ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> ༢༠༡༡ལོའི༼བོན་གཤེན་བསྭོ་སྒྲ།༽
༢༠༡༡ལོའི༼བོན་གཤེན་བསྭོ་སྒྲ།༽
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བསྟན་པ།] [ཟླ་ཚེས། 11-04-02] [ཀློག་གྲངས། ]

༢༠༡༡ལོའི་ཁྱུང་པོ་སྟེང་ཆེན་དགོན་གྱི་ལོ་དེབ༼བོན་གཤེན་བསྭོ་སྒྲ།༽<BON SHEN SO SAGR>པར་དུ་བསྐྲུན་པ།

མདུན་ངོས།

མདུན་ངོས་ནང་མ།

རྒྱབ་ངོས་ནང་མ།

རྒྱབ་ངོས།

དཀར་ཆག

དཀར་ཆག

དཀར་ཆག

དཀར་ཆག
གླེང་གཞི་ཞོགས་པའི་དུང་བརྡ།

ཞང་བོད་ཁ་བའི་ལྗོངས་སུ་རྒྱལ་བ་གཤེན་རབ་མི་བོའི་ཐུགས་རྗེའི་བཀའ་དྲིན་ལས་རིན་བྲལ་འཕྲུལ་ངག་བདེན་པའི་བོན་གྱི་འཁོར་ལོས་ཁྱབ་ཅིང་། ནམ་མཁའི་སྐར་ཚོགས་ལ་ཅོ་འདྲི་བའི་མཁས་གྲུབ་རིག་འཛིན་རྣམ་པའི་ལྗགས་རྩོམ་པོ་ཏི་སྤུངས་ན་རི་བོ་བསྒྲིབས་ཤིང་། བསྙེལ་ན་རྒྱ་མཚོ་བསྲུབ་ནུས་པའི་གྲངས་ཚད་མཛད་པའི་ཞང་བོད་ཀྱི་རིག་གཞུང་དག་གངས་དཀར་ཏི་སེའི་འདབས་རོལ་ནས་ཁ་འབབ་བཞི་ཡི་བཞུར་རྒྱུན་དང་སྡོང་སྟེ་འཛམ་གླིང་འགྲོ་བའི་གསོས་སུ་བབས་པ་དང་། ལོ་རྒྱུས་ཀྱི་མཚོ་མོ་སྒྲོལ་བའི་བརྒྱུད་རིམ་ཁྲོད་ཆགས་སྡང་གི་རླུང་འཚབ་ཀྱིས་གཡོས་པའི་འཕེལ་འགྲིབ་ཀྱི་རླབས་ཕྲེང་དུ་མར་འཕྲད་དེ། གྲུ་ཟུར་གང་རུང་ལ་གས་ཆག་སྣ་ཚོགས་ཤོར་རུང་བདེན་པའི་གྲུ་མོ་ཆེའི་དབུགས་རྒྱུན་གྱི་འབྱིན་རྔུབ་མ་ཆད་པར་མུ་མཐུད་གནས་ཐུབ་པ་བྱུང་ལ། དུས་རབས་གོང་མའི་ནང་དུའང་བསམ་སྦྱོར་ལོག་པའི་བདུད་ཆེན་སྡེ་བཞིའི་དུག་རླངས་ཀྱིས་གནོད་སྐྱོན་ཚབ་ཆེན་བཟོས་མོད། མཁན་སློབ་ཉི་ཟླ་ཟུང་གིས་མཚོན་པའི་སྐྱེས་ཆེན་དུ་མས་བླ་འགུག་ཚེ་འགུག་གནང་བའི་བཀའ་དྲིན་ལ་བརྟེན་ནས་སེམས་ཀྱི་བདུད་རྩི་དེ་དག་ལ་ཚེ་སྲོག་གསར་པའི་རང་མདངས་མངོན་ཐུབ་པ་བྱུང་བ་སྟེ། རང་དོན་དུ་ཐོས་བསམ་སྒོམ་སྒྲུབ་ཀྱི་རྩ་བ་ཚུགས་ཤིང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་ཡལ་འདབ་རྒྱས་ཏེ་འཛམ་གླིང་གི་སྐྱེ་བོ་ཁྲི་སྟོང་མང་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་བཀུག་བཞིན་ཡོད་ལ། དེ་བཞིན་དུ་ཁྱུང་ཡུལ་ས་ཡི་ཐིག་ལེའི་རྒྱན་གཅིག་སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང་གི་ཁྲི་འཛིན་རྒྱ་མཚོ་ནོར་བུ་རིན་པོ་ཆེ་སྟོན་འཁོར་ཡོངས་ཀྱི་བླ་མེད་མཛད་བཟང་གི་མཐུ་ལས་བཤད་སྒྲུབ་བསྟན་པའི་དར་ཆེན་ལྷུབ་ལྷུབ་ངང་ཕྱོགས་དང་རིས་སུ་མེད་པར་གཡོས་ཤིང་། འཆད་རྩོད་ཀྱི་ཕྲིན་ལས་ཡར་ངོའི་ཟླ་བཞིན་རྒྱས་པར་བལྟོས་ནས་སྨྲས་ན། རང་སྡེའི་ཁྱོན་ཡོངས་ནས་མཁས་པའི་བྱ་བ་གསུམ་གྱི་ཡ་གྱལ་ལས་རྩོམ་གྱི་གོམ་ཁ་ཅུང་ལྷོད་པའི་ངང་ཚུལ་ལ་དམིགས་ཏེ་ད་ལན་༼བོན་གཤེན་བསྭོ་སྒྲ༽ཞེས་པའི་ལོ་དེབ་འདི་གཉེར་གནང་བ་རེད། འདི་ནི་འཁྱགས་རུམ་གྱི་སྦུབས་སུ་ལོ་ངོ་བརྒྱ་སྟོང་དུ་མར་བག་ལ་ཞ་བའི་དྭངས་གཙང་ཆབ་རྒྱུན་ཤང་ཤང་ངང་ཕྱི་རུ་བཞུར་སའི་བུ་ག་ཞིག་དང་། རྣམ་དཔྱོད་ཀྱི་གཤོག་དྲུག་རྒྱས་པའི་ཁྱུང་ཕྲུག་དག་གིས་འཕུར་རྩལ་སྦྱང་སའི་བར་སྣང་ཞིག གྲུབ་མཐའི་ཆགས་སྡང་གི་ཆུ་བོ་ལ་བརྒྱབ་པའི་ཟམ་པ་ཞིག ཡུལ་གྱི་ཕྱོགས་རིས་ཀྱི་ལ་མོ་ལ་བརྒྱབ་པའི་ཕུགས་ལམ་ཞིག་བཅས་ཀྱི་ཕན་ནུས་སམ་སྤྱོད་སྒོ་ཆོད་པའི་ཡིད་ཆེས་དང་རེ་སྨོན་གྱིས་ཁེངས་ཡོད། ཕྲན་ལ་དུས་དེབ་འདིའི་རྩོམ་ཡོངས་ལ་བམ་ཀློག་ཐེངས་གཅིག་བྱེད་པའི་སྐལ་བ་ཞིག་བྱུང་བའི་སྐབས་ཀྱི་ཚོར་སྣང་ལྟར་ན། དོན་ཁྲི་ཐོག་མར་དཀའ། ཞེས་པའི་ཙི་ནའི་གཏམ་དཔེའི་བཞིན་རེ་བ་མཐོ་ཙམ་ངང་ནས་བལྟས་ན་ད་དུང་མི་འདངས་བའི་ཆ་ཅུང་ཙམ་མཆིས་མོད། ཐེངས་དང་པོར་ཀློག་པ་པོའི་སྤྱན་སྔར་བཤམས་པའི་ལོ་དེབ་གཅིག་གི་ངོས་ནས་བཤད་ན་རྗོད་བྱེད་ཀྱི་ཚིག་དང་། བརྗོད་བྱའི་དོན། སྒྲིག་པའི་ཉམས། དབྱེ་བའི་ཚུལ་སོགས་གང་ལ་གཞིགས་ཀྱང་། དགའ་བསུ་ཞུ་འོས་པའི་ལོ་དེབ་ལེགས་པོ་ཞིག་ཏུ་བརྩིས་ཆོག་པར་སྙམ་ལ། རྩོམ་སྒྲིག་པ་རྣམ་པས་ཆེས་མངོན་གསལ་ཅན་གྱི་དག་ནོར་ཁག་ལ་ཞུས་དག་གནང་བ་ཙམ་ལས་གོ་བ་ལེན་སྟངས་དང་ཚིག་ཉམས་འདོན་སྟངས་སོགས་ཀྱི་ཐད་ནས་ཁེར་ལམ་ཅན་འགའ་འདུག་མོད་དེ་དག་སོ་སོར་བརྩི་འཇོག་གིས་སོར་བཞག་ལས་བཅོས་ཐལ་ཆེ་བ་གནང་མེད་པ་དེ་ནི། བློ་རྒྱ་ཡངས་པའི་དན་རྟགས་ཞིག་ཡིན་ངེས་ལ་མ་གཞི་ནས་ལོ་དེབ་འདིར་རྩོམ་འཁོད་དོ་ཅོག་གི་ལྟ་བ་སོགས་ནི་ལོ་དེབ་འདིའམ་དགོན་འདིའི་བཞེད་ཚུལ་ཡིན་པའི་ཁྱབ་པ་མེད་པའི་རྩ་དོན་ཞིག་ཡོད་པའི་རྐྱེན་གྱིས་ཡིན་པར་ངེས་ལ། སྒེར་གཅོད་ཀྱི་འཕྲང་ལ་འཁྲེངས་ཞིང་ཨུ་ཚུགས་མཁྲེགས་བཟུང་གི་བསམ་བློ་ཁོ་ན་ཨ་འཐས་སུ་བཟུངས་ནས་གུ་དོག་པོའི་སེམས་ཁམས་ཀྱི་སྒྲིག་གཞིས་སྡོམ་ན་དུས་རབས་གསར་པའི་གོམ་རྗེས་མི་ཟིན་ཞིང་། ལྷ་མོའི་བརླ་དང་མྱོས་བུམ་གྱི་བར་ན་སྙན་ངག་པའི་སྣམ་སྨྱུག་རྫོགས་པ་དང་། ཡར་བསྡུས་མར་སྤྲོས་ཀྱི་ཕྱག་ལེན་ཁྲོད་དུ་མཁས་པའི་དུས་ཚོད་བརླག་པའི་རྣམ་ཐར་ལ་ངེས་ཤེས་གསལ་པོར་སྐྱེས་ཤིང་གསར་རྩོམ་གྱི་གར་སྟེགས་ཏེ་ལོ་དེབ་འདི་དང་འདི་ལྟ་བུ་མང་ཙམ་བསྐྱངས་དགོས་པར་འདུག་སྙམ་བློ་སྐྱེད་ཐོབ་པ་སོགས་དགེ་མཚན་མི་ཉུང་བ་ཞིག་མངོན་པར་གསལ་འདུག་པར་བརྟེན། ཆེས་ཐོག་མའི་ལོ་དེབ་འདི་དང་འབྲེལ་ཡོད་སྐལ་ལྡན་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན་ནོ། །

ལྷ་ས་དག་པའི་ཞིང་ནས་ཁྱུང་པོ་དཔལ་རྒྱལ་འབོད་པ་དེས་དུས་བཟང་ཞིག་ལ་ཕུལ་བའོ། །

    འབྲེལ་བ་གནང་ཡུལ། འདི་གའི་རྩོམ་སྒྲིག་ཁང་།     ས་གནས།  བོད་ལྗོངས་སྟེང་ཆེན་རྫོང་སྟེང་ཆེན་ཚུན་སྟེང་ཆེན་དགོན།
གློག་རྡུལ་ཡིག་སྒམ་ཁ་བྱང་།    bxszh2011@163.com     སྒེའུ་ཁུང་ཨང་གྲངས། ༼QQ༽  1282028094

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག