ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> 2011ལོའི«གླང་དར་མ»འགྲེམ་སྤེལ་བྱས་པ།
2011ལོའི«གླང་དར་མ»འགྲེམ་སྤེལ་བྱས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་བསོད་བསྟན།] [ཟླ་ཚེས། 12-01-10] [ཀློག་གྲངས། ]


རྒྱབ་ཤོག

སྐད་ཆ་ཆ་ཚིག
                                                                (སྔོན་གླེང་གི་དོད་དུ)

      ཁ་བ་ཅན་གངས་རི་ཞིག་ཡིན་པའི་དབང་དུ་བཏང་ན། དར་མ་འུ་དུམ་བརྟན་གངས་རི་འདེགས་པའི་རྒྱ་མཚོ་ཆེན་པོ་དེ་རེད། ཁ་བ་ཅན་མུན་གཟུགས་ཤིག་ཡིན་པའི་དབང་དུ་བཏང་ན། དར་མ་འུ་དུམ་བརྟན་མུན་པ་གསལ་བའི་མེ་ཡི་དཀྱིལ་འཁོར་ཆེན་པོ་དེ་རེད། རྒྱུ་མཚན་དར་མ་འུ་དུམ་བརྟན་ནམ་གླང་དར་མ་བཀྲོངས་པའི་ཕྱི་ལོ་ནས་ཁ་བ་ཅན་སིལ་བུ་འཐོར་བའི་བརྒྱུད་རིམ་དང་དེའི་ཁྲོད་ཀྱི་གངས་རིའི་གློ་རྒྱུ་སྟོད་ནས་བཟས་ཤིང༌། གངས་རིའི་བྲང་གཞུང་དབུས་ནས་གཙབ་སྟེ་ཁ་བ་ཅན་སྲིད་པའི་མིག་ནང་ནས་ཉམ་ང་བ་ཞིག་ཏུ་གྱུར་སོང་བ་ཞིག་རེད། 
       དེ་བས་ཁ་བ་སླར་ཡང་ཕབ་སྟེ་ཁ་བ་ཅན་གྱི་རིག་གནས་སྙིང་སྟོབས་སླར་གསོ་མཛད་དགོས་ན། དར་མ་འུ་དུམ་བརྟན་གྱི་སྙིང་རུས་ཀྱི་ལྷུ་ལག་དངོས་གནས་དེ་ཅི་འདྲ་བོ་ཡིན་ན་དེ་བཞིན་ལྷུ་སྒྲིག་བྱེད་རྒྱུ་དེ་རེད། དར་མ་འུ་དུམ་བརྟན་གྱི་བློ་སྤོབས་ཀྱི་མྱིག་མདངས་ཅི་འདྲ་གཙང་ན་དེ་འདྲ་ཡང་དག་བྱེད་རྒྱུ་དེ་རེད།
       ཡིན་ནའང་མྱི་ལོ་སྟོང་གི་རིང་དུ་དར་མ་འུ་དུམ་བརྟན་གྱི་གངས་རི་ལས་དཀར་བའི་ཐུགས་སྟོབས་ཡར་ཀླུང་གཙང་བོའི་ཁ་ནས་རྗོད་མཁན་བྱུང་མེད་ལ། བྲག་རི་ལས་བརྗིད་པའི་མྱི་གཞི་ཆུ་བཞི་སྒང་གི་རི་ལུང་དག་ནས་གྱེར་མཁན་བྱུང་མ་ཐུབ། ཡིན་ནའང་འདི་ནས་ལོ་ཁ་ཤས་ཤིག་གི་སྔོན་དུ་བདག་གི་རྩོམ་པའི་གྲོགས་མཆོག་པཎ་ཙ་བསྟན་འཛིན་དར་རྒྱས་དང༌། ཤེས་རབ་གོ་ཆ། ཐེལ་བཅུ་ཡར་འཕེལ་རྒྱ་མཚོ་གསུམ་གྱིས་རླབས་ཆེན་གྱི་མྱི་གཞི་ལ། རླབས་ཆེན་གྱི་བློ་སྤོབས་བཏབ་སྟེ། 《གླང་དར་མ》ཞེས་པའི་ལོ་དེབ་འདི་གངས་རིའི་རྣམ་རྟོག་དང་གཡམ་རྒྱུག་གི་གཟེར་མིག་དག་གཤག་པ་དང༌། གཏར་བའི་ཚུལ་དུ་དགག་སློང་བློ་སྤོབས། དོགས་སློང་ཚོར་ཤེས་ཀྱི་བླ་དབུགས་འཛེར་ཏེ་པར་སྐྲུན་བྱས་དང་བྱེད་བཞིན་པའི་དེ་རིང་སྟེ་ཉིས་སྟོང་བཅུ་གཉིས་ལོའི《གླང་དར་མ》ལོ་དེབ་ཁ་བ་རི་བའི་སྤུན་ཟླ་ཡོངས་ཀྱི་སྤྱན་ལམ་དུ་བསྟར་ཐུབ་པར་ཧ་ཅང་གི་དགའ་དགོས་པའི་ཚོད་རེད།
      རྒྱུ་མཚན་དེང་གི་དུས་སུ་ངོ་སྤྲོད་ཙམ་དང༌། བསྟོད་རྩོམ་ཙམ་གྱིས་བཞེངས་སྐྲུན་བྱས་པའི་དུས་དེབ་མང་པོ་གངས་རིའི་ཕྱི་ནང་གི་ཡུལ་ལུང་དག་ནས་ཕུད་རྒྱུ་ཧ་ཅང་མང་བར་མ་ཟད་དེ་ཙམ་གྱིས་ཡིད་ཁ་ཁེངས་ཏེ་གངས་རི་སྔ་ལྟར་ཀླ་ཀློས་དང་མུན་པའི་གྲིབ་གཟུགས་སུ་བརྫངས་པའི་རང་སྒེར་བ་ཧ་ཅང་མང་གི དེ་བས《གླང་དར་མ》ལྟ་བུའི་ལོ་དེབ་ང་ཚོ་ལ་ཧ་ཅང་མཁོ་བའི་ཚོད་རེད།
      ངས་བསམ་ནའང་དུས་དེབ་ཀྱང་མྱི་ཞིག་དང་ཨ་ན་མ་ན་ཡིན་པར་མ་ཟད། དེ་ལ་ལྟ་བ་སྲ་མོ་ཞིག་དང༌། ཚོར་ཤེས་སྐྱེན་པོ་ཞིག སྒྲུབ་ཕྱོགས་ཡང་དག་ཅིག དོགས་སློང་ཟབ་མོ་ཞིག བསམ་བློ་དཀྱེལ་ཡངས་ཡིན་པའི་མྱི་ཞིག་ཀྱང་ཡིན་དགོས་ས་རེད་འདོད་ཀི་ཡོད།
      དེ་བས་དུས་དེབ་ཚད་དང་ལྡན་པ་ཞིག་ཡིན་དགོས་ན་ངས་གོང་དུ་བཤད་པ་དེ་དག་མ་འཛོམས་ཚེ། དེ་ནི་རློམ་བཞག་ན་ཆོག་པའི་མྱི་ཞིག་མ་ཡིན་པས། རྒྱ་ཆེའི་ཀློག་པ་པོས་གདེང་འཇོག་ཁྱོན་ནས་ཐོབ་མི་སྲིད་པ་ཞིག་ཀྱང་རེད། རྒྱུ་མཚན་དེ་ལྟའི་མྱི་ནི་ལྟ་བ་མེད་པའི་མྱི་ཡིན་པས་ན། ལངས་ཕྱོགས་ཁྱོན་ནས་མེད་པ་ཞིག་རེད། བསམ་བློ་མེད་པའི་མྱི་ཡིན་པས་ན། ཀུ་ཡངས་ཡེ་ནས་བྲལ་བ་ཞིག་རེད།
འདི་ནས་བདག་གི་རྩོམ་གྲོགས་ཐེལ་བཅུ་ཡར་འཕེར་གྱི་ཚིག་ཅིག་ཡང་ཡང་ཡིད་ལ་འཁོར་འོང་གི དེ་ནི“ནུས་པ་མི་འདོན་པ་ནི་ནོར་འཁྲུལ་ཡིན་ལ། ནུས་པ་མི་ཐོན་པ་ནི་རྒྱུན་ལྡན་ཡིན”ཞེས་པ་དེ་རེད། ང་ཚོ་མྱི་སུ་དང་སུ་ཡིན་ནའང་ནུས་པ་འདོན་རྒྱུ་ནི་དཔའ་གཟུགས་ཀྱི་བདེན་པ་ཞིག་རེད། རིན་ཐང་གི་སྟོབས་ཤུགས་ཤིག་རེད། དེ་ལྟར་རྩོམ་སྒྲིག་པའི་ལམ་བུ་འདི་བདམས་ནས་རྩོམ་སྒྲིག་གི་ལམ་པ་བ་ཞིག་བཅའ་བའི་ཐ་ཚིག་ཀྱང་དེ་ལྟ་བུ་ལ་བརྒྱབས་པས། ཁོ་ཚོས་རྩོམ་སྒྲིག་བྱེད་བཞིན་པའི《གླང་དར་མ》འང་དེ་ལས་གཡོལ་ཡོད་རྒྱུ་མ་རེད་འདོད་ཀི་ཡོད།
      བདག་ལ་མཚོན་ན་མྱང་འདས་ཀྱི་ས་སྐོར་དུ་གྲགས་པའི་དབེན་པའི་གནས་སམ་དགོན་པའི་ཕྱི་ར་ནང་སྐོར་རམ། ཡང་ན་ཆོས་རའི་མཁའ་དབྱིངས་སུ་ཤུགས་ཀྱིས་མཆེད་པའི་སྟོང་ཉིད། ཀ་དག བདེན་མེད། བདག་མེད་སོགས་ཞི་བའི་ཐ་སྙད་རྣམས་རང་ངོ་དང་རང་གི་འཇིག་རྟེན་མཚོན་བྱེད་ཀྱི་ཐ་སྙད་རང་ག་བ་ཏག་ཏག་སྦྱོར་བ་བརྩོན་མཁན་ཞིག་ནམ། ཡང་ན་དེ་ཙམ་གྱིས་དགའ་མགུ་ཡང་བྱེད་མ་ཐུབ་པའི་རང་རློམ་ཅན་དེ་ཡིན་པས། བདག་གིས་དུས་དེབ་ལ་བཟུང་བའི་རྣམ་འགྱུར་དང་ལྟ་བའང་དེ་ཙམ་གྱིས་བྲིས་ནི་ཞིག་ཀྱང་ལོས་ཡིན།
      དེ་ལྟར《གླང་དར་མ》ལོ་དེབ་ཐོག་མའི་སྣ་འཛོམས་ཅན་དེ་ལས་ད་ལྟའི་དཔྱད་བརྗོད་ལོ་དེབ་ཏུ་བསྒྱུར་པ་ནི་དེ་ལས་ཀྱང་དགའ་དགོས་པ་ཞིག་ཀྱང་རེད། སྤྱིར་ན་དུས་དེབ་གང་དུ་ཡང་དཔྱད་བརྗོད་རྩོམ་རིག་ལབ་ལོབ་འགའ་རེ་མེད་ས་ཧ་ཅང་དཀོན་གི ཡིན་ནའང་དཔྱད་བརྗོད་དེ་དག་ནི་འཁྱོག་གཟུགས་དང་སྒྱུ་གཟུགས་ཀྱི་རྩོམ་རིག་ཙམ་ལས། དེ་དག་གི་ནང་དུ་དཔྱད་བརྗོད་ཡང་དག་པ་ཞིག་སྤེལ་གི་མེད་ནོ་མངོན་གསུམ་རེད། དེ་ཡང་ཐོག་མ་ནས་འུ་ཅག་གི་ལོ་རྒྱུས་རྩོམ་པ་པོ་དག་གི་སེམས་པ་འཁྱོག་པོ་ཡིན་པས། ད་ལྟ་དོན་དངོས་ཀྱི་དཔྱད་བརྗོད་སྤེལ་ཚེ་ཕན་ཚུན་གྱི་ཨོང་རྐུབ་འཕུད་རྒྱུ་མང་དྲགས་པས། རྩོམ་སྒྲིག་པ་རྣམས་ཡིན་ནའང་དབུ་མའི་ལམ་དུ་ཐིམ་པའི་དཔྱད་བརྗོད་དེ་དག་སྤེལ་ཐུབ་ཀི་མེད་ནོ་བཤད་མ་དགོས་པ་ཞིག་རེད། རྒྱུ་མཚན་ངའང་སྡོམ་གཅུན་དེ་འདྲའི་རྙི་དེའི་ལྗིད་ཤུགས་མྱངས་མཁན་ཞིག་ཡིན་མོད། རང་ལྟ་འདི་ད་ལྟའི་བར་འབོར་མ་མྱོང་བས། བདག་གི་ལག་ནས་གཙོ་སྒྲིག་གི་ལས་ཀ་བྱེ་བྲག་པ་ཞིག་ཤོར་ཡང་མྱོང༌། དེ་ནི་ང་རང་སྟེང་ནས་བཤད་ན་ཕམ་ཁ་ལས་རྒྱལ་ཁ་རུ་རྩི་བཞིན་ཡོད།
      དེ་བས་ང་ཚོ་ལ་དཔྱད་པ་གནད་དུ་ཐིངས་ཤིང༌། ལངས་ཕྱོགས་དབུ་མ་ཡིན་པའི《གླང་དར་མ》ལྟ་བུའི་ལོ་དེབ་ཧ་ཅང་མཁོ་བའི་ཚོད་རེད། ཧ་ཅང་མཁོ་བའི་ཚོད་རེད།
      ངས་ནམ་རྒྱུན་དེ་ལྟར་བསམ་གྱིན་ཡོད། ཁྱེད་རང་རྩོམ་པ་པོ་ཡིན་མིན་ནི་ཁྱོད་ཀྱི་རྩོམ་གྱི་སྒུལ་ཤུགས་ཇི་ལྟ་བུ་ཡིན་མིན་གྱི་གནད་དོན་དེ་རེད་འདོད་ཀི་ཡོད། དེ་མིན་ཁྱོད་ཀྱིས་སྙན་གཞུང་ཞིག་ཁྲིད་མྱོང་ནོ་དང༌། དག་ཆ་ཆ་རེ་བློ་ངོར་ཡོད་ནོ་ཙམ་གྱིས་རང་ཉིད་རྩོམ་པ་པོར་བརློམས་ནས་གཞན་གྱི་རྩོམ་རིག་བཙག་ཁུལ་དང༌། ཚད་འཇལ་བྱེད་པ་ནི་ཁྱེད་ལ་རྩོམ་རིག་གི་ཤེས་རབ་མ་རྒྱས་པ་དང༌། ཁྱོད་ཀྱིས་རྩོམ་རིག་ལ་བཟུང་བའི་རྣམ་འགྱུར་མ་དྲང་པ་དེ་བསྟན་པ་རེད། ན་ནིང་གི་དབྱར་གནང་སྐབས་སུ་བདག་འབར་ཁམས་ནས་ངའི་སྙན་ངག་སྐོར་ནས་ལབ་གླེང་རྒྱག་མཁན་འགའ་རེ་འཕྲད་པ་ཡིན། ཁོ་ཚོས་ང་ལ་ཁྱོད་ཀྱིས་རང་ཉིད་ཀྱི་སྙན་ངག་རྣམས་ཚུལ་ཇི་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀི་ཡོད་ཅེས་དྲི་བ་བཏོན་འོང་ཐལ། ངས་ངའི་སྙན་ངག་ནི་ང་རང་ཉིད་ལ་ངོས་བཟུང་ཡོད་ཅེས་བཤད་པ་མ་ཟད་ངའི་སྙན་ངག་གི་ཕྱི་ཡི་ཆ་དང༌། ནང་གི་ཆ། དེ་བཞིན་དུ་དེའི་ཁྲོད་ཀྱི་སུམ་དག་རྟག་གསུམ། ཚིག་རྒྱན་བརྡ་སྤྲོད་རྣམས། བདག་གི་མགོ ལུས། སྲོག་གསུམ། གཟན། ཤམ་ཐབས། སྟོད་འགག ཆོས་གོས་སོགས་ལ་འགྲེལ་བ་ཡིན། ནམ་ཞིག་ངའང་ཁྱེད་ཅག་དང་འདྲ་བར་ཆོས་གོས་དང་ཤམ་ཐབས་གྱོན་པའི་མྱི་དེ་མིན་ན། ངའི་སྙན་ངག་ཀྱང་དེ་བཞིན་སྐྱ་སར་འབབ་ངེས་ཡིན་ཞེས་བཤད་པ་ཡིན། འདི་ནི་ཁོར་ཡུག་དང་མྱི་འགྱུར་བ་ནས། རྩོམ་རིག་ཀྱང་དེ་བཞིན་འགྱུར་འོང་བ་ཞིག་ཡིན་པར་བཤད་འདོད་པ་དེའོ། །
      དེ་བས་རྩོམ་རིག་གི་ཞིང་ཁམས་ནི་མཐའ་མི་ཟིན་པའི་ནམ་མཁའ་ཆེན་པོ་འདི་དང༌། གཏིང་མི་དཔོག་པའི་རྒྱ་མཚོ་ཆེན་པོ་ཞིག་ཡིན་པར་མཚོན་གི དེ་བས་མྱི་ཡི་ལྟ་བ་དང་བསམ་བློ་ཡང་རྩོམ་རིག་གི་བླ་གཟུགས་ཡོངས་སུ་ཁྱབ་པའི་ཟུངས་ཁྲག་ཁོལ་མ་དེ་ཡིན་པས། 《གླང་དར་མ》ལོ་དེབ་འདི། མཐོ་སྒང་གི་ཡུལ་ལུང་ཀུན་ལ་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་གྲུབ་མཐའི་ཞབས་ཕྱི་ཙམ་དང༌། རང་ཕྱོགས་བཟང་པོར་བསྒྲུབས་པའི་རྩོམ་རིག་རྣམས་བསྡུ་ཉར་བྱེད་སའི་དུས་དེབ་ཅིག་ཏུ་མ་ཆགས་ཀྱང༌། ཐད་གར་ལངས་ཕྱོགས་དབུ་མ་ཡིན་པའི་རྩོམ་རིག་དཔྱད་བརྗོད་དེ། འུ་ཅག་གི་རྒྱལ་རབས་དེབ་ཐེར་ཁག་ཏུ་གསལ་བའི་བླུན་པོ་གླང་ལྟ་བུའི་དར་མ་འུ་དུམ་བརྟན་གྱིས་ནང་བསྟན་གཞུང་ལུགས་མཛད་པ་སོགས་དཔྱད་པ་གནད་དུ་ཐིངས་པའི་སྔར་གྱི་དཔྱད་བརྗོད་གང་དུ་ཡང་མི་གསལ་བའི་རྩོམ་རིག་གི་རིགས་མང་པོ་བཀོད་སའི་དེབ་ཤིག་ཏུ་ཆགས་པར་རྗེས་སུ་ཡི་རང་དང་བཅས།

གདན་ཞུས་རྩོམ་སྒྲིག་པ། ཀ་ཤུལ་བསོད་རིན་ནས/2011/3/13ལ་རྔ་བ་ནས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག