ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> ཞང་བོད་ཀྱི་གཤེན་ཆེན་འགའ།
ཞང་བོད་ཀྱི་གཤེན་ཆེན་འགའ།
[རྩོམ་གྱི་ཡོང་ཁུངས། དྲ་རྒྱ་ལས་བཏུས་པ།] [རྩོམ་པ་པོ། རིག་ཁྱུང་པདྨ།] [ཟླ་ཚེས། 10-09-09] [ཀློག་གྲངས། ]

        དེ་ཡང་བོན་གྱི་བསྟན་པ་ཕྱི་དར་གྱི་སྐབས་སུ་གཤེན་རབ་གྱི་བསྟན་པ་འཛིན་པོའི་སྐྱེས་ཆེན་དམ་པ་མང་པོ་ཞིག་བྱོན་མོད།དེ་ལས་གཤེན་ཆེན་ཀླུ་དགའི་སློབ་མ་བཞི་སྟེ་ལྕོག་ལ་གཡུ་སྐྱིད་དང་ཞུ་ཡས་ལེགས་པོ།བྲུ་ནམ་མཁའ་གཡུང་དྲུང་།སྤ་སྟོན་དཔལ་མཆོག་བཅས་ཀྱི་བོན་གྱི་བསྟན་པ་དར་རྒྱས་སུ་འགྲོ་བར་མཛད་རྗེས་བླ་ན་མེད་པ་བཞག་ཡོད་ཅིང་།བོན་གྱི་བསྟན་འབྱུང་ལོ་རྒྱུས་སུ་བྲུ་ཞུ་སྤ་རྨེའུ་བཞི་ལ་རྒྱལ་རིགས་གཤེན་ཚང་འདེགས་པའི་ཀ་ཆེན་བཞི་ཞེས་གྲགས་པའི་སྙན་པ་འབུལ་ཡོད་ལ།བྲུ་སྟོན་ནམ་མཁའ་ལ་ལུང་སྲིད་པའི་མཛོད་ཕུག་ལ་སོགས་ཕྱི་མཚན་ཉིད་ཀྱི་བཀའ་ཕབ།དབང་ལྡན་ཞུ་ཡས་ལེགས་པོ་ལ་བྱང་སེམས་གབ་པ་ལ་སོགས་སེམས་ཕྱོགས་ཀྱི་བཀའ་ཕབ།སྤ་སྟོན་དཔལ་མཆོག་འོད་གསལ་ལ།ཁྲོ་བོ་དབང་ཆེན་ལ་སོགས་ནང་གསང་སྔགས་ཀྱི་བཀའ་ཕབ། རྨེའུ་དམ་པ་ལྷ་རི་གཉན་པོ་ལ་མདོ་འདུལ་བའི་སྡེ་སྣོད་སོགས་རིག་གནས་ཀྱི་བཀའ་ཕབ་པ་སོགས་ཀྱིས་བོན་གྱི་ཕྱི་ནང་གི་རིག་གནས་ཐམས་ཅད་དར་ཞིང་རྒྱས་པར་མཛད།དེ་ལས་གཤེན་འཛིན་གྱི་སྐྱེས་བུ་རེ་རེ་བྱོན་ཚུལ་ལ།བྲུ་ཆེན་ནམ་མཁའ་གཡུང་དྲུང་ནི་སྤྱི་ལོ་༩༩༤ལོར་འཁྲུངས་ཤིང་ནར་སོན་དུས་སྣང་སྲིད་མཛོད་ཕུག་ལ་སོགས་པར་གསན་སྤྱངས་བྱས་ཤིང་དགུང་ལོ་སོ་གཅིག་གི་སྟེང་གཡས་རི་དགོན་པ་བཞེངས་ཤིང་དེར་བོན་ལུགས་ཀྱི་ཚད་མ་དགོན་པ་ཐོག་མར་བཙུགས།《ལེགས་བཤད་མཛོད》དུ“གྲྭ་སའི་འདུས་གྲྭ་སྟོང་དང་ཁྲི་རུ་འཕེལ་བ་བྱུང་སྟེ། རྩོད་བྲལ་གྱི་མཁས་པ་མང་པོ་བྱོན་ནོ”ཞེས་འཁོད་ཡོད།རྗེས་སུ་གཡས་རུ་དགོན་པ་ཆུས་འཇིགས་ཤིང་།དེ་ཚབ་དུ་བོན་གྱི་སྨན་རི་དགོན་པ་བཏབས་ནས་འདུལ་ས་བཙུགས་པ་ཡིན་ལ་དུས་དེ་བཟུང་བོན་ལ་འདུལ་བ་དར་ཞིང་དགོན་པར་དགེ་འདུན་པ་ཁོ་ན་ལས་སྒོམ་སྐྱ་མེད་པའི་སྲོལ་དར།བྲུ་ཚང་གི་བརྒྱུད་ལ་ཐ་མ་སྤྱི་ལོ་༡༦༦༣ལོར་པཎ་ཆེན་སྐུ་ཕྲེང་ལྔ་བ་བློ་བཟང་ཡེ་ཤེས་འཁྲུངས་པ་དང་ཡང་སྤྱི་ལོ་༡༨༥༤ལོར་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་སྐུ་འཁྲུངས་པ་དང་།པཎ་ཆེན་སྐུ་ཕྲེང་ལྔ་བ་འཁྲུངས་རྗེས་ལུགས་སྲོལ་ལྟར་ཁྱིམ་མི་ཡོངས་རྫོགས་གདན་ས་བཀྲ་ཤིས་ལྷུན་པོར་གནས་སྤོས་ནས་བཞུགས།སྐབས་དེར་བྲུ་ཚང་གི་རྒྱུད་པ་མི་སྟོངས་པའི་ཆེད་དུ་བྲུ་ཚང་གི་མི་གཅིག་ཕྱིར་ཡུལ་ལ་ལོག་ནས་བརྒྱུད་སྤེལ།པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་སྐུ་འཁྲུངས་རྗེས་ཁོང་གི་གཅུང་པོ་ཏྰ་བླ་མ་རྣམས་གཉིས་ཀ་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་གདན་དྲངས་དེ་རབ་ཏུ་བྱུང་ནས་དགེ་ལྡན་བསྟན་པའི་སྒོ་ཞུགས་ནས་འགྲོ་དོན་མཛད་པ་ལས།བྲུ་ཚང་གི་རྒྱུད་པ་སྟོངས་འགྲོ་བའི་ཐད་ལ་དོ་སྣང་མ་བྱས་པས་བྲུ་ཚང་གི་གདུང་བརྒྱུད་དེ་དུས་ནས་བཟུང་ཆད་པར་བཞེད།ཞུ་གཡས་ལེགས་པོ་བླ་མ་གཤེན་གྱི་དྲུང་དུ་གཤེན་པ་ན།བླ་མ་གཤེན་གྱིས་ཞུ་གཡས་ལེགས་པ་ལ་གསུངས་བའི་གདམས་པ་ལ“བུ་མ་གཡེང་ལེགས་པོ་ང་ལ་ཉོན།གཏམ་སྙན་པོ་གླིང་བུའི་རྒྱུད་ན་ཡོད།བསླུ་མཁས་པ་ཆང་གི་རྒྱུད་ན་ཡོད།བློ་བསྒྱུར་བ་བུད་མེད་ངག་ལ་ཡོད།དུས་དེ་གསུམ་དབང་དུ་མ་སོང་དགོས།བོན་ཡང་དག་གི་སློབ་མ་ལ།དོན་དཀའ་ཐུབ་དང་སྡུག་བསྲན་གཉིས་ཀ་དགོས།བོན་དབང་བའི་སློབ་མ་བརྒྱ་ཡོད་ཀྱང་།ལས་སྐལ་ལྡན་པ་རེ་རེ་ཙམ།བུ་ཁྱོད་ལ་དབང་བའི་བོན་སྒོ་དེ།དུས་ད་རུང་ས་ཡི་འོག་ཏུ་ཡོད།བྱང་ཆུབ་སེམས་ཀྱི་བསླབ་སྡོམ་དང་།གསང་བ་སྔགས་ཀྱི་བསླབ་སྡོམ་དགོས།ཐུན་སྒོམ་ངང་སྒོམ་དུས་དྲུག་མཛོད།དུས་རྟག་ཏུ་སྙིང་པོ་རྣམས་གསུམ་ཀློག”ཅེས་ཉམས་སད་བླངས་ཤིང་ཞུ་ཡིས་སྡུག་རིས་ཆེན་པོ་བྱས་ནས་མཐར་ཆོས་ཀྱི་གཞུང་རྣམས་མ་ལུས་པར་བུམ་པ་གང་བྱོའི་ཚུལ་གྱིས་ཞུ་ལ་གནང་བའི་ཆོས་ཐམས་ཅད་གོ་མ་འཁྲུག་པར་མཁྱེན་ལ།ལྷག་པར་དུ་བྱང་སེམས་གབ་པ་ལ་སོགས་སེམས་ཕྱོགས་སུ་ཀུན་ལས་མཁས་པ་སྦྱངས།“ཞུ་ཚང་གི་གདུང་བརྒྱུད་མ་ཆད་པར་ད་ལྟ་རིག་འཛིན་གཡུང་དྲུང་མཐོང་གྲོལ་གྱི་བར་དུ་བྱོན་པ་ཡིན་ལ།གདན་ས་ད་ལྟ་དཔལ་ལྡན་རི་ཞིང་ཞེས་པ་དེ་ཉིད་ཡིན”ཞེས་ཤར་རྫའི་གསུངས་ཡོད།སྦ་སྟོན་དཔལ་མཆོག་ནི་སྤྱི་ལོ་༡༠༡༤ལོར་འཁྲུངས་ཤིང་དེ་ནས་ཀླུ་དགའི་བཀའ་བབ་ཀྱི་བུ་ཆེན་པོ་གྱུར་བ་དང་།ཁོང་སྐུ་ཚེ་སྨད་དུ་རབ་ཏུ་བྱུང་བར་དགོངས་ནས་རྗེ་བཙུན་ཁྲོ་ཚང་འབྲུག་ལྷའི་དྲུང་དུ་བྱོན་ཏེ།ཁྲོ་ཚང་གིས་དབུ་སྐྲ་བཞར་བར་བརྩམས་པས།བླ་མ་སྤ་སྟོན་གྱི་དབུ་སྐྲ་རལ་བ་རེ་རེ་ལ་ཁྲོ་བོ་ཡབ་ཡུམ་འཁྲིལ་སྦྱོར་རེ་འདུག་པར་གཟིགས་ནས།དར་དཀར་པོ་ཁ་གང་ལ་སྤུ་གྲི་དྲིལ་ནས་བླ་མ་སྤ་སྟོན་ལ་ཕུལ་ཏེ།ཁྱེད་རབ་ཏུ་བྱུང་ན་དབལ་མོ་རྣམས་ཀོ་ལོང་བྱེད་པར་གདའ་བས།སྐྱ་སྒོམ་མཛོད་ལ་བསྟན་པ་སྤེལ་ཅིག་གསུངས་སོ་ཞེས་བོན་གྱི་བསྟན་འབྱུང་རྣམས་སུ་བཀོད་ཡོད་པར་བརྗོད།མཁས་པ་ རྨེའུ་དམ་པ་ལྷ་རི་གཉན་པོ་ནི་གཏེར་གཏོན་གཤེན་ཆེན་ཀླུ་དགའི་དངོས་སློབ་མིན་ཡང་ཁོང་གིས་མཁས་པ་བྲུ་དང་ཞུ།སྤ་སོགས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་སེམས་སྒྱུ་སོགས་བོན་གྱི་བསྟན་པའི་གནས་མཐའ་དག་ལ་སྤྱངས་པ་མཛད་ནས་ཐུགས་རིག་ཟབ་མོ་ཆོས་ཀྱིས་བརྟས་པར་བྱས།སྤྱིར་བོན་གྱི་བསྟན་པ་ཕྱི་དར་གྱི་དུས་སུ་ཟབ་དོན་མདོ་སྔགས་རྒྱུད་ལ་མངའ་བརྙེས་པའི་སྐྱེས་ཆེན་གནམ་གྱིས་ས་བཀབ་པའི་ཚུལ་ཡིན་མོད།ཁོ་ཚོ་ནི་རྒྱལ་གཤེན་གྱི་བསྟན་པ་ཉམས་དམས་ཀྱི་གཡང་ལས་སྐྱོབ་མཁན་དག་ཡིན་པས་སྐྱེས་ཆེན་དག་གི་སྣེ་འདྲེན་ཡིན་ཞིང་ཀུན་ལས་ཁྱད་དུ་འཕགས་པས་ཞང་བོད་ཀྱི་ལོ་རྒྱུས་ཁྲོད་ཁོ་ཚོའི་མཛད་རྗེས་ནི་མི་གླེང་ཐུ་མེད་ཀྱི་གནས་སུ་གྱུར་ཡོད།

 

--------------------------------------------------------------------------------

[1] ཤར་རྫ་བཀྲ་ཤིས་རྒྱལ་མཚན།《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》མི་རིགས་དཔེ་སྐྲུན་ཁང་།༡༩༨༥ལོའི་ཟླ༩པའི་པར་ཐེངས་དང་པོ།ཤ༢༦༣

[2] ཀུན་བཟང་བློ་གྲོས།《ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་མ་བཅོས་གསེར་གྱི་ཡང་ཞུན་ཞེས་བྱ་བ་བཞུགས་སོ།》མི་རིགས་དཔེ་སྐྲུན་ཁང་།༢༠༠༣ལོའི་ཟླ་༦པའི་པར་ཐེངས་དང་པོ། ཤ༣༤༦

[3] ཤར་རྫ་བཀྲ་ཤིས་རྒྱལ་མཚན།《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》མི་རིགས་དཔེ་སྐྲུན་ཁང་།༡༩༨༥ལོའི་ཟླ༩པའི་པར་ཐེངས་དང་པོ།ཤ༢༦༡

རིག་ཁྱུང་གི་ལྡིང་ཁང་ལས་བཤུས་པའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག