ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> བཞད་གཞུང་བསོད་ནམས་ཀྱི་སྙན་དེབ«སྟོན་མཇུག»
བཞད་གཞུང་བསོད་ནམས་ཀྱི་སྙན་དེབ«སྟོན་མཇུག»
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བཞད་གཞུང་བསོད་ནམས།] [ཟླ་ཚེས། 11-12-05] [ཀློག་གྲངས། ]

      བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་རོལ་དབྱངས་སྡེ་ཁག་ན་བོད་ཀྱི་གནའ་བོའི་རོལ་དབྱངས་སྐོར་ལ་ཞིབ་འཇུག་བྱེད་བཞིན་པའི་བཞད་གཞུང་བསོད་ནམས་ཀྱི་སྙན་ངག་དང་ལྷུག་རྩོམ་ཕྱོགས་བསྒྲིགས་《སྟོན་མཇུག》ཅེས་པ་ཉེ་ལམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་འགྲེམ་སྤེལ་ཞུས་ཡོད། ཚེ་སྲོག་གསར་པ་ཞིག་འཁུམས་གསོ་བྱས་པ་ལྟ་བུའི་སྙན་དེབ་འདིའི་ནང་དུ་རྩོམ་མཁན་གྱིས་མི་ལོ་བརྒྱད་རིང་བྲིས་པའི་རྩོམ་རིག་བརྩམས་ཆོས་ལེགས་བཏུས་བྱས་ཡོད།

རྩོམ་པ་པོ་མཚམས་སྦྱོར་མདོར་བསྡུས།

      བཞད་གཞུང་བསོད་ནམས། དངོས་མིང་ལ་བསོད་ནམས་ཟེར། ༡༩༨༨ལོའི་དབྱར་ཁར་བཞད་མཐོང་སྨོན་རྫོང་ཁོངས་དར་ལྡིང་ཞེས་པའི་ས་ཆར་ཚེ་སྲོག་གི་མྱུ་གུ་འབུས། ༡༩༩༤ལོ་ནས་བཟུང་སྔ་ཕྱིར་རང་སྡེ་ནས་སློབ་ཆུང་དང་སློབ་འབྲིང་གི་སྒོ་མོ་འགྲིམས། ༢༠༠༨ལོར་ལྷ་ས་དགེ་འོས་སློབ་གྲྭ་ནས་སློབ་ཐོན་བྱུང་སྟེ་རང་སྡེའི་སློབ་འབྲིང་ན་སློབ་འཁྲིད་ཀྱི་ཕྱག་ལས་ལ་བཞུགས། ༢༠༠༦ལོར་དགེ་འོས་སློབ་གྲྭའི་རྒྱ་ཡིག་དཔར་གཞིའི་《དགེ་འོས་ཚགས་པར》ཐོག་རྩོམ་ཡིག་འགོད་པའི་འགོ་བརྩམས་སྟེ་《དགེ་འོས་ཚགས་པར》གྱི་ཕུལ་བྱུང་རྩོམ་པ་པོའི་མཚན་སྙན་ཐོབ་པ་དང་འཕྲིན་སྤེལ་བའི་ལས་འགན་ཡང་བསྒྲུབས་མྱོང༌། ༢༠༠༨ལོ་ནས་བཟུང་སྔ་ཕྱིར་བོད་ཡིག་པར་གཞིའི་《དགེ་འོས་ཚགས་པར》དང་《ལྷ་ས་དགོང་དྲོའི་ཚགས་པར》དེ་བཞིན་《གངས་རྒྱན་མེ་ཏོག》 《གཞིས་རྩེའི་ཚགས་པར》 《གཞིས་རྩེའི་སློབ་གསོ》སོགས་སུ་རྩོམ་ཡིག་གྲངས་50ལ་ཉེ་བ་བཀོད། 《མུ་ཁྲི་བཙན་པོ》དང་《ཇོ་མོ་གླང་མ》ཞེས་པའི་དུས་དེབ་སྟེང་དཔྱད་རྩོམ་དང་བརྩམས་སྒྲུང་ཁ་ཤས་སྤེལ་མྱོང༌། སློབ་གྲྭར་སྡོད་རིང་སློབ་མ་ཁ་ཤས་འདུས་ནས་《བྲག་ཅ》ཞེས་པའི་གསར་རྩོམ་དེབ་ཅིག་དཔར་བསྐྲུན་འགྲེམ་སྤེལ་བྱས་པ་མ་ཟད་གཙོ་སྒྲིག་པའི་འགན་བཞེས། ༢༠༠༨ལོ་ནས་བཟུང་རོལ་དབྱངས་གསར་རྩོམ་ལ་བཞུགས་ཏེ། གཞས་པ་འཕྲིན་ལས་རྒྱ་མཚོའི་ཆེད་སྒྲིག་ནང་གི་《ཡིད་སྐྱོ་བའི་མིག་ཆུ》དང་གཞས་མ་སྐལ་སྒྲོན་གྱི་ཆེད་སྒྲིག་ནང་གི་《ཆུང་འདྲིས་བྱམས་པ》དང་《གསན་དང་》སོགས་པའི་གཞས་ཚིག་གསར་རྩོམ་གནང་། ༢༠༠༩ལོར་བཞད་མཐོང་སྨོན་རྫོང་སློབ་འབྲིང་གི་སློབ་གླུ་《མཛེས་པའི་བཞད་གཞུང་སློབ་འབྲིང་》ཞེས་པའི་གཞས་གདངས་གསར་རྩོམ་བྱས། ༢༠༡༡ལོར་རྒྱལ་ཡོངས་རང་སྦྱོང་ཡིག་རྒྱུགས་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་དངོས་གཞིའི་སློབ་ཐོན་ལག་འཁྱེར་ཐོབ། ད་ལྟ་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་རོལ་དབྱངས་སྡེ་ཁག་ན་བོད་ཀྱི་ཆོས་ལུགས་རོལ་དབྱངས་ལས་གཡུང་དྲུང་བོན་གྱི་རོལ་དབྱངས་སྐོར་ལ་ཞིབ་འཇུག་སློབ་མ་སློབ་གཉེར་བྱེད་བཞིན་ཡོད།

སྔོན་འགྲོ།

      ༄༅།། གུས་ཤིང་བརྩེ་བའི་ཀློག་པ་པོ་ལགས།
      《སྟོན་མཇུག》ཞེས་པའི་སྙན་དེབ་འདི་ཕྱག་ཏུ་སོན་དུས། ཁྱེད་རང་གིས་འདི་ནི་ཚིག་ཚོགས་ལེམ་ལེམ་དུ་སྤུད་པའི་ཤོག་སྙིགས་ཤིག་གི་ཚད་དུ་འཛིན་ནས་རང་དགར་བཞག་ཀྱང་ཆོག་ལ། སྙན་ངག་ལ་དགའ་བའི་ཁྱེད་ཀྱིས་ཅི་ཞིག་འཚོལ་འདོད་ཀྱི་ཀུན་སློང་འོག་ནས་གུས་པའི་སྙན་དེབ་འདི་ཞིབ་ཚགས་སྒོས་ཟབ་ཀློག་ཞིག་གནང་ཡང་ཆོག གང་ལྟར། གུས་པས་ཁྱེད་ལ་དེབ་འདི་དང་འཕྲད་པའི་ལས་འཕྲོ་ཞིག་བྱུང་བར་གཅེས་འཛིན་བྱེད་ངེས། སྐུ་ཉིད་ཀྱིས་དེབ་འདི་དམིགས་འབེན་དུ་འཛིན་ནས་ཆ་རྒྱུས་ཡོད་ལ་ཆ་རྒྱུས་མེད་པའི་ང་ལ་ཚོད་བགམ་ཞིག་བྱས་ཆོག་ལ། ཆ་རྒྱུས་ཡོད་པའི་ང་རང་དམིགས་འབེན་དུ་བྱས་ནས་ཆ་རྒྱུས་མེད་པའི་ངའི་སེམས་ཁམས་འཇིག་རྟེན་མྱུལ་ཡང་ཆོག ཡང་ན། འཚར་ལོངས་ཀྱི་ན་ཟུག་དང་འབྲེལ་བའི་ཁོར་ཡུག་གི་འགལ་བར་རྒྱུས་མངའ་ཞིག་གནང་ཡང་ཆོག གང་ལྟར་ཀློག་པ་པོ་ཞིག་གི་བླ་མེད་གནས་བབས་འོག་ནས། ང་རང་ཇི་འདྲ་བའི་སྙན་ངག་པ་ཞིག་གི་ཚད་ནས། བསྟོད་བསྔགས་ཀྱི་མེ་ཏོག་ཕུལ་ཡང་ཆོག་ལ། སྐྱོན་བརྗོད་ཀྱི་དྲག་ཆར་ཕབ་ཀྱང་ཆོག གང་ལགས་ཤེ་ན། ཁྱེད་ཀློག་པ་པོ་རྣམས་ནི་སྙན་དེབ་འདིའི་བདག་པོ་ཁོ་ན་ཡིན་པས།
      སྟོན་མཇུག སྟོན་མཇུག་གི་ལྕང་ལོ། སྟོན་མཇུག་གི་དྲན་ཤིང༌། ངའི་སེམས་ཁོང་ལ་ན་ཟུག་སློང་བའི་རྟེན་གཞི་ཉག་གཅིག་ཡིན། ང་རང་གིས་སྙན་ངག་རེ་རེ་འབྲི་དུས། ན་ཟུག་རེ་རེ་སེམས་པའི་གཏིང་མཐའ་ནས་སློང་བཞིན་ཡོད། ང་རང་གིས་སྙན་ངག་རེ་རེ་འབྲི་དུས། སྐད་ཡིག་གི་ལས་དབང་ལ་བསམ་གཞིག་ལྕི་མོ་རེ་བྱེད་བཞིན་ཡོད། ང་རང་གིས་སྙན་ངག་རེ་རེ་འབྲི་དུས། ང་རང་མི་ཚེ་སྔས་མགོ་ལ་བཞག་ནས་རྩོམ་རིག་གི་མལ་ཆས་གྱོན་པའི་འགྲུལ་བཞུད་པ་དེ་ཡིན་ན་འདོད། ཡིན་ཡང༌། ཐེངས་རེ་རེའི། སྙན་ངག་རེ་རེའི། སེམས་གཞས་ཕྲ་མོ་རེ་རེའི་ན་ཟུག་གིས་ང་རང་ལ་དཀའ་ལས་ཆེན་པོ་རེ་སྤྲད་འོངས། དེས་རྐྱེན་པས་ངའི་སྙན་ངག་རེ་རེར་ན་ཟུག་གི་རྨ་ཁ་ཟབ་མོ་རེ་ཡོད་ལ། ངའི་སྙན་ངག་རེ་རེར་གསོན་ཤུགས་ཀྱི་ངར་ཤ་རེ་ཡོད།
      སྟོན་མཇུག་གི་དུས་ལ། ལྕང་ལོ་ཟགས་པའི་དུས་ལ། དྲན་ཤིང་གིས་སྡུག་བསྔལ་མྱོང་བའི་དུས་ལ། ངས་སྙན་ངག་ལེགས་པོ་རེ་འབྲི་ཨེ་ཐུབ་བལྟ་གིན་ཡོད། ཐེངས་རེ་རེའི་ཨུ་ཚུགས་དང༌། བློས་བླངས་རེ་རེའི་སྙིང་སྟོབས་ཀྱིས། ང་རང་གིས་སྙན་ངག་ཁ་ཤས་འབྲི་ཐུབ་སོང༌། སེམས་ཀྱི་དམིགས་རྟེན་དུ་གྲུབ་པའི་སྙན་ངག་ཁ་ཤས་འབྲི་ཐུབ་སོང༌། སྙན་ངག་རེ་རེ་འབྲི་ཐུབ་དུས། ངས་མི་ཚེ་ལ་དགའ་ཞེན་རྙེད་བྱུང༌། སྙན་ངག་རེ་རེ་འབྲི་ཐུབ་དུས། ངས་རང་ཉིད་ཀྱི་སྐེ་རགས་རང་ཉིད་ཀྱིས་དམ་པོར་བཅིངས་དགོས་པའི་གནས་ལུགས་རེ་ཤེས་བྱུང༌། སྙན་ངག་རེ་རེ་འབྲི་ཐུབ་དུས། ངས་གཞན་སུ་གང་དང་ཡང་མི་འདྲ་བའི་རང་ཉིད་ངོ་མ་དེ་མཐོང་ཐུབ། སྙན་ངག་རེ་རེ་འབྲི་ཐུབ་དུས། ངས་སྒེར་གཤིས་ཡོད་པའི་མི་བུ་ཞིག་འཚར་ལོངས་ཡོང་གིན་ཡོད་པ་ཚོར་བྱུང༌། 
       གསལ་འདེབས་ཞུ་རྒྱུ་ཞིག་ལ། འདིར་བཀོད་རྩོམ་ཡིག་ཚང་མ་རྩོམ་ལུས་དབྱེ་བའི་ཐོག་རྩོམ་འབྲིའི་དུས་ཚོད་ཀྱི་གོ་རིམ་ཇི་བཞིན་བསྒྲིགས་ཡོད་པས། ང་རང་གི་རྩོམ་འབྲིའི་བརྒྱུད་རིམ་ལ་གོ་བ་ཞིག་ལོན་ཐུབ་ངེས་ལ། ནར་མ་སོན་པའི་མི་བུ་ཞིག་གི་འཚར་ལོངས་བརྒྱུད་རིམ་མཐོང་ཐུབ། ཡང་ན། བྱིས་བློའི་སེམས་ཁམས་ཤིག་ནས་ཡོད་ཚད་ལ་གོ་ཤེས་ གསར་པ་རྙེད་པའི་སེམས་ཀྱི་གྱུ་ལང་ཞིག་མཐོང་ཐུབ། རིགས་མཐུན་གྱི་སྤུན་ཟླས་སྐད་ཡིག་གཞན་གྱིས་བྲིས་པའི་ཚགས་པར་དང་དུས་དེབ་བལྟ་དུས། ངས་བསམ་བློ་ཞིག་གཏོང་གིན་ཡོད། རང་སྐད་ཀྱིས་བྲིས་པའི་རྩོམ་རིག་བརྩམས་ཆོས་ལ་རིན་ཐང་མེད་པ་མིན་ནམ། སྐྱ་བོས་འཁོར་བར་ངེས་འབྱུང་དང༌། སེར་མོ་བས་བརྩེ་དུང་གི་ཆགས་ཞེན་བྲིས་པའི་སྐྱ་མིན་སེར་མིན་གྱི་རྩོམ་རིག་བརྩམས་ཆོས་ལ་ཞེན་པ་ལོག་པ་ཡིན། ཡང་ན། རིགས་མཐུན་སྤུན་ཟླས་དུས་རབས་ཀྱི་རྗེས་ཟིན་པའི་ཆེད་དུ་གཞན་སྐད་ཀྱི་ལེགས་ཆ་དང་ལེན་བྱེད་པ་ཡིན། ཡང་ན། དུས་རབས་ཀྱི་རྗེས་མ་ཟིན་པའི་སྐད་ཡིག་འདིའི་ལན་པ་ཡིན་ངས་མི་ཤེས།
       ཐ་ན། ཁྲོམ་ལམ་ན་ལྷམ་གོག་བཙེམས་མཁན་ཞིག་གིས་ཀྱང༌། ཚགས་པར་སོགས་བལྟ་ཀློག་བྱེད་ཀྱི་འདུག ཡིན་ཡང་། ངའི་སྤུན་ཟླས་སྦི་རག་ལས་མཐོང་མི་ཐུབ་པ་ལ་བསམ་ན། ང་ཚོས་རང་ཉིད་ལ་ཚ་འདྲི་བྱེད་དགོས། ལྷག་པར་དུ་ན་གཞོན་མང་པོ་ཞིག་གིས་སྐད་ཡིག་གཞན་གྱི་དུབ་དེབ་སོགས་བལྟ་ཀློག་ལ་ཧ་ཅང་དགའ་ཞིང༌། བོད་ཡིག་རང་གིས་ཐོག་ནས་བྲིས་པའི་དཔེ་ཆ་གང་ཞིག་ཡིན་པ་ལ་རིན་ཐང་མེད་ཚུལ། ཐ་ན་ཅི་ཞིག་བྲིས་པ་ཡང་གོ་ཤེས་མི་ཐུབ་པའི་ཚད་ལ་སླེབས་པ་འདི། རང་ཉིད་ཀྱི་རིག་གནས་ཆུ་ཚད་སྐྱོ་པོ་ཡིན་པའི་ནོར་འཁྲུལ་དུ་ཁས་མི་ལེན་པར། འབྲི་མཁན་གྱི་ནོར་འཁྲུལ་དུ་ངོས་འཛིན་ནས། ངས་འདི་ཀློག་ཐུབ་ཀྱི་མི་འདུག ང་འདི་འདྲ་ཀློག་རྒྱུ་ལ་དགའ་པོ་མེད་པ་སོགས་ཀྱི་རྒྱུ་མཚན་རེ་བཤད་དུས། རང་གི་སེམས་ལ་ཚ་ཤར་རེ་རྒྱག་གི་མི་འདུག་གམ། ཡང་ན། རང་གི་ཁྲག་རྒྱུན་ན་བཞུར་བ་གང་ཞིག་ཡིན་པ་མི་ཤེས། རང་ཉིད་ཀྱི་ཤེས་རིག་ལ་སོ་སོས་མཐོང་ཆུང་བྱས་ན། གཞན་སུ་ཞིག་གིས་མཐོང་ཆེན་ག་ལ་བྱེད་སྲིད།
      ན་ཟུག་དང་མིག་ཆུ། བརྩེ་ཞེན་དང་ལ་རྒྱ། ཚོར་འདུ་དང་ཆགས་ཞེན་གྱིས་བསྐྲུན་པའི་སྙན་དེབ་འདིས། རླུང་ཁྲོད་ན་ཚེ་སྲོག་གི་དཔའ་ངར་ངོམས་པའི་མར་མེ་ལྟ་བུའི་སྙན་དེབ་འདིས། དུངས་ཞེན་ཕ་སྐད་ལ་འཁྱུད་པའི་སྙན་དེབ་འདིས། ཀློག་པ་པོ་ཁྱེད་རྣམས་ལ་རང་ཉིད་ལ་དབང་བའི་ནང་སེམས་ཀྱི་འཇིག་རྟེན་ཞིག ཕུགས་བསམ་ཞིག ནམ་མཁའ་སྔོན་པོ་ཞིག མཁའ་རླུང་གསོས་པ་ཞིག རེ་སྙེགས་གསར་པ་ཞིག སྙིང་སྟོབས་ཆེན་པོ་ཞིག་འཐོབ་པའི་རེ་བ་ཡོད། ཡིན་ན་ཡང་། དུས་ནམ་ཞིག་ལ་རྩིག་ཟུར་གང་རུང་ཞིག་ན། སྙན་དེབ་འདི་ཤོག་སྙིགས་སུ་གྱུར་ན། ང་ཚོ་མཉམ་དུ་བགྲོད་པའི་ལམ་བུ་ལ་ཕྱིར་དྲན་ཞིག་གི་ཀློང་ནས། དེབ་འདི་དང་མཉམ་དུ་བགྲོད་པའི་ལམ་བུ་འདི་མི་ཚེ་ཡིན་པ་དང༌། ལང་ཚོ་ཡིན་པ། ལོ་ཆུང་གི་གར་སྟབས་ཡིན་པར་ལོ་རྒྱུས་ཀྱིས་བརྗོད་སྲིད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག