ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> ༼བོན་སྒོ༽སྤྱི་ཨང་ཉེར་གཉིས་པ་པར་དུ་བསྐྲུན་པ།
༼བོན་སྒོ༽སྤྱི་ཨང་ཉེར་གཉིས་པ་པར་དུ་བསྐྲུན་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བོན་སྒོ་རྩོམ་སྒྲིག་ཁང་།] [ཟླ་ཚེས། 11-02-14] [ཀློག་གྲངས། ]

 

༼བོན་སྒོ༽སྤྱི་ཨང་ཉེར་གཉིས་པའི་རྒྱབ་མདུན་ཕྱི་ནང་གི་རི་མོ།

སྔོན་གླེང་གཡུང་དྲུང་དགའ་འཁྱིལ།

      ས་དམིགས་འདི་ནི་ང་དགའ་བས་ཧབ་ཆ་དགོད་ས་དང༌། སྡུག་པས་ཁུས་མོ་འདེབས་ས་ཡིན་པས། རེབ་འདིར་མོལ་བར་བྱ་བའི་དོན་པོ་ཆེ་ནི། ཤར་ནུབ་གང་དུ་ཐེག་ཀྱང་ཕྱོགས་མཚམས་ཕལ་མོ་ཆེ་ན་བོན་ལ་འཁུ་བའི་སྡེ་ཁག་རེ་མཆིས་པས། དེ་དག་གི་གམ་རྒྱང་ཅི་རིགས་སུ་རྣ་བ་བླགས་ཤིང་བྱོ་ཚེ། གཉའ་བཀོང་གི་ལག་ཆར་འཁོལ་བའི་ཚིག་མཚོན་གཙོ་གནད་ལ་རེ་ཐོས་རྒྱུར་སྣང་སྟེ། ཐུའུ་བཀྭན་སོགས་ཀྱིས་བཤད་པའི་ངན་སྨོད་དང༌། ཏུན་ཧོང་ཤོག་དྲིལ་ནང་དུ་མེད་པའི་ཁྱད་གསོད། དུས་རབས་བཅུ་པའི་སྔོན་གྱི་བྲིས་རྙིང་ལྡེབ་ཤོག་ཁེ་རུ་མ་མཆིས་ཚེ་སྟོན་ཤོག་ཅེས་པའི་སྡིགས་ཚིག་བསྒྲགས་ནས་བོན་རྣམས་བསྙེང་བར་རེ་བ་དག་ཡིན་པས། འདིར་དེ་དག་གི་བྱིངས་སྣེ་ཐེར་འདོན་གྱིས་གནད་ལ་བཀར་ནས་དག་འབུད་དུ་བསྟང་བའི་འཕྲོས་མོལ་ཞིག་གླེང་བར་འདོད།
      དེ་ཡང་བོན་ལ་སྤྱོ་བའི་སླད་དུ་གཡུང་དྲུང་བོན་གྱི་ཆེ་བའི་ཡོན་ཏན་ཡོད་ཚད་མེ་ལ་སྐུར་ཞིང་ཆུ་ལ་འདེབས་པས་མ་ཚད། མེད་པའི་ནོགས་སྐྱོན་དུ་མའི་སྙད་གཏམ་སྒྲོ་ཞིང་ཉེས་ཚིག་འདོགས་པ་སོགས་གཤེས་ཤིང་བསྟིངས་པའི་གཞུང་ལུགས་དུ་མར་མཆིས་ཀྱང༌། ཕལ་མོ་ཆེ་རྣམས་ཁྱི་ཡན་འདྲོག་ལང་གི་ངེར་ཟུག་ཏུ་ཟད་པས་ཁྱི་ཁ་རྡོ་ལེན་ལ་མི་འབད་པར་ཐེད་དུ་བོར་རྐྱང་བྱས་ཏེ། དོན་དངོས་ཕུགས་བདས་ཀྱིས་གཏེ་ཁུངས་བརྩད་ཅིང་ཕྱུངས་ན། ཇོ་མོ་མཚོ་རྒྱལ་མའི་རྣམ་ཐར་དང༌། ཕྱིས་བྱུང་མི་ལའི་རྟོགས་བརྗོད། སྐྱོབ་པ་འཇིག་མགོན་གྱི་གསུང་དུ་འཇུན་པ་སོགས་ཏེ་ལ་ཤས་སུ་ཐུག
      རྗེ་བཙུན་མི་ལ་གླེང་ན། ན་རོ་བོན་ཆུང་ཟེར་བ་བོན་པོས་ཀྱང་གོ་མྱོང་མེད་པའི་བོན་གྱི་སྐུ་ཚབ་དེས་གྲུབ་རྟགས་ཀྱི་རྒྱལ་གཏར་བླ་རི་ཏི་སེ་བཙུགས་ནས་ཕམ་ཉེས་སུ་འཕྱ་སྨོད་ཅི་རིགས་ཉོས་རབས་ཤིག་ཐོས་རྒྱུར་མཆིས། མཚར་དགོས་པ་ཞིག་ལ་ད་ལྟ་མཇལ་སྐལ་དུ་བཞུགས་པའི་༼མི་ལ་རས་པའི་རྣམ་ཐར་ཟབ་མོ་༽ཞེས་མི་ལའི་དངོས་སློབ་བྷོ་དྷི་ར་ཛས་བྲིས་པ་དེའི་ནང་བྱིས་སྒྲུང་དེ་ཉིད་མི་གསལ་བས། ངན་སྨོད་དེ་ནི་མི་ལ་གཤེགས་ནས་མི་ལོ་སུམ་བརྒྱ་དྲུག་ཅུ་རེ་ལྔ་ཕྱིན་རྗེས་གཞི་ནས་གཙང་སྨྱོན་ཧེ་ཀ་རུས་པའི་རྒྱན་ཅན་གྱིས་གསར་དུ་བྲིས་པ་དག་ལས་མངོན། དེ་བས་རྟོག་བཟོ་དེ་ཙམ་དུ་མ་ཟད་ཁོས་མི་ལའི་ཉམས་མགུར་ཕྱོགས་བསྒྲིགས་དང་དཔར་བརྐོས་སྐབས་ཀྱང་སྣོན་འཕྲི་སྤོར་གཅོག་གི་འདྲེ་ལག་ཇི་སྙེད་ཅིག་བསྲིངས་ཡོད་མེད་ལ་སོམ་ཉི་བྲལ། དེས་ན་གཟུར་གནས་གསར་བུ་ཞིག་གིས་“མི་ལ་རས་པ་མི་མཚར་རུས་པའི་རྒྱན་ཅན་མཚར་”ཞེས་པའི་ཟུར་ཟ་འཕངས་དོན་ཡང་དེ་ལས་ཅི།
      གང་ལྟར་གཙང་སྨྱོན་གྱིས་མི་ལའི་མཚན་ཐོག་ནས་བོན་ལ་བརྙས་སྐྱོན་བཏགས་ནས་བཟུང་ད་བར་མི་ལོ་ལྔ་བརྒྱ་ཉི་ཤུ་ལྷག་འདས་རིང་བོན་པོས་སྡུག་ནད་མིད་ཅིང་ཕམ་གྱོང་སྒུར་བའི་མུར་ཁོ་པའི་རྗེས་འཛིན་རེ་མས་མཐའ་མཚམས་པ་རྔ་ཕྱེད་རྡུང་ཞིང་རང་བྱུང་ཁོར་ཡུག་ལྷ་འདྲེར་མཆོད་མཁན་དག་ལ་ན་རོ་བོན་ཆུང་གི་རྒྱུད་འཛིན་ཡིན་རབས་སྨྲ་དགོས་ཚུལ་གྱི་ཁོག་རྒྱོང་ངན་བསྐུལ་བསྟར་བ་ནི་དེ་བས་ཀྱང་གཙེ་ཞིང༌། མཚམས་དང་ཚོད་ལས་བརྒལ་བའི་བརྙས་ལས་སུ་སྣང༌། དེ་མིན་མི་ལ་རང་ཉིད་དང་ཐོག་བོན་པོ་ཡིན་པར་མ་ཟད། སེ་བོན་ཁྲོ་རྒྱལ་ལམ་མགར་སྟོན་ཁྲོ་རྒྱལ་གང་ལྟར་གཡུང་སྟོན་ཁྲོ་རྒྱལ་བྱ་བ་བླ་མར་ཡང་བསྙེན་པས། ངན་སྨོད་དེ་དག་གི་ཁག་འཛུགས་ཁོང་ལ་འགེལ་བ་ནི་གང་གི་སྐུ་གཟིལ་བུན་པར་གཏོང་བའི་བླ་བཙག་གི་བསྙོན་འདོགས་ལས་མ་འདས་སོ། །
      དེ་བཞིན་འཇིག་རྟེན་མགོན་པོའི་གསུང་དུ་སྐད་པའི་བརྡོལ་འཁྱར་བསྒྱུར་གསུམ་སྐོར་གྱི་སྲོལ་བྱེད་ཀྱང་འཇིག་མགོན་མིན་པར་ཤིན་ཏུ་གསལ་བས་མ་ཚད། དབོན་པོ་ཤེར་འབྱུང་ཡང་མིན་པར་ར་འཕྲོད་སྟེ། སྤྱན་སྔ་པ་རྡོ་རྗེ་ཤེས་རབ་ཀྱི་༼དགོངས་གཅིག་འགྲེལ་ཆེན་སྣང་མཛད་ཡེ་སྒྲོན་༽ལས་སྔ་བའི་བརྡོལ་འཁྱར་བསྒྱུར་གསུམ་གྱི་སྐོར་ཞིག་ཡེ་ནས་མི་རྙེད་སྟབས། ངན་སྨོད་དེ་ཉིད་ཀྱི་བྱིངས་དངོས་ཀྱང་རྡོར་ཤེར་རང་ལ་ཐུག་པར་འཁྲུན་ཐག་ཆོད་པོས་བརྗོད་དུ་སྤོབས།
      བཅུ་ཕྲག་ཁ་ཤས་ཀྱི་སྔོན་མས་སུ་ཞིབ་འཇུག་པ་ལ་རེས་བོན་དེ་ཏུན་ཧོང་གི་ཤོག་ཧྲུལ་ནང་མེད་པས་རྙིང་པ་མིན་རབས་སུ་འུད་ཀྱང༌། མཚམས་ཤིག་ལ་ཤོག་ཧྲུལ་རེ་འགར་གཤེན་རབ་མི་བོའི་སྐོར་ཞིག་ཐོན་པ་དེས་ཁོང་རྣམས་བྱེད་གཏད་དུ་བཏང་ནས་དེ་ནི་བོན་སྟོན་གཤེན་རབ་མིན་ཚུལ་སོགས་དགོད་བྲོ་བའི་དཔྱད་རྩོམ་ཡང་མི་འབྲི་ཐབས་མེད་དུ་གྱུར། འོན་ཀྱང་ཡོད་ཚད་ཏུན་ཧོང་ལ་གཏུགས་དགོས་པ་ནི་ཧ་ཅང་ཆེས་ཏེ། སྲོང་བཙན་གྱིས་བལ་བཟའ་ཁྲི་བཙུན་ཁབ་ཏུ་བསུས་རབས་ཀུན་ལ་གྲགས་པ་ལྟར་༼སྦ་བཞེད་༽སོགས་སུའང་གསལ་བས་མ་ཚད། བལ་ཡུལ་གྱི་རྒྱལ་རབས་ཀྱང་དཔང་པོར་བཞུགས་མོད། འོན་ཀྱང་ཏུན་ཧོང་ཡིག་འཁྱར་ནང་ལོ་རྒྱུས་འགངས་ཅན་འདི་ཉིད་ཟུར་ཙམ་ཡང་མི་གསལ་བ་འདི་འདྲ་ཤིན་ཏུ་མོད་པས་སོ། །
      ཡང་འགའ་ཞིག་ནི་དངོས་གཙོ་བ་ཡིན་མདོག་གིས་དུས་རབས་བཅུ་པའི་སྔོན་གྱི་བོན་གཞུང་ཁུངས་ལྡན་ཞིག་ཡོད་ན་སྟོན་ཞིག སྲོང་བཙན་སྔོན་གྱི་ཡི་གེ་ལྡེབ་མ་གཅིག་རང་ཡོད་ན་ཁྱེར་ཤོག་ཅེས་སུ་སྡིགས་ཀྱིན་སྣང་བས། འོ་ན་ཁྲི་སྲོང་སྐབས་བསམ་ཡས་བཞེངས་དུས་བོན་དཔེ་རྣམས་ཆབ་ལ་བསྐྱུར་ཞིང་ལྷག་མ་མཆོད་རྟེན་ནག་པོར་མནན་ཚུལ་༼སྦ་བཞེད་༽དུ་གསལ་བ་དག་ལ་ཇི་ལྟར་འགྲེལ། མངའ་རིས་ལྷ་བཙུན་དག་གིས་རྫོགས་ཆེན་གྱི་བོན་སྡེ་བཀག་ཅིང༌། བོན་པོ་ཐམས་ཅད་གསོན་པོར་བསྲེགས་ནས། བོན་དཔེ་ཡོད་ཚད་ཆབ་ལ་བརྫངས་རབས་གྲགས་པ་རྒྱལ་མཚན་གྱིས་༼ལྷ་བླ་མའི་རྣམ་ཐར་༽དུ་རྒྱས་པར་བྲིས་ལ། སྐྱི་གཡའ་བའི་ནང་ཁུལ་གྱི་དམར་གསོད་དེ་དག་ཞང་ཞུང་ཡེ་ཤེས་དང་གུ་གེ་ངག་གྲགས་སོགས་ཀྱིས་སོ་སོའི་༼མངའ་རིས་རྒྱལ་རབས་༽ནང་བྱས་རྗེས་སུ་ངོམ་པ་དག་ལ་ཅི་ཞིག་བརྗོད། དེས་ན་ཧ་ལམ་རྩ་མེད་དུ་བཏང་མཐར་ད་དུང་སྤོབས་གདེང་ཆེན་པོས་ཁྱེར་ཤོག་དང་སྟོན་ཞིག་ཅེས་པའི་སྡིགས་ཚིག་བསྒྲག་རྒྱུ་ནི་གནས་སྐབས་སྔ་དྲགས་པ་མིན་ནམ་སྙམ་སྟེ། དེ་སྔོན་དགའ་ཐང་འབུམ་པ་ཆེ་དང་གློ་བོའི་སྨར་རྫོང་སོགས་ནས་དཔེ་རྙིང་གང་འཚམ་ཐོན་པ་ཇི་བཞིན་ད་དུང་དེ་ལས་ཀྱང་རྙིང་པའི་རིགས་རྣམས་ས་སྟེང་དུ་འབུད་ངེས་ལགས་ན་དེ་དུས་གདོང་ལེན་དཀའ་བའི་ཚོད་དུ་འགྱུར་ཉེན་ཆེ།
      མདོར་ན་གནད་དོན་འདི་གསུམ་གྱིས་གཙོས་པའི་སྒྲོ་འདོགས་ཀྱི་ངན་སྨོད་རྣམས་ནག་བསུབས་སུ་བཏང་ཞིང་སྐུར་འདེབས་ཀྱི་མེད་མཐའི་ངོས་སུ་དཀར་ཐིག་བཀོད་པའི་ཤུལ་དེར་ཁ་སྤྲོད་དུ་སྦྲེལ་པའི་ནོར་བུ་དཀར་ནག་ཟུང་གཅིག་གཡུང་དྲུང་བོན་སྐོར་ངང་དགའ་བྲོད་དུ་འཁྱིལ་བའི་གཟུགས་རིས་སུ་བསྐྲུན་དགོས་པ་ནི་གཡུང་དྲུང་གི་སྨྱུག་མཆེད་པ་ཀུན་ལ་འཁྲི་ཆར་བབ་པའི་དོན་གྱི་ཁུར་ཆེན་ཞིག་ལགས་ན། འདི་ལྟར་བོན་བན་གྱི་སྡེ་གཟར་ཤུལ་མ་རྣམས་བསྙུང་བར་བྱ་སླད་མ་ཉེས་ཁ་གཡོགས་སུ་ཕོག་རིགས་རྣམས་ཁུངས་ལྡན་གནས་ལུགས་ཀྱིས་དག་འབུད་རེ་སྟེས་སུ་ཁུངས་སྐྱེལ་ལ་འབུངས་རོགས་ཞེས་པའི་ཞུ་མཆིད་འདི་ཉིད་གཟིགས་པ་གཡོ་རྟེན་མཚོན་ཙམ་དུ་འདེགས་བཞིན་ཡོད་པས་ཅིས་ཀྱང་རེམས་ཤིག་གུ།། །།

བོན་རྒྱལ་ལོ། །
གཙོ་སྒྲིག་པ་ཆོས་འཁོར་ཚང་ཉི་མ་འོད་ཟེར་པས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག