ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> མཁས་ཆེན་སུ་ལ་བསྐལ་བཟང་བསྟན་པའི་རྒྱལ་མཚན།
མཁས་ཆེན་སུ་ལ་བསྐལ་བཟང་བསྟན་པའི་རྒྱལ་མཚན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཨ་གཡུང་གཤེན་བསྟན་མཐའ་རྒྱས།] [ཟླ་ཚེས། 10-09-20] [ཀློག་གྲངས། ]

        སུ་ལ་བསྐལ་བཟང་བསྟན་པའི་རྒྱལ་མཚན(༡༨༩༧་༡༩༥༩)མཆོག་ནི་དཔྲ་རིགས་ཁོད་པོའི་གདུང་བརྒྱུད་ཡབ་ཨོ་་རྒྱན་་རིག་འཛིན་དང༌། ཡུམ་ཚེ་རིང་དབང་མོ་ཞེས་པའི་སྲས་སུ་རབ་བྱུང་༡༥་པའི་མེ་བྱ་ལོར་སྐུ་འཁྲུངས། ཆུང་དུས་ནས་རུས་ཀྱི་ཁུ་དབོན་མདོ་རྒྱུད་གྲགས་པའི་མདུན་ཡི་གེ་འབྲི་ཀློག་སོགས་སློབ་སྦྱོང་མཛད་དེ་ཚེག་མེད་དུ་མཁྱེན་ཞིང་ཐུགས་རིག་བཟང་བའི་རྩེར་སོན། གླག་བྲག་རྫོང་དགོན་དུ་མཁན་པོ་བསོད་ནམས་ཆོས་འགྲུབ་ཀྱི་མདུན་དུ་བན་་་་དེའི་གཞུང་ལུགས་སྐོར་གསན་ནས་མཁས་པའི་སྙན་པས་ཕྱོགས་ཀུན་ཁྱབ༑ འཁྲུལ་ཞིག་པད་མ་བདུད་འདུལ་ཡབ་སྲས་ཀྱི་གདན་ས་ཀླུ་མོ་རབ་དུ་ཕེབས་ནས་གཞུང་ལུགས་ཐོས་བསམ་གྱིས་སྒྲོ་འདོགས་བཅད། དྲང་སྲོང་ཚུལ་ཁྲིམས་མཆོག་རྒྱལ་མདུན་དུ་བསྙེན་པར་རྫོགས་ཏེ་ཉེས་ལྟུང་གི་དྲི་མས་མ་གོས་པ་ངུར་སྨྲིག་འཛིན་པའི་སྲོག་ཤིང་དུ་གྱུར། རིགས་ཀྱི་བདག་པོ་དབལ་ཁྱུང་གཏེར་སྟོན་བསྟན་གཉིས་གསང་གླིང་པ་སྤྱི་བོར་བསྟེན་ཅིང༌། རྗེ་ཉིད་ཀྱིས་ཁོང་རྩ་བའི་བདག་ཏུ་མངའ་གསོལ། མཁས་པའི་དབང་ཕྱུག་ཧོར་བྲག་དཀར་རིན་པོ་ཆེ་སོགས་རུས་མེད་ཀྱི་བླ་མ་དམ་པ་དུ་མ་བསྟེན་ནས་ཐུགས་རྒྱུད་ཡོན་ཏན་གྱིས་བཀང་ཞིང་མཁས་བཙུན་བཟང་པོའི་རྣམ་ཐར་ལ་བསྙེགས།
       ཁྱད་པར་གྲུབ་དབང་འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ་མཉེས་པ་གསུམ་གྱི་སྒོ་ནས་རྩ་བའི་བླ་མར་བསྟེན། འཕྲུལ་ངག་གཡུང་དྲུང་བོན་གྱི་རིང་ལུགས་མདོ་རྒྱུད་གྱི་གཞུང་བཤད། རྫོགས་ཆེན་གྱི་མན་ངག བཀའ་ལུང་དབང་ཁྲིད་ལྷག་ལུས་མེད་པ་བུམ་པ་གང་བྱོས་ཀྱི་ཚུལ་དུ་གསན་ཏེ་ཐུགས་ཟིན་གྱི་སློབ་མའི་མཆོག་ཏུ་གྱུར།
       ཤར་རྫ་རིན་པོ་ཆེའི་སྒྲུབ་བརྒྱུད་ཀྱི་བསྟན་པ་མི་ཉམས་གོང་འཕེལ་ཆེད་འཆད་རྩོམ་གྱི་མཛད་པ་ལྷུར་བཞེས་ཀྱིས་ཉག་ཤོད་དུ་སྒྲུབ་ཀྱི་སྡེ་བཙུགས་ཏེ། ཁྱུང་པོ་དང་ཨ་མདོ་རྒྱལ་རོང་སོགས་ཕྱོགས་ཀྱི་སྐལ་ལྡན་སློབ་མ་རྣམས་མེ་ཏོག་ལ་བུང་བ་འཁོར་བཞིན་འདུས་ཏེ་ཕྱི་ནང་གི་རིག་པའི་གནས་ལ་སྒོ་འདོགས་ཆོད་པའི་མཁས་བཙུན་དམ་པ་མང་དུ་བྱུང་སྟེ་གཤེན་བསྟན་གསོས་སུ་གྱུར། སུམ་རྟགས་དང་སྙན་ངག རྩིས་དང་སྨན་སྦྱོར། འདི་ཕྱི་གྲོས་འདེབས་ཀྱི་མགུར་གླུ། ལུགས་གཉིས་བསྟན་བཅོས། འཛམ་གླིང་ཡུལ་བཤད། དྲིས་ལན་སྐབས་ལྔ་པདང༌། གྲུབ་མཐའི་རྣམ་དབྱེ། བསྟན་གཉིས་དགོངས་པ་གཅིག་དྲིལ། དམ་པ་གསུམ་གྱི་བཤད་ཁྲིད་སོགས་གསུང་རྩོམ་པོད་ལྔ་ལྷག་ཙམ་བཞུགས་པ་སྔོན་མར་ཕལ་ཆེར་པར་དུ་འཁོད་ཀྱང་ད་ལྟ་དཔེ་རྒྱུད་ཙམ་དུ་ལུས། མདོར་ན་ཕྱི་འདུལ་སྡེའི་ཁྲིམས་ལ་ཉེས་ལྟུང་གི་དྲི་མ་དབེན་པ། ནང་མདོ་སྡེའི་དགོངས་པས་ཐུགས་རྒྱུད་བྱང་སེམས་འབྱོངས་པ། གསང་བ་རྒྱུད་སྡེའི་བསྐྱེད་རྫོགས་དཔེ་ཐོག་ཏུ་མ་ལུས་པར་སྒོ་གསུམ་གནད་ལ་གཅུན་པ༌། ཡང་གསང་རྫོགས་ཆེན་གྱི་ལྟ་བ་ཡིད་དཔྱོད་དུ་མ་སོང་བ་མན་ངག་གནད་དུ་གྲོལ་བ་སྟེ། སྐུ་ཚེ་ཧྲིལ་པོར་རྣམ་གཡེང་སོས་དལ་དུ་སྐད་ཅིག་ཀྱང་མི་བཞུགས་པར་འཆད་ཉན་སྒོམ་སྒྲུབ་ཀྱིས་དུས་འདའ་བར་མཛད།
  མཐར་དགུང་ལོ་༦༣བཞེས་པ་ས་ཕག་ལོར་གཞི་སྣང་སྐུ་ཡི་བཀོད་པ་གཞི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པ་མཛད་དོ།།

པད་མ་ཆོས་གྲགས་ལགས་ནས་མཁོ་འདོན་གནང་བར་བཀའ་དྲིན་ཆེ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག