ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> ཐེངས་གསུམ་པའི«ཞང་བོད་གཏམ་གླེང་།»
ཐེངས་གསུམ་པའི«ཞང་བོད་གཏམ་གླེང་།»
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་བསོད་བསྟན།] [ཟླ་ཚེས། 11-11-14] [ཀློག་གྲངས། ]


ཕྱི་ཤོག་མདུན་རྒྱབ།

ཕྱི་ཤོག་ནང་མ།


ནང་ངོས་ཀྱི་ཚོན་ལྡན་པར་རིས།

སྔོན་འགྲོའི་གཏམ།

      རབ་དཀར་ལྷུན་པོའི་མུ་ཁྱུད་ཀྱིས་ཡོངས་སུ་མཛེས་པའི་བོད་ཁ་བ་ཅན་གྱི་ཞིང་ཁམས་འདིར། རྣམ་འདྲེན་བརྒྱད་པའི་རླབས་ཆེན་གྱི་བསྟན་པ་རྣམ་གསུམ་སྐྱེ་འགྲོའི་བསོད་ནམས་ཀྱི་སྤྱི་དཔལ་དུ་དར་བ་ནས་བཟུང༌། རིམ་བཞིན་ཞང་བོད་རིག་པའི་ཕ་གཞིས་འདིར་འཚོ་ཞིང་གནས་པའི་ཕྲེང་འཛིན་འགྲོ་བ་མི་ཡི་བོན་སྐལ་དུ་ཆེ་བ་མདོ་སྔགས་ལུང་རྟོགས་གཉིས་ཀྱིས་བསྡུས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད། ལས་དུས་རྐྱེན་གསུམ་ཅི་རིགས་པའི་འོག་འགལ་རྐྱེན་སྡང་ཤུགས་ཀྱི་བར་ཆོད་ལན་མང་བྱུང་མྱོང་ནའང༌། རྒྱལ་དང་དེ་སྲས་ཡོངས་ཀྱི་ཐུགས་བསྐྱེད་སྨོན་ལམ་དཀར་པོའི་ཉག་ཐག་མ་ཆད་ཅིང༌། ཁམས་གསུམ་འགྲོ་བའི་སྔོན་བསགས་བསོད་ནམས་ཀྱི་མཐུ་མ་བྲི་བར། ད་ལྟའི་བར་སྔ་རབས་གྲུབ་རྒྱལ་བོན་གྱི་སྟོན་པ་དང༌། དེའི་གསུངས་མ་བཅོས་མ་བསླད་མཚན་ཉིད་འཛིན་པའི་བོན་སྡེ་ཇི་སྙེད། དེ་འཛིན་སྐྱེས་བུས་བསྟན་པའི་གསལ་བྱེད་དུ་དམིགས་ཏེ་བསྡེབས་པའི་བཀའ་བརྟེན་གྱི་རིགས་སོགས་ལོ་རྒྱུས་རིང་ཞིང་ནང་དོན་གྱིས་ཕྱུག་པའི་རང་རེའི་ཤེས་རིག་ཕུན་སུམ་ཚོགས་པ་དེ་དག་འཕེལ་རྒྱས་སུ་སོང་སྟེ་མི་རིགས་གཞན་ལ་ངོམ་རིན་ཡོད་པ་དང༌། མི་རིགས་རང་གི་དགེ་མཚན་དུ་ཆེ་འདུག་པ་འདི་དག་ནི་དུས་ཡུན་ལོ་རྒྱུས་རིང་མོའི་ཁྲོད་གནམ་འོག་གི་རྒྱལ་ཁམས་ཀུན་ཏུ་དར་ཏེ། འཛམ་གླིང་ན་མིང་དོན་གྱི་གྲགས་པ་འབར་ཞིང༌། དཔྱོད་ལྡན་གཟུ་བོར་གནས་པ་ཡོངས་ཀྱིས་འདི་དག་གི་རིན་ཐང་ལ་གདེང་འཇོག་ཚད་མཐོན་པོར་བྱས་དང་བྱེད་བཞིན་ཡོད་པར་མ་ཟད། རིག་གནས་འདིའི་རིན་ཐང་ལྟ་ཚུལ་གྱི་ཐད་ལ་ཕྱོགས་འཛིན་རིས་གཅོད་ཀྱི་ལམ་ནས་ཞིབ་འཇུག་མེད་པར་གང་དྲན་ཐོལ་གྱིས་བརྗོད་པའི་ཆགས་སྡང་གི་སྐད་ཆ་བཤད་པ་ཡང་ཉིན་རེ་བཞིན་ཇེ་ཉུང་དུ་འགྲོ་བ་དང་བསྟུན། གླེང་བརྗོད་ཀྱི་སྐད་ཆ་གནས་ལུགས་དང་མཐུན་ཞིང༌། ཞིབ་འཇུག་གི་ལས་ཀ་ཡང་དག་པའི་ཁ་ཕྱོགས་སུ་བསྐྱོད་པའི་གཟུར་གནས་དཔྱོད་ལྡན་པའི་དཔུང་ཁག་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་པ་ནི་དགའ་འོས་པའི་གནས་སུ་མཐོང༌། དེ་རིང་གི་སྤྱི་ཚོགས་འཆམ་མཐུན་གྱི་ལམ་ལུགས་ཡང་དག་པའི་ངོས་ནས་བཤད་ན། རྒྱལ་ཁབ་དང་མི་རིགས་སུ་ཞིག་ཡིན་རུང༌། ཆོས་རིག་ལོ་རྒྱུས་གང་དར་དང༌། ཡུལ་སྲོལ་གོམས་གཤིས་སྐྱོང་སྟངས། སྐད་ཡིག་བེད་སྤྱོད་ལག་བསྟར་བྱེད་པ་སོགས་གང་ཅིའི་ཐད་ནས་སོ་སོ་ལ་འོས་འགན་དང་ཁེ་དབང་ཡོད་སྟབས། ལྔ་བདོའི་འདྲེན་པ་ཀུན་གྱི་རྒྱལ་བོ་སྟོན་མཆོག་གཤེན་རབ་མི་བོ་ཆེའི་བསྟན་པའི་རིང་ལུགས་འཛིན་པ་བོད་ཁ་བ་ཅན་གྱི་བོན་དགོན་ཡོད་དོ་ཅོག་གིས་ཀྱང༌། སྤྱི་ལོ་ཉིས་སྟོང་ཐིག་བདུན་ལོ་ནས་བཟུང་འཁྲུལ་བྲལ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དེ་ཉིད། མ་གྱུར་སྐྱེ་དགུའི་བདེ་སྐྱིད་ཀྱི་གསོས་སུ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་མཐུན་རྐྱེན་དུ་དམིགས་ཏེ། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་བྱ་བའི་སྟོན་པ་གཅིག་གི་བསྟན་པའི་ལས་དོན་མཉམ་སྒྲུབ་ཀྱི་ཚོགས་པ་ཞིག་བཙུགས་ནས། བསྟན་པ་སྤྱི་ལ་སྨན་པའི་རླབས་ཆེན་གྱི་བྱ་བཞག་ཆེ་ཕྲ་གང་མང་བསྒྲུབས་དང་སྒྲུབ་པའི་དུས་མཚུངས་སུ། ཀན་སུའུ་རྩེ་ཞིག་དགོན་གཡུང་དྲུང་བོན་བསྟན་འཕེལ་རྒྱས་གླིང་དུ་ཡང༌། སྤྱི་ལོ་༢༠༡༠ལོའི་ཟླ་༧པའི་ནང་ལ་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་འཚོགས་འདུ་ཐེངས་དང་པོ་དེ་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་འཚོགས་ཐུབ་པ་བྱུང་སོང་ལ། ཐེངས་འདིར་རྒྱུན་ལས་མི་སྣ་ཚང་མ་མཉམ་འཛོམས་བྱུང་མ་ཐུབ་རུང༌། མི་ཉུང་རུང་རྩེ་ཚང་ཟེར་བའི་དཔེ་ལྟར། བོད་མདོ་དབུས་ཁམས་གསུམ་ན་བཞུགས་པའི་ཚོགས་འདུའི་འགན་འཛིན་མི་སྣ་བསྟན་ལ་མིང་དོན་མཚུངས་པའི་ཤ་ཞེན་ཆེ་ཞིང༌། ལྷག་བསམ་གྱིས་ཕྱུག་པ་སྐོར་ཞིག་དུས་ལྟར་ཕེབས་པ་དང༌། ལྷག་པར་དུ་སྐུ་ཚེ་ཧྲིལ་བོར་བསྟན་འགྲོའི་དོན་ཆེན་མཛད་པའི་རང་རེའི་བསྟན་འཛིན་སྐྱེས་ཆེན་བླ་མ་རྒྱ་འོབས་ཚང་དང༌། སྐྱོང་སྤྲུལ་དྲི་མེད་འོད་ཟེར་ཚང༌། རྟོགས་ལྡན་ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ཚང་དང༌། མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ཚང་སོགས་སྐུ་ཡོན་གསེར་གྱི་རི་ལྟར་བརྗིད་ཅིང༌། མཛད་རྗེས་དྭངས་གསལ་མཚོ་བཞིན་ཟབ་པའི་ཁོང་རྣམ་པ་ཡང༌། ས་ཁ་ཐག་རིང་ས་ནས་སྐུ་ཚེགས་དང་དཀའ་ངལ་ལ་མ་འཛེམས་པར་སྐུ་དངོས་སུ་ཕེབས་ནས། ཚོགས་ཡུན་ཉིན་གསུམ་ཡིན་པའི་ཐེངས་འདིའི་ཚོགས་མགོན་དུ་བྱོན་ཏེ་བསྟན་པ་འཛིན་སྐྱོང་གི་ཕྱོགས་སུ་བཀའ་སློབ་རིན་ཐང་ལྡན་པ་རེ་གནང་བ་ནི་ང་ཚོའི་གཟི་བརྗིད་ཅིག་དང༌། ང་ཚོས་མིག་ལྟོས་བྱེད་ས་ཉག་གཅིག་ཏུ་གྱུར་ནས་ཡོད། དེ་བཞིན་དུ་ཚོགས་ཞུགས་མི་སྣ་རྣམ་པས་ཀྱང་ཐེངས་འདིར་གྲོས་གཞི་གཅིག་གྱུར་བཞག་པའི་བརྗོད་དོན་གཙོ་ཤོས་ཏེ། དཔེར་ན། རྒྱུན་ལས་མི་སྣ་ཁ་སྣོན་གཏོང་བ་དང༌། སྔོན་གྱི་འཐུས་མིའི་ཚོགས་ཆེན་སྐབས་ཀྱི་གྲོས་ཆོད་དག་ད་ལྟ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་བཞིན་ཡོད་མེད་སྐོར་ལ་ཞིབ་འཇུག་རྩད་གཅོད་བྱས་ནས། གལ་ཏེ་མེད་ཚེ་དེ་དག་བསྒྲུབ་དགོས་པའི་བསྐུལ་མ་གཏོང་དགོས་ཚུལ་གྱི་གྲོས་འཆམ་བསྒྲགས་པར་མ་ཟད། གདན་ས་གོང་འོག་གཉིས་དང༌། ཤར་ཁོག་གནས་མི་སྣ་གསུམ་བཅས་རྒྱུན་ལས་མི་སྣར་བདམས་ཐོན་གྲོས་འཆམ་བྱུང་སྟེ་གཏན་འཁེལ་བྱས་པ་དང༌། ཚོགས་འདུའི་སྒྲིག་ཡིག་གི་དགོངས་དོན་ལྟར་རྗེས་ཕྱོགས་ཚོགས་པའི་མི་སྣ་བརྗེ་སྤོར་གྱི་ཐད་ལ་ཡང་བསམ་བློ་ཞིབ་ཏུ་བཏང་སྟེ་ཕྱོགས་གང་ས་ནས་གལ་ཆེ་བའི་མི་སྣ་མང་བོའི་མཚན་ཐོ་བྲིས་ནས་ཁྱབ་བསྒྲགས་ཞུས་པ། རྩེ་ཞིག་གཡུང་དྲུང་བོན་བསྟན་འཕེལ་རྒྱས་གླིང་གིས་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབས་པའི་བོན་གྱི་མདོ་སྔགས་གཞུང་བརྒྱའི་ཉིང་བཅུད《གངས་ཏི་སེ་བོན་གཞུང་རིག་མཛོད》དེབ་ཕྲེང་ཉེར་ལྔ་ཅན་དེ་ཚར་གྲངས་ཆིག་སྟོང་ཐམ་པ་ཚོགས་པར་ཕུལ་བའི་བཀའ་དྲིན་བསྐྱངས་ཡོད་ལ། ཚོགས་པའི་ངོས་ནས་མཐུན་ཚོགས་འདིའི་སྒྲིག་སྲོལ་ལྟར། རྩེ་ཞིག་དགོན་པ་ཚང་ངམ་ཨ་ལགས་ཤེས་རབ་བསྟན་པའི་ཟླ་བ་ཚང་ལ་བཀའ་དྲིན་ཞུ་རྟེན་དུ་གཟེངས་བསྟོད་ལེགས་སྐྱེས་མཚོན་བྱེད་རེ་ཡང་གནངས་ཡོད་པ་དང༌། རྗེས་ཕྱོགས་ཚོགས་པས་བོན་དགོན་ཡོད་དོ་ཅོག་ལ་དཔེ་ཚོགས་འགྲེམ་སྤེལ་ཞུ་སྟངས། སྤྱི་ལོ་༢༠༡༡ལོར་རྒྱུན་ལས་ལས་འཛིན་འཚོགས་ས་སོགས་ཐེངས་འདིའི་གྲོས་ཆོད་དུ་གནས་ཚུལ་སྐོར་ཞིག་གསལ་བཀོད་བྱས་པ་ལྟར་དེར་གཟིགས་ན་མཁྱེན་ངེས་ཡིན་པ་བཅས། མདོར་ན། རང་རེ་ཅག་གི་བསྟན་དོན་གྱི་སླད་དུ་རྩེ་ཞིག་དགོན་པ་ཚང་གིས་རྒྱུ་ཚེགས་གཉིས་ཀྱི་འགྲོ་གྲོན་ཤུགས་ཆེན་པོ་བཏང་སྟེ་ཐེངས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་འདུ་དེ་དོན་སྙིང་ཡོད་པ་དང་རིན་ཐང་ལྡན་པའི་ངོས་ནས་འཚོགས་ཐུབ་པ་བྱུང་བའི་མ་ཚད། མ་བསྐུལ་དང་བླང་གི་སྒོ་ནས་ཐེངས་འདིའི་ཚོགས་ཞུགས་མི་སྣ་མཉམ་བཞུགས་ཀྱི་འདྲ་པར་རིགས་འགའ་དང༌། ཚོགས་ཐོག་གི་གཏམ་གླེང་གནད་བསྡུས་ཁག་བཅས་རྩེ་ཞིག་དགོན་པའི་ཚོགས་འདུ་གཙོ་སྐྱོང་ཁང་གི་དྲུང་ཡིག་ཚན་ཁག་གིས་སྒྲ་བཤུ་བྱས་པ་དང༌། ཡིག་ཐོག་ནས་ལེན་པ་སོགས་ཐབས་ཤེས་གང་ལེགས་བརྒྱུད་དེ་ཚོགས་པ་དང་འབྲེལ་བའི་དེབ《ཞང་བོད་གཏམ་གླེང་》སྤྱིའི་དེབ་ཨང་གསུམ་པ་པར་བསྐྲུན་ཞུས་པ་ལ་བཀའ་དྲིན་ཡང་ཡང་ཆེ་ཞུ་བ་དང་ཆབས་ཅིག ངེད་ཅག་ཐུན་མོང་གི་རྩ་བའི་དམིགས་འདུན་རྒྱལ་གཤེན་བསྟན་པའི་རིང་ལུགས་སྲིད་མཐའི་བར་དུ་དར་ཞིང་རྒྱས་ཏེ་ལུང་རྟོགས་བསྟན་པའི་ཉི་མ་འོད་པོ་ཆེ་འཛམ་གླིང་ཞི་བདེ་ཡོང་བའི་སྤྱི་དཔལ་དུ་མི་ནུབ་རྟག་བརྟན་གྱིས་ཤར་བའི་བཀྲ་ཤིས་སྨོན་པ་གཙང་མ་བཅས། དེབ་འདིའི་སྔོན་འགྲོའི་གཏམ་ཐུང་འདི་ཚོགས་པ་དེའི་དྲུང་ཡིག་ཆེན་མོ་གདོང་བཙུན་རྒྱ་ཐར་གྱིས་སྤྱི་ལོ༢༠༡༡ལོའི་ཟླ༧ཚེས༣ཉིན་རྔ་བ་སྣང་ཞིག་དགོན་ཆེན་དུ་གུས་པས་སྦྱར།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག