ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> དཔེ་ཚོགས། >> གཡུང་དྲུང་བོན་གྱི་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཞལ་ཐང་ཀུན་འདུས་པར་དུ་བསྐྲུན་པ།
གཡུང་དྲུང་བོན་གྱི་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཞལ་ཐང་ཀུན་འདུས་པར་དུ་བསྐྲུན་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་ཡོན་ཏན་ཕུན་ཚོགས།] [ཟླ་ཚེས། 11-02-21] [ཀློག་གྲངས། ]


གཡུང་དྲུང་བོན་གྱི་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཞལ་ཐང་ཀུན་འདུས།

རྩ་གསུམ་དམ་ཅན་རྒྱ་མཚོས་དུས་རྣམས་ཀུན་ཏུ་སྲུང་གྱུར་ཅིག

གཅིག ཞང་ཞུང་ཤེས་རིག་གི་ཚེ་སྲོག་དང་འབྲེལ་བའི་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་གྱི་མ་ལག་ཐང་སྐུ་འབྲི་བཞེངས་ཀྱི་རྣམ་པ་འདི་ཉིད་བོད་རང་ས་རུ་གཡུང་དྲུང་གི་བོན་ཆོས་དང་ལྷན་ཅིག་ཏུ་དར་བ་ཞིག་ཡིན། དེ་ཡང་རོབ་བརྗོད་ཙམ་བྱས་ན། ཁྲོ་བོའི་རྒྱུད་དྲུག་ ལས། ཡང་ན་རི་མོའི་རྒྱུ་བཞི་ལས། །རས་དང་རྩིག་ངོས་ཤིང་ཤུན་དང་། །གྲོ་ག་དག་ལ་བྱ་བའོ། །ཡང་ན་འབུར་དུ་དོད་པའམ། །ལུགས་སུ་བླུགས་དང་འཇིམ་པ་ལ། །འདོམ་གང་ལ་སོགས་ཚད་དུ་བྱས། །ཞེས་རས་གཞི་དང་། རྩིག་ངོས། ཤིང་ཤུན། གྲོ་ག་བཅས་རི་མོ་འབྲི་སའི་རྒྱུ་བཞི་ལ་བརྟེན་ནས་དེའི་ཐོག་ཏུ་བདེ་བར་གཤེགས་པའི་སྐུ་བརྙན་འབྲི་བའམ། ཡང་ན་རྒྱུ་ས་འདམ་ལ་བརྟེན་ནས་སྐུ་བརྙན་གྱི་རྣམ་པ་འབུར་དུ་དོད་པ་དང་། གསེར་དངུལ་སོགས་ལ་བརྟེན་ནས་ལུགས་སུ་བླུགས་པ་བཅས་བཞེངས་བསྐྲུན་བྱེད་པའི་བཟོ་གནས་ལག་ཤེས་འདི་ཉིད་བོད་རྒྱལ་གཉའ་ཁྲི་ཡབ་སྲས་ཀྱི་སྐུ་དུས་ནས་ཡོད་པར་གསལ། དེ་བཞིན་རྫོགས་པ་ཆེན་པོ་ཡོངས་རྩེ་ཀློང་ཆེན་ ལས། གསུམ་པ་ལྷ་སྐུ་བཞེངས་པ་ལ་གཉིས་ཏེ། ཞེས་པ་ནས། དེ་རང་གིས་ཆོག་པའི་རབ་གནས་ཡིན། ཞེས་པའི་བར་གྱིས་སྐུ་ཁྱད་པར་ཅན་བཞེངས་པའི་ཟླ་དུས་ཚེས་གྲངས་དང་། དེ་བཞེངས་མཁན་གྱི་ལྷ་བཟོ་དེས་ཞུ་དགོས་པའི་གདམས་པ། སྤང་དགོས་པའི་ཁ་ཟས། བསྒྲུབ་དགོས་པའི་ལག་ལེན། མཐར་བཀྲ་ཤིས་མཆོད་འབུལ་རབ་གནས་བཅས་ཇི་ལྟར་དགོས་པའི་རྣམ་བཞག་གསལ་བར་འཁོད་ཡོད་པ་དང་། དེ་མུས་མཁའ་འགྲོའི་སྒྲུབ་ཁྲིད་ ལས། རིན་པོ་ཆེའི་གའུར། བླ་མའི་སྐུ་འབག་དང་། རང་གང་བྱེད་ཡི་དམ་མམ། གཤེན་རབ་ཀྱི་སྐུ་ཙན་དན་ལ་བྲིས་པ་དང་། མཁའ་འགྲོའི་སྐུ་གསུམ་བྲིས་ལ་བཞུགས། ཞེས་སོགས་སྔོན་རྗེས་དུ་མར་བླ་མ་ཡི་དམ་མཁའ་འགྲོ་སོགས་ཀྱི་སྐུ་བརྙན་འབྲི་བའི་ཚུལ་གསལ་བར་འཁོད་ཡོད་པ་འདི་དག་དང་། ཞང་བོད་རིག་གནས་ཀྱི་སྲོལ་འབྱེད་ཆེན་པོ་སྟོན་པ་གཤེན་རབ་མི་བོས་རིག་པའི་གནས་ལྔ་དང་། ལྷག་པར་བཟོ་རིག་བསྟན་ནས་རིམ་བཞིན་ཞང་བོད་ལྗོངས་སུ་དར་སྲོལ་བྱུང་བའི་སྐོར་ཟུར་དུ་བཀོད་ཡོད་པ་རྣམས་ཀྱིས་བོད་ཀྱི་ལྷ་བྲིས་རིག་གནས་ཀྱི་འགོ་བོ་འཇོག་སའི་ཕུགས་ཇི་ལྟར་ཡོད་མེད་གསལ་བཤད་བྱས་པ་ཞིག་ཡིན། རིག་གནས་གང་དང་གང་ཞིག་ཡིན་ཡང་དང་པོ་ནས་ཚད་ཡོངས་སུ་རྫོགས་པ་མེད་ཀྱང་རིམ་བཞིན་ལག་ལེན་དང་ཉམས་མྱོང་ལ་བརྟེན་ནས་སྔ་མ་ལས་ཕྱི་མ་རྣམས་མཐུས་སྒོ་ཇེ་ཚང་དང་། སྤུས་ཚད་ལེགས་སུ་འགྲོ་བ་བཞིན་རང་ཅག་ཁ་བ་གངས་ཅན་པའི་བཟོ་རིག་འདི་ཡང་ལམ་འདི་ལ་བརྟེན་ནས་ཡར་རྒྱས་བྱུང་བ་ཤེས་དགོས་པ་ཡིན། དེ་ལྟའི་ཞང་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་གྱི་རིག་གནས་འདི་ཉིད་རྡོ་ལག་བརྒྱུད་དང་ཆུ་ལམ་ཞུགས་ཚུལ་གྱིས་ཞང་བོད་ཤེས་རིག་དང་ལྷན་དུ་ད་བར་གསོན་པོར་གནས་ཐུབ་ཡོད་ནའང་འདི་ཉིད་ཆོས་ལུགས་དང་འོ་ཆུ་གཅིག་འདྲེས་སུ་གྱུར་ཡོད་སྟབས་དེ་ལ་འགལ་རྐྱེན་མང་ལ་མཐུན་རྐྱེན་ཉུང་བ་སོགས་རྒྱུ་མཚན་སྣ་ཚོགས་ཀྱི་སྒོ་ནས་འཛམ་གླིང་ཤེས་རིག་གི་གདེང་ཆའི་ཐོག་ཏུ་ད་དུང་ཡང་གྲགས་འགུལ་ཆེན་པོ་བྱེད་ཐུབ་ཀྱི་མེད་སྟབས་བཟོ་རིག་བརྒྱུད་འཛིན་གྱི་མི་རབས་གསར་པ་བསྐྱེད་བསྲིང་དང་། བཟོ་རིག་གི་ཐོན་དངོས་རྣམས་དེབ་དང་དྲྭ་རྒྱ་སོགས་དེང་རབས་དང་མཐུན་པའི་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་འགྲེམ་སྤེལ་བྱེད་པ། སྲོལ་རྒྱུན་གྱི་འབྲི་སྲོལ་ཐོག་དེང་རབས་རི་མོའི་ལེགས་ཆ་བསྡུ་དགོས་པ་བཅས་ནི་ཞང་བོད་བཟོ་རིག་འཕེལ་རྒྱས་ཀྱི་ཆ་རྐྱེན་གལ་ཆེ་ཤོས་དེ་ཡིན།

གཉིས། དེ་སྔོན་ཆགས་འཇིག་གི་ལོ་རྒྱུས་མང་པོ་ཕྱིར་དྲན་བྱེད་ཐུབ་ཅིང་སྲུང་སྐྱོབ་ཀྱི་གོ་ཆ་བཙན་པོ་རུམ་དུ་ལེན་ཤེས་པའི་མི་བུ་རེ་ཟུང་གིས་མདུན་བསྐྱོད་ཀྱི་གོམས་པ་བརྟན་པོ་བཟུང་སྟེ་རང་གི་རིག་གནས་སྲུང་སྐྱོབ་དང་། རྒྱུན་སྐྱོང་གནང་ནས་གྲ་མ་ཉམས་གྲུ་མ་གྲུག་པར་ད་ལྟའི་མི་རབས་ཚོའི་ལག་ཏུ་བཞག་པའི་བཀའ་དྲིན་བསྐྱངས་པ་དང་། དེ་སྔོན་ང་ཚོས་ངག་ནས་བརྒྱ་ཕྲག་མང་པོ་འབོད་མྱོང་བའི་རྩ་གསུམ་དམ་ཅན་རྒྱ་མཚོའི་ལྷ་ཚོགས་རྣམས་ཡིད་ངོར་བཀོད་པ་ཙམ་གྱིས་མ་ཚད་རྣམ་པའི་གཟུགས་རིས་རྣམས་མིག་སྔར་དངོས་སུ་ལོངས་སྤྱོད་བྱེད་ཐུབ་པའི་ཕྱག་རྗེས་བསམ་གྱིས་མི་ཁྱབ་པ་ཞིག་བཞག་ཡོད་པ་འདི་རྣམས་ནི་དམ་པ་དེ་དག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་གྲུབ་པ་ཞིག་ཡིན། དེས་ན་དཔེ་དེབ་འདིའང་དེ་དག་ནང་གི་ཆ་ཤས་གལ་ཆེན་ཞིག་ཡིན་པ་སྟེ། དེ་སྔོན་བོན་གྱི་ཐང་སྐུ་རྣམས་ཁ་འཐོར་ཡ་འཐོར་གྱི་རྣམ་པ་མང་ཡང་ཕྱོགས་གཅིག་ཏུ་བསྡུས་འགོད་གནང་ནས་ལུང་མཐུན་ཞལ་བཀོད་དང་། མཚོན་དོན་འགྲེལ་བཤད་སྦྲགས་མའི་ལམ་ནས་བལྟ་བདེ་ཁུར་ཆོག་གི་དཔེ་དེབ་བཟོ་མཁན་ཧ་ཅང་ཉུང་། དེར་བརྟེན་ཁོ་བོ་ཅག་གིས་ལོ་རྒྱུས་ལ་ཕྱིར་དྲན་བྱས་པའི་བརྒྱུད་རིམ་ཁྲོད་དགོས་ངེས་ཀྱི་ལེགས་ཆ་ལག་ཏུ་བླངས་ནས་འདི་ཉིད་དུས་རབས་གསར་པའི་གོམ་འགྲོས་དང་བསྒྲིགས་ཏེ་ལས་གཞིའི་དབུ་བསླངས་པ་དང་། དངོས་གཞི་འབྲི་བཞེངས་ལག་ཤེས་ཀྱི་ཐད་དེ་སྔོན་བོད་ཀྱི་སྲོལ་རྒྱུན་ལྷ་རིས་སྒྱུ་རྩལ་ཨང་དང་པོའམ་ཡངས་རྩེ་རུ་འབོད་མྱོང་བའི་ལྡོང་ལུགས་རི་མོའི་སྒྱུ་རྩལ་ལ་བརྟེན་ནས་ལེགས་གྲུབ་བྱུང་བ་ཞིག་ཡིན།

གསུམ། མཚམས་འདིར་བརྗོད་དགོས་པ་ཞིག་ལ་དཔེ་དེབ་འདི་ཉིད་དཔར་སྐྲུན་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་དེ་སྔོན་༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་ཆེན་མོ་དང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱིས་ཐུགས་རྗེའི་འོད་ཟེར་འཛད་མེད་བརྐྱངས་བའི་སྐུ་དྲིན་འོག་ ༢༠༠༤ ལོར་ཉི་ཧོང་བོན་ཞིབ་འཇུག་པ་རྣམས་དང་མཉམ་འབྲེལ་ཐོག་བོན་གྱི་ཐང་སྐུ་ ༤༩ ཙམ་འབྲི་བཞེངས་ཀྱི་དབུ་བཙུགས་ཏེ་ ༢༠༠༦ ལོར་(Bon Studies 10) བོན་སློབ་གཉེར་དེབ་ཕྲེང་བཅུ་པ་སྟེ་(Bonpo Thankas from Kyungpo)ཁྱུང་པོའི་བོན་གྱི་ཐང་ཀ་ཞེས་པའི་དཔེ་དེབ་ཅིག་རྒྱ་ཆེའི་ཞིབ་མཇུག་མི་སྣ་དང་མཐོ་རིམ་དཔེ་མཛོད་ཁང་གང་སར་འགྲེམ་སྤེལ་གཅེས་བཞག་གནང་ཡོད་ཀྱང་ད་དུང་༧ཡོངས་འཛིན་མཆོག་གི་གསུང་འབུམ་པོད་དྲུག་པ་དང་བདུན་པ་གཉིས་ལས་ཇི་ལྟར་གསལ་བའི་ཞལ་ཐང་གི་ཁ་གྲངས་འཐུས་ཚང་ཞིག་འབྲི་བཞེངས་གནང་ཐུབ་མེད། དེར་བརྟེན་སླར་༧སྐྱབས་རྗེ་ཡོངས་འཛིན་མཆོག་གི་ཐུགས་རྗེའི་འོད་ཟེར་གྱི་ཉག་ཐག་བརྒྱུད་ ༢༠༠༧ ལོར་འདིར་ཡོད་ཐང་སྐུ་རྣམས་འབྲི་བཞེངས་ཀྱི་དབུ་བཙུགས་ཏེ་མཐར་ ༢༠༠༩ ཡི་ལོ་མཇུག་བར་བསྡོམས་ལོ་ངོ་གསུམ་རིང་སྲོལ་རྒྱུན་ལྡོང་ལུགས་རི་མོའི་སྒྱུ་རྩལ་ལ་ནང་བྱན་ཆུབ་པའི་ལྷ་བཟོ་བཅུ་གྲངས་ཀྱིས་དུས་བཞིའི་ཞིང་འབྲོག་གི་ལས་ཀའི་བར་གསེང་ནང་འབད་འབུངས་ལྷོད་མེད་བྱས་མཐར་གོང་བཤད་དཔེ་དེབ་དེར་མ་འདུས་པའི་ཞལ་ཐང་གྲངས་ ༨༥ ཙམ་ཞིག་ལེགས་གྲུབ་བྱུང་ཡོད།

བཞི། འདི་ཉིད་འབྲི་བཞེངས་ཀྱི་ལས་ཀའི་བརྒྱུད་རིམ་ཁྲོད་ཤེས་དགོས་པ་ཞིག་ལ་འདི་ནི་འགོ་མཇུག་མེད་པའི་ཚོང་ལས་དང་། དང་དོད་མེད་པའི་དངོས་ཟོག་དང་། དེ་བཞིན་འདས་པའི་དུས་སྐབས་འགར་དར་སྲོལ་ཆེ་བའི་ངའི་བླ་མའི་གཏེར་ལུགས་དང་། ཁོའི་བླ་མའི་སྙན་རྒྱུད་ཀྱི་ལུགས་ཟེར་བ་ལྟ་བུ་མ་ཡིན་པར་གཡུང་དྲུང་བོན་གྱི་གསང་སྔགས་ཕྱི་ནང་གི་རྒྱུད་དང་། སྒྲུབ་གཞུང་ཁུངས་ལྡན་ལས་བཏུས་པའི་ལྷ་བཀོད་ཚད་ལྡན་དང་བསྟུན་ཏེ་སྤུས་བཞེངས་བྱས་པ་ཡིན་ལ། སྐབས་འགར་རྒྱུད་གཞུང་དང་མཐུན་མིན་དབང་གིས་ཐང་ཀ་རེར་ཐེངས་གཉིས་རེ་བསྐྱར་འབྲི་དགོས་པ་བྱུང་ཡང་རྒྱུ་གྲོན་དང་དཀའ་ཚེགས་ལ་མ་འཛེམ་པར་གཙོ་བོར་སྤུས་ཚད་ཁོ་ནར་དམིགས་ནས་བསྐྱར་འབྲི་བྱས་པ་ཡིན། དེར་བརྟེན་འདི་ནི་འཛམ་གླིང་སྒྱུ་རྩལ་རིག་གནས་ཀྱི་གན་མཛོད་ནང་མེད་དུ་མི་རུང་བའི་ཞང་བོད་ཀྱི་བསྟན་པ་དང་རིག་གནས་ལ་འཐུས་སྒོ་ཚང་དུ་བཏང་བའི་གྲུབ་ཆ་གལ་ཆེན་ཞིག་དང་། སྒོས་སུ་གཡུང་དྲུང་བོན་གྱི་སྐྱབས་འོག་ཏུ་འཁོད་པའི་དད་ལྡན་སེར་སྐྱ་རྣམས་ཀྱིས་བསོད་ནམས་ཚོགས་ཆེན་བསགས་པའི་མཆོད་བསྐོར་གྱི་རྟེན་གལ་ཆེན་ཞིག་སྟེ། ལྷ་ཁང་དང་། གཙུག་ལག་ཁང་བརྒྱ་ཕྲག་ལ་མཆོད་མཇལ་བྱས་ཀྱང་འདི་ལྟ་བུའི་ཡི་དམ་དང་སྲུང་མ་ཀུན་བྲིས་བཞེངས་བྱས་པའི་ལྷ་ཁང་ཞིག་རྙེད་དཀའ་བ་ཡིན་སྟབས་འདི་འདྲའི་ཞལ་ཐང་ཀུན་འདུས་འདི་ཉིད་ལས་ལྷག་པའི་ལྷ་ཚོགས་ཀུན་འདུས་ཀྱི་རྟེན་གསུམ་ཞིག་མི་སྲིད་པ་ཡིན། ཡང་དགོས་རྒྱ་ཆེའི་མཁྱེན་ལྡན་རྣམས་ཀྱིས་གནའ་བོའི་ཞང་ཞུང་དང་། བོན་གྱི་རིག་གནས་འདི་ཉིད་ལ་རྒྱུས་མངའ་ཚད་ལྡན་ཞིག་ཡོང་བ་དང་། བོད་རང་ལ་མི་ལོ་སུམ་སྟོང་གི་ཡར་སྔོན་ནས་ཐང་ཀ་འབྲི་བཞེངས་སོགས་ཀྱི་བཟོ་རིག་དར་ཞིང་རྒྱས་པ་ཡོད་པ་ལས་བོད་ཀྱི་རིག་གནས་ཐམས་ཅད་རྒྱ་ཆོས་དང་ལྷན་དུ་ཧི་མ་ལ་ཡའི་ཕ་རོལ་ནས་ཚུར་དར་བ་མ་ཡིན་པ་ཤེས་པའི་ཆེད་སོགས་དགོས་པ་དུ་མར་དམིགས་ཏེ་རྒྱུ་གྲོན་དང་། དཀའ་ངལ་ལ་གདོང་ལེན་བྱས་པའི་འབྲས་བུ་ལ་མི་ལོ་སྟོང་ཕྲག་དུ་མའི་རིང་སུས་ཀྱང་ཁ་སྐོང་མ་ཐུབ་པའི་ཞང་བོད་རིག་གནས་ཀྱི་སྟོང་ཆ་ཆེན་པོ་དེ་ངེད་ཅག་བླ་སློབ་རྣམས་ཀྱིས་བསྐངས་ཡོད་ཅེས་མགྲིན་པ་བཏེགས་ཏེ་ཞུ་བར་སྤོབས། དེ་ལྟའི་རླབས་ཆེན་གྱི་ལས་དོན་འདི་ཉིད་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་དབུ་འདྲེན་མཛད་པའི་འོག་ཁྱུང་ཡུལ་བསྟན་པའི་གཙུག་རྒྱན་རྣམ་བཞིས་རྒྱུ་གྲོན་ལ་མ་འཛེམས་པར་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་བོན་གྱི་ཞལ་ཐང་ཀུན་འདུས་པའི་དཔེ་དེབ་འདི་ཉིད་པར་སྐྲུན་གྱི་མཐུན་རྐྱེན་གཤམ་གསལ་གྱི་ཞལ་ཐང་བརྒྱད་ཅུ་གྱ་ལྔ་གསར་དུ་རྟེན་བཞེངས་མཛད་པའི་ཁོངས་སུ་ཀོ་དགོན་བདེ་ཆེན་ཀུན་གྲགས་གླིང་གི་དབུ་བླ་ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་ཀྱིས་སྤྱི་འདུལ་ཡི་དམ་རྒྱ་མཚོ་ཞི་ཁྲོ་དང་། ལྷ་རྒོད་གབ་པ་གསང་ཆེན་ཞི་ཁྲོ་སོགས་ཞལ་ཐང་བཅོ་བརྒྱད་དང་།

མཐོང་གྲོལ་རི་ཁྲོད་དགོན་གྱི་དབུ་བླ་མེ་སྟོན་ལྷུན་གྲུབ་རྒྱལ་མཚན་གྱིས་སྐྱབས་འགྲོའི་ཚོགས་ཞིང་དང་། གདུགས་དཀར། དབལ་གསས་ཁྱུང་ནག་སོགས་ཞལ་ཐང་ཉེར་གཉིས་དང་།
ཁྱུང་པོ་སྟེང་ཆེན་དགོན་གྱི་དབུ་བླ་འོད་ཟེར་སྦྱིན་པ་ཕུན་ཚོགས་ཀྱིས་རམ་རོལ་འབུམ་གསུམ་དང་། མ་བདུད་བཙན་རྒྱལ་སོགས་ཞལ་ཐང་ཉེར་དགུ་དང་།
རྩེ་དྲུག་དྲི་མེད་ཤེལ་བྲག་གླིང་གི་དབུ་བླ་དབྲ་ཁྱུང་བསྟན་འཛིན་འོད་ཟེར་གྱིས་གཏོ་བུ་ཕོ་སྦྱོང་དང་། མོ་སྦྱོང་སོགས་ཞལ་ཐང་བཅུ་དྲུག ཁྲི་བརྟན་ནོར་བུ་རྩེ་ནས་དབལ་ཕུར་འབྲུག་གསས་ཆེམ་པ་དང་། མཁའ་འགྲོ་མོ་རྒྱུད་ཀྱི་ཞལ་ཐང་། ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་ནས་བདེར་གཤེགས་གཙོ་བཞིའི་ཞལ་ཐང་། དགེ་བཤེས་བསྟན་འཛིན་འབྲུག་གྲགས་ནས་རྒྱས་པ་ཀུན་སྣང་གི་ཞལ་ཐང་བཅས་རྟེན་བཞེངས་མཛད་པར་རང་ཅག་ཀུན་གྱིས་རྗེས་སུ་ཡིད་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། མ་འོངས་པར་ཡང་བོན་གྱི་བླ་མ་རྣམ་པས་བསྟན་དོན་ལ་ནུས་ཤུགས་གཅིག་སྒྲིལ་མཛད་ཐུབ་པ་ཡིན་ན་གྲུབ་འབྲས་བཟང་པོ་འདི་བཞིན་སྨིན་ངེས་པ་ཡིན་སྟབས་ད་ལན་གྱི་བྱ་བ་འདི་མིག་དཔེར་བཟུང་ནས་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཐོག་ཞྭ་དཀར་བསྟན་པ་སྤྱིའི་དོན་ལ་མཉམ་རུབ་ཐོག་ཞབས་ཞུ་བསྒྲུབ་རྒྱུ་ནི་གལ་ཆེན་དུ་མཐོང་།
མདོར་ན་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགོན་པའི་མཁན་སློབ་རྣམ་པས་འགན་གཙོ་བོར་བཞེས་པའི་ཐོག་གོང་གི་བླ་སྤྲུལ་རྣམ་བཞི་དང་། ལྷ་བཟོ་རྣམ་པ་བཅས་ངེད་ཅག་ཀུན་གྱིས་བསྟན་དོན་ཁོ་ནར་དམིགས་ཏེ་ཕྱར་གྲུ་མཉམ་འདེགས་བྱས་པའི་འབྲས་བུར་བོན་གྱི་ཞལ་ཐང་ཀུན་འདུས་ཀྱི་དཔེ་དེབ་འདི་ཉིད་འཛམ་གླིང་ཤེས་རིག་གི་གར་སྟེགས་ཐོག་བཤམས་ཐུབ་སོང་ཞེས་ཞུ་བ་ལགས།

དེ་ལྟར་ཐང་སྐུ་བཞེངས་སྐྲུན་གྱི་བྱ་རིམ་ནང་ང་ཚོས་བརྗེད་དུ་མི་རུང་བ་ཞིག་ལ་སྤྱི་ཕན་གྱི་ཐུགས་རྒྱ་ཡངས་པ་དགེ་བའི་བཤེས་གཉེན་ཆེན་མོ་ཧོར་རུ་ཡོན་ཏན་ཕུན་ཚོགས་ལགས་ཀྱིས་༧ཡོངས་འཛིན་སློབ་དཔོན་ཆེན་མོའི་བཀའ་དགོངས་གཞི་བཟུང་ཐོག་ལས་དོན་འདིའི་འགོ་མཇུག་བར་གསུམ་ལ་དཀའ་ངལ་བརྒྱ་ཕྲག་དུ་མ་ཕྲག་ཏུ་བླངས་ནས་རྩ་བའི་འགན་ལེན་རྐང་བཞེས་གནང་བ་ལ་བརྟེན་ནས་གྲུབ་པ་ཞིག་ཡིན་པས་ཁོང་ལ་དེའི་ཕྱིར་ཐུགས་རྗེ་ལེགས་གསོལ་ཡང་ཞུ་བཞིན་ཡོད། ལྷག་པར་དུ་National Museam of Ethnologe Osaka ནས་སྤྱི་ལོ་2006ལོར་དཔར་སྐྲུན་ཞུས་པའི་Bonpo Thankas from Kyungpoཞེས་པའི་ནང་འཁོད་པའི་ཐང་ཀ་གྲངས་༤༩ཐམ་པ་འདི་ནས་བསྐྱར་དུ་དཔར་སྐྲུན་ཆོག་པའི་ཆོག་མཆན་དང་མ་དཔེ་བཅས་མཁོ་འདོན་གནང་བྱུང་བར་ཤིན་ཏུ་བཀའ་དྲིན་ཆེ་ཞུ་བ་དང་། ཉི་ཧོང་གི་མཁས་དབང་སྐུ་ཞབས་Yasuhiko Naganoམཆོག་ནས་ལས་དོན་འདི་དང་འབྲེལ་བའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ། དེ་བཞིན་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་མཆོག་དང་། དད་ལྡན་ཚོང་པ་ནོར་བུ་དབང་འདུས་རྣམ་གཉིས་ཀྱིས་རོགས་སྐྱོར་ཚད་མེད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ལེགས་གསོལ་ཞུ། པར་འདེབས་སྐབས་རོགས་པ་གནང་མཁན་དགེ་བཤེས་བསྟན་འཛིན་སྐལ་བཟང་སོགས་ལས་དོན་འདི་དང་འབྲེལ་བའི་བྱ་བ་ཆེ་འབྲིང་ཆུང་གསུམ་ཀུན་ལ་རོགས་སྐྱོར་གནང་མཁན་ཡོངས་ལ་ང་ཚོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
ལྔ་པ། ཡིན་ནའང་དཔེ་དེབ་འདི་ཉིད་མི་ཚོགས་ཉུང་ངུ་ཞིག་གིས་ལས་ཞོར་གྱི་བར་གསེང་ནས་བསྒྲུབས་པ་ཞིག་ཡིན་པར་བརྟེན་ད་དུང་མ་འགྲིགས་པའི་ཆ་དང་། མ་འདང་བའི་གནས་ལུགས་མང་པོ་ཞིག་ཡོད་པར་ངེས་པས་སླར་ཡང་ལས་དོན་འདི་རིགས་སྤྱི་སྒེར་གང་ཞིག་གིས་གཉེར་བ་ཡིན་ནའང་ཞིབ་ཚགས་ཀྱི་ལས་ཀའི་སྒོ་ནས་ཡར་རྒྱས་ཀྱི་རྣམ་པ་དང་། ད་དུང་རྒྱུད་དང་སྒྲུབ་ཐབས་སོགས་ནས་ཕྱོགས་གཅིག་ཏུ་བསྡུ་མ་ཐུབ་པའི་ཞལ་བཀོད་ལྷག་བསྡད་པ་རྣམས་ཁ་སྐོང་དང་། ཆད་བསྡད་པ་ལ་ཁ་གསོ་དང་ལེགས་བཅོས་གནང་སྟེ་རྒྱུད་གཞུང་ལུང་མཐུན་གྱི་སྒོ་ནས་བསྟན་པ་དང་རིག་གནས་ལ་སྲི་ཞུ་བསྒྲུབ་དགོས་པའི་རེ་འབོད་སྙིང་ནས་ཞུ་བཞིན་ཡོད། ལྷག་པར་དུ་དཔེ་དེབ་འདི་ཉིད་ལུགས་མཐུན་མ་ཡིན་པའི་སྒོ་ནས་དཔར་སྐྲུན་བྱེད་པ་དང་། འདི་ནས་ཐང་ཀ་ཟུར་དུ་འདོན་ནས་དཔར་སྐྲུན་བཅས་བྱེད་མི་ཆོག་པ་ཡིན་པས་ཐུགས་སྣང་ཡོད་པ་ཞུ།།
མཐར་དོན་འདི་ཉིད་འབྲི་བཞེངས་དར་སྤེལ་བྱས་པའི་དགེ་རྩས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། ༧ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་དང་། བླ་སྤྲུལ་འདུས་པ་རྣམ་བཞིས་གཙོས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་ཞབས་པད་བརྟན་ཞིང་མཛད་འཕྲིན་ཟླ་བཞིན་འཕེལ་བ་དང་བཞེད་དགོངས་ལྷུན་གྱིས་འགྲུབ་པའི་རྒྱུ་རུ་འགྱུར་བའི་སྨོན་འདུན་དང་བཅས་ཏེ།

ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས་ཧོར་ཚང་དགེ་བཤེས་བསམ་གཏན་གཙུག་ཕུད་ཀྱིས་ཉིན་བྲིས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག