུངས་དང་ངོ་བོ་གསལ་པོར་རྟོགས་པའི་ཆེད་སོགས་ལ་དམིགས་ཏེ་རྒྱུ་གྲོན་དང་དཀའ་ཚེགས་ལ་མ་འཛེམ་པར་དཔར་སྐྲུན་ཞུས་པ་ཡིན།
དེབ་འདི་དཔར་སྐྲུན་ཞུས་པའི་གོ་རིམ་ནང་ཕྱར་གྲུ་མཉམ་འདེགས་གནང་མཁན་དགེ་བཤེས་ཡོན་ཏན་ཕུན་ཚོགས་དང་། དགེ་བཤེས་བསྟན་འཛིན་སྐལ་བཟང་། ཁུ་སི་སྟོབས་ཕི་(Christophe)སོགས་བསྟན་ལ་སྲི་ཞུ་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱད་པར་དུ་འདི་བཞེངས་དགེ་བའི་ལེགས་ཚོགས་གང་མཆིས་༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་གཙོས་གཤེན་བསྟན་འཛིན་པ་ཡོངས་ཀྱི་ཞབས་པད་བསྐལ་བརྒྱར་བརྟན་པའི་རྒྱུ་རུ་འགྱུར་བའི་སྨོན་འདུན་དང་བཅས་ཏེ་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས་ཧོར་ཚང་དགེ་བཤེས་བསམ་གཏན་གཙུག་ཕུད་ཀྱིས་བྲིས།། །།