ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> དབྲ་སྲས་གཡུང་དྲུང་དབང་རྒྱལ།
དབྲ་སྲས་གཡུང་དྲུང་དབང་རྒྱལ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། པདྨ་ཆོས་གྲགས།] [ཟླ་ཚེས། 10-09-21] [ཀློག་གྲངས། ]

      དབྲ་སྲས་གཡུང་དྲུང་དབང་གི་རྒྱལ་པོ་མཆོག་གི་རྣམ་ཐར་མདོར་བསྡུས་ཐོ་འགོད་ཙམ་དུ་ཞུ་བ། གཡུང་དྲུང་བོན་གྱི་བསྟན་པའི་བདག་ཉིད་དམ་པ། སྤྲུལ་པའི་སྐུ་མཆོག་ཆེན་པོ་དཔྲ་སྲས་རིན་པོ་ཆེ་ཉིད་ཀྱི་འཁྲུངས་ཡུལ་ནི། མདོ་སྨད་ཉག་ཤོད་སྨད་ཀྱི་ཡུལ་གྲུ་དཔྲ་ཁྱུང་སུ་ལའི་ཡུལ་ལྗོངས། གཡུང་དྲུང་བོན་གྱི་སྒྲུབ་གནས་ཁྱད་འཕགས་སྐྱབས་འབྱིན་སེང་ནག་གི་གནས་ཞོལ། སྒྲེ་བོ་ཞེས་པའི་སྡེ་ཤོག་དེར། བོན་སྲིད་ཀྱི་དཔལ་ཕུན་སུམ་ཚོགས་པའི་སུ་ལ་ཚང་ཞེས་པའི་གཞི་དེར། ཡབ་སྐལ་བཟང་ཉི་མ་དང༌། ཡུམ་བསོད་ནམས་དཔལ་འཚོ་གཉིས་ལ་སྲས་ལྕམ་དྲལ་གསུམ་འཁྲུངས་པའི་འབྲིང་བོ་ནི་ཁོང་ཉིད་ཡིན། ཆུང་ངུའི་དུས་ནས་ཕལ་བའི་བུ་ཆུང་གཞན་དང་མི་འདྲ་བར། དད་གུས་བག་ཡོད་ལྡན་ཞིང་ཤེས་རབ་ཀྱི་རྩལ་ཆེ་བ་སྐྱེས་བུ་དམ་པའི་རང་གཤིས་བཅོས་མིན་དུ་མངའ་བ་ལགས། ནར་སོན་ནས་ཁུ་བོ་སུ་ལ་རིན་པོ་ཆེ་དཔྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་མཆོག་དང༌། སུ་ལ་ཕྱག་མཛོད་ཆེན་མོ་དངོས་གྲུབ་རྣམ་གཉིས་ནས་བོད་ཡིག་གཟའ་གཤར། ཞང་ཡིག་སྤྲུངས་སོ་ཆེ་ཆུང༌། རྒྱ་གར་གྱི་ལ྅ཛ་དང་ཝཏུ་སོགས་ཡིག་རིགས་གང་བསླབ་པ་རྣམས་ཚོགས་མེད་དུ་མཁྱེན། ཁྱད་པར་ཁོང་ནི་སངས་རྒྱས་བྱང་སེམས་ཀྱི་རྣམ་སྤྲུལ། སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་ཡིན་པར་གཏེར་ལུང་རྡོ་རྗེ་བརྡ་ཚིག་མང་དུ་ཡོད། མཚན་ནི་རིག་འཛིན་ཀུན་གྲོལ་ཧཱ་ཆེན་འགྲོ་འདུལ་གླིང་བ་དང༌། རྙིང་མ་བ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་རྣམ་གཉིས་ཀྱིས་ཕྱོགས་སོ་སོ་ནས་ཡི་གེ་ཕུལ་བའི་ནང་དུ། གཡུང་དྲུང་དབང་སྡུད་རྒྱལ་མཚན་དང་གཡུང་དྲུང་དབང་རྒྱལ་ཞེས་གཅིག་མཐུན་དུ་བབ་པས་མཚན་དེ་ལྟར་གསོལ། 

         སྐབས་ཤིག་ཟས་གོས་ཀྱིས་རྐྱེན་བྱས་ནས་སྐུ་ལ་བཟུང་གཞི་ཅུང་ཙམ་རེ་བྱུང་བའང༌། ཡུལ་སྨར་ཁམས་ཀྱི་དབལ་གཤེན་ཕུར་བའི་རྣལ་འབྱོར་གྲུབ་ཆེན་རིན་པོ་ཆེའི་བཀའ་དྲིན་ལས་བར་ཆོད་དབྱིངས་སུ་ཞི། དགུང་ལོ་བཅུ་གསུམ་བཞེས་སྐབས། སྤྲུལ་སྐུ་ལས་རབ་གླིང་བའི་ཕྱག་ཕུར་གཏེར་སྐལ་གྱི་ཚུལ་དུ་ཉིད་ཀྱི་ཕྱག་ཏུ་གཏད་པ་ཙམ་གྱིས་སྔོན་གྱི་ལས་འཕྲོ་དང༌། མཁྱེན་པའི་ཀློང་བརྡོལ་བས། གསན་སྦྱངས་ཚོགས་མེད་དུ་ཐུན་མོང་རིག་གནས་དང་གཞུང་ལུགས་རབ་འབྱམས་ལ་མཁས་པའི་དབང་པོར་གྱུར། བྱ་བཏང་ཚེ་དབང་འགྱུར་མེད་མདུན་ནས་གསུང་འབུམ་དུ་མའི་ཁྲིད་ལུང་གསན་མཐར། ཁོང་གིས་ན་་བཟའ་ཞིག་ཉིད་ལ་གནང་ནས་ཁྱེད་ནི་མཁས་གྲུབ་གཉིས་འཛོམས་ཀྱི་བདག་ཉིད་ཆེན་པོ་བསྟན་འཛིན་སྐྱེས་མཆོག་དམ་པར་ངེས་ཞེས་གསུངས། རྙིང་མ་བ་ཤེས་རབ་རབ་གསལ་དང་ཞལ་མཇལ་བྱུང་སྐབས་ཕན་ཚུན་བོན་ཆོས་ཀྱི་བགྲོ་གླེང་མང་དུ་མཛད་པ་དང༌། གསར་རྙིང་གི་མཁན་པོ་དགེ་བཤེས་དུ་མར་བོན་ཆོས་ཀྱི་དྲི་བ་དྲི་ལན་སོགས་བགྲོ་གླེང་མཛད་པས། ཀུན་གྱིས་མགྲིན་གཅིག་ཏུ་བོན་སྤྲུལ་མཁས་པའི་དབང་པོ་ཞེས་བསྔགས་བརྗོད་མཛད། ཁོང་གི་ལྗགས་རྩོམ་སྐོར་ལ། ཁུ་བོ་རིན་པོ་ཆེ་དཔྲ་སྟོན་པཎ་ཊི་ཏའི་རྣམ་ཐར་བསྡུས་པ་ངོ་མཚར་་སྣང་བ། ཁོད་སྤུངས་སུ་ལའི་གདུང་རབས་རྣམ་ཐར་བསྡུས་པ་རིན་ཆེན་ཕྲེང་བ། སྨྲ་སེང་བསྟོད་པ། དབྱངས་ཅན་མའི་བསྟོད་པ། ཚེ་དཔག་མེད་ཀྱི་བསྟོད་སྨོན། བླ་མའི་རྣལ་འབྱོར་སྔོན་འགྲོའི་ངག་འདོན། བསྟན་འབར་སྨོན་ལམ། སུམ་ཅུ་བའི་དེ་ཉིད་རྣམ་ངེས། བརྡ་སྤྲོད་ཤེས་རབ་སྒྲོན་མེ། གསར་རྙིང་ལྟ་གྲུབ་ཤན་འབྱེད་ཀྱི་ཟིན་ཐུན་གནད་ཀྱི་ཟླ་ཟེར་གསུང་རྩོམ་འཕྲོ་ཅན། རྒྱུད་ཀྱི་དགོངས་འགྲེལ་བསྡུས་པ་འོད་གསལ་སྙིང་པོ་འཕྲོ་ཅན། ཕུར་བའི་འགྲེལ་བ་འཕྲོ་ཅན། ཕུར་བའི་ལྷ་འཛབ་འགྲེལ། འབྲུག་གསས་རྩ་སྔགས་འགྲེལ། ཀློང་རྒྱས་སྔགས་འགྲེལ། གཞན་ཡི་དམ་དང་སྲུང་མ་རྒྱུན་ཁྱེར་སྐོར་དུ་མ་ཡོད་ལ། གླེགས་བམ་གྲས་སུ་མ་བཞུགས་པའི་ཤོག་དྲིལ་སྐོར་གྲངས་ལས་འདས་པ་དང༌། འཕྲོ་ཅན་དུ་ལུས་པའི་སྐོར་མང་པོ་ཡོད། གྲུབ་པའི་རྟགས་མཚན་ཀྱང་གདུལ་བྱ་འདུལ་བའི་དགོས་པར་དགོངས་ནས་ཕྱག་མཛུབ་ལས་མེ་དཔུང་སྤྲོས་ནས་བཏུལ་བ་དང༌། སློབ་མ་བདུན་བརྒྱ་ལྷག་ལ་དབང་བསྐུར་ནས་བུམ་ཆུ་ཁ་ལ་རེག་པ་ཙམ་གྱིས་སྐལ་ལྡན་རྗེས་སུ་བཟུང་བའི་རྟགས་ངོ་མཚར་ཅན་བྱུང་བ་སོགས་བརྗོད་ལས་འདས། སྣང་ཚུལ་དུ་ཉག་རོང་འབྲུག་གསར་རྫོང་སྲིད་གཞུང་གི་འགོ་ཁྲིད་ལས་འགན་བཞེས་མི་ལོ་བཅུ་བཞི་ལྷག་ལ་མི་དམངས་ཀྱི་ལས་དོན་མཛད། སྐུ་ཁམས་མི་བདེ་བའི་ཚུལ་གནང་ཚེ་ཞལ་ནས། འཁོར་བ་སྡུག་བདེན་གྱི་ཕུང་པོ་ལ་ཞེན་འཛིན་ཅི་ཡང་མེད་ཅེས་ཡང་ཡང་གསུངས། སྐུ་ཞི་བར་གཤེགས་པའི་སྔ་ཉིན་ཀྱང་མ་རྒྱུད་རྫོགས་རིམ་སྐོར་གྱི་ཡི་གེ་བྲི་བཞིན་པར་བཞུགས་པ་ནི་སློབ་དཔོན་ཡར་མེ་བའི་མཛད་པ་དང་མཚུངས་འདའ་ཁར་རོལ་མོ་སྣ་ཚོགས་ཀྱི་སྒྲ་གྲག་པ་དང་ཐོས་ཆོག་རིན་ཆེན་སྒྲོན་མའི་སྙིང་པོའི་སྒྲ་གྲག་པ་ནི་ཉེ་འཁོར་ལས་དག་པ་རྣམས་ཀྱང་ཐོས་ཚེ། མ་དང་མཁའ་འགྲོའི་བསུ་མ་བྱུང་གསུངས། དགུང་ལོ་རེ་བཞི་ལྕགས་འབྲུག་ལོའི་ཟླ་བ་དང་པོའི་ཚེས་ལྔ་ཉིན་ཞབས་གཡུང་དྲུང་སྐྱིལ་ཀྲུང་ཕྱག་མཉམ་བཞག་བཅས་ཞི་དབྱིངས་སུ་གཤེགས། སྐུ་གདུང་ཞུགས་ལ་བཞེན་སྐབས། དབུ་ཐོད་ལ་མ་རྒྱུད་གསང་མཆོག་གི་སྐུ་གར་སྟབས་སུ་བཞེངས་པ་རང་བྱོན་དུ་བབ་པ་སྐུ་སྲས་ནམ་མཁའ་རྒྱལ་མཚན་ཕྱག་ཏུ་སོན། གཞའ་འོད་བཀྲ་ཞིང་འབྲུག་སྒྲ་ལྡིར་བ། བྱ་རྒོད་ཀྱིས་ནམ་མཁར་འཕུར་ལྡིང་བྱེད་པ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་ཀུན་ཀྱིས་མཐོང་ཡུལ་དུ་གྱུར་པས་དད་གུས་དཔག་མེད་སྐྱེས་སོང༌། མདོར་ན་སྐུ་ཚེ་གང་བོར་མི་མངོན་པའི་ཚུལ་དུ་བསྟན་དོན་ཁོ་ནར་སེམས་པ་ལས། ཆོས་བརྒྱད་ཀྱི་ཁྲི་འཕང་མཐོན་པོར་བཞུགས་ནས་རྙེད་བཀུར་སྙན་གྲགས་ལ་དགྱེས་པའི་ཚུལ་ཅུང་ཙམ་མི་མངའ་ཞིང་ཁེང་སྐྱུང་གིས་དམན་ཚུགས་བཟུང་ནས་སྦས་པའི་རྣལ་འབྱོར་གྱི་ཚུལ་དུ་བཞུགས་པ་ནི་རྗེས་སུ་ཡི་རང་གི་གནས་ཁོ་ནའོ། །།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག