ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> ཀུན་མཁྱེན་ཉི་མ་བསྟན་འཛིན།
ཀུན་མཁྱེན་ཉི་མ་བསྟན་འཛིན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དམུ་ནག་དགེ་བཤེས་བསྟན་འཛིན་དགེ་ལེགས།] [ཟླ་ཚེས། 10-10-13] [ཀློག་གྲངས། ]

གཟི་བརྗིད་དྭངས་གསལ་མཚན་དང་དཔེ་བྱད་ཁྲི་གདུགས་མུ་ལའི་ཀློང་ཡངས་ནས། །
ཟབ་བརླིང་སུར་ཏོག་ཚངས་པའི་ཁ་སང་ལུང་རྟོགས་གཞོན་ནུའི་ཁི་ཁར་རྩེན། །
ཐུགས་བསྐྱེད་སུར་ཅི་བདུད་རྩིའི་ཟིལ་མས་ལེག་ཞི་འགྲོ་ཀུན་འཚིམས་མཛད་པའི། །
འཛམ་གླིང་གྱེར་གྱི་སྤུ་ཙམ་ཐ་ཙེ་ས་ཏྲིག་ཝེར་རོར་དེ་པ་ཧོ། །

       དེ་ལྟར་ཞང་བོད་སྐད་གཉིས་ལྷན་སྦྱར་གྱི་མཆོད་ཚིག་མངོན་པར་མཐོ་བའི་མདུན་ནས་བསུས་ཏེ། སྐབས་དོན་བརྗོད་བྱའི་སྙིང་བོར། དཔལ་ལྡན་རྒྱལ་བ་སྨན་རི་བའི་མཁན་རབས་ཉེར་གསུམ་པ། སྐྱབས་རྗེ་ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་བོ་མཆོག་ནི། གངས་རི་ར་བས་བསྐོར་བའི་སྨན་ལྗོངས་དོག་མོ་ས་ཡི་ཐིག་ལེའི་མངའ་ཁོངས་མདོ་སྨད་ཁམས་ཕྱོགས་སྡེ་དགེའི་སྤོམ་འབོར་སྒང་ཞེས་བཀྲ་ཤིས་བྱིན་ཅན་རབ་ཏུ་འབར་བའི་གནས་མཆོག་ཏུ། སྒྲུབ་རྒྱུད་ཞེ་དགུའི་ནང་ཚན་དག་པ་ཀརྨ་ཀམ་ཚང་གི་གདུང་སྲས་སུ་འབྱུང་ལྡན་༢༩༨ཆུ་བྱ། ཕྱི་ལོ་༡༨༡༣ལོར་མངོན་པར་དགེ་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་མཆོག་མིའི་གཟུགས་སུ་མངོན་པར་བལྟམས། སྔོན་སྦྱངས་ཐུགས་བསྐྱེད་དམ་པའི་མཐུ་ལས་དགེ་བའི་ལས་ཀྱི་འཕྲོ་བསད་དེ། སྐུ་ཆུང་ངུའི་དུས་ནས་ཀྱང་ཤེས་བྱའི་གནས་རིགས་མ་ལུས་ལན་རེས་གསལ་རྟོགས་ཀྱིས་མཁྱེན་པའི་ཚུལ་བསྟན། སྐུ་ཡི་ཁུ་བོ་གཡུང་དྲུང་ཉི་རྒྱལ་གྱི་དྲུང་དུ་རིག་གནས་སྤྱི་དང་ཕྱག་ལེན་གསན་བཞེས་མཛད། དཔལ་ལྡན་སྨན་རི་བའི་ཁྲི་རབས་ཉེར་གཉིས་པ། སྐུ་མདུན་བསོད་ནམས་བློ་གྲོས་དབང་གི་རྒྱལ་བོ་མཆོག་ཁམས་ཕྱོགས་སུ་གདུལ་བསྐྱོད་སྐབས་ལྷན་གཉིས་མཇལ་བྱུང་སྟེ། སྐུ་མདུན་མཆོག་ནས་མ་འོངས་མངོན་གཟིགས་ཀྱིས་བཀས་བསྐུལ་བ་ཇི་བཞིན་གཙང་ཕྱོགས་སུ་བྱོན་ཏེ། དཔལ་ལྡན་བཀྲ་ཤིས་སྨན་རིའི་ཚོགས་སྒྲིགས་སུ་བཞུགས། མདོ་སྔགས་ཀྱི་རྒྱུད་སྡེའི་ཟབ་བརླིང་གི་ཚིག་དོན་རྣམས་ལ་མཁས་པར་སྦྱངས་ཏེ་མཁས་བཙུན་བཟང་བོའི་གྲགས་པ་རབ་ཏུ་འབར་ཞིང་། རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་སྙན་པའི་བོན་དབྱངས་ཆེན་མོ་ས་གསུམ་ཀུན་ཏུ་ཁྱབ་པར་མཛད། མཁན་ཆེན་བསོད་ནམས་བློ་གྲོས་མཆོག་གི་ཐུགས་ཀྱི་དགོངས་བཅུད་མ་ལུས་པ་བུམ་པ་གང་བྱོའི་ཚུལ་གྱིས་ཉམས་བཞེས་བླ་ན་མེད་པ་མཛད་ཅིང་བྱུང་ལྡན་༢༩༨གནམ་ལོ་མེ་སྤྲེལ། ཕྱི་ལོ་༡༨༣༦ལྷ་སྲུང་རྟགས་སྒྲིལ་གྱིས་ལུང་བསྟན་གསལ་བར་བབས་ཏེ། དཔལ་ལྡན་རྒྱལ་བ་སྨན་བའི་གསེར་ཁྲིར་ཕེབས། སྨིན་ཅིང་གྲོལ་བའི་བཀའ་གསང་བདུད་རྩིའི་གསེར་ཞུན་སྐལ་ལྡན་བུ་སློབ་ཐུགས་ཀྱི་པད་ཚལ་རུ་བར་མེད་དུ་ཕབ་སྟེ་བཤད་སྒྲུབ་ཀྱི་ཟེ་འབྲུའི་ཁོ་ལག་རབ་ཏུ་རྫོགས་ཤིང་མདོ་སྔགས་ཉི་ཟླ་ཟུང་འབྲེལ་གྱི་བསྟན་པའི་གསལ་བྱེད་ཆེན་པོར་གྱུར། རབ་འབྱམས་དགེ་བའི་བཤེས་གཉེན་གྱི་བསྟི་གནས་བླ་ན་མེད་པ་གདན་ས་འོག་མ་འོ་ཡུག་མདའི་དཔལ་ལྡན་རབ་ལེགས་གཡུང་དྲུང་གླིང་མཁན་རབས་དང་བོ་རིག་འཛིན་གྱེར་མི་ཉི་འོད་ཆེན་པོའི་མངོན་སྤྲུལ་སདོམ་བརྩོན་མིའི་རྣམ་རོལ། སྐྱབས་མགོན་ཟླ་བ་རྒྱལ་མཚན་མཆོག་གིས་བཀའ་གསང་ལེགས་བསྐུལ་གྱིས་དཔལ་ལྡན་རབ་ལེགས་གཡུང་དྲུང་གླིང་དུ་མཚན་ཉིད་ཀྱི་བཤད་གྲྭ་ཐོག་མར་གསར་བཙུགས་མཛད། ཡོངས་འཛིན་ཐོག་མར་བཞུགས་སྐབས། ཤེས་རབ་ཀྱི་བླ་ན་མེད་པ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་དང་བོའི་རྣམ་བཤད་ཚིག་དོན་དཀའ་གནད་རབ་གསལ། ཞེས་བྱ་བ་ཤེར་ཕྱིན་གྱི་གཞུང་ཆེན་མོ་འདི་ཉིད་གཙོས་རྩིས་གཞུང་འོད་ཟེར་འབུམ་ལྡན་ལ་སོགས་པའི་རིག་པའི་གནས་ཀུན་ལ་རྣམ་བཤད་གསལ་བྱེད་ཀྱི་ལེགས་བཤད་མང་དུ་མཛད། ཀུན་གསལ་བྱམས་མ་ཆེན་མོའི་གཞུང་ལ་སོགས་མདོ་སྔགས་ཡོངས་རྫོགས་ཀྱི་ཆོག་སྒྲུབ་རྒྱུད་དོན་དང་མན་ངག་བསྟར་ཆགས་སུ་བསྒྲིགས། དབྱིལ་གྱི་གདུགས་དཀར་ལས་སོགས་པའི་གསང་སྔགས་ཕྱི་ནང་གསང་བའི་ཆོག་བསྒྲིགས་གཞུང་དང་ཆ་ལག་དང་ཕྱག་ལེན་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་མཛད། ཧོར་འབྲོག་ཀླུ་ཕུག་གཡུང་དྲུང་བདེ་ཆེན་གླིང་དང་དེ་བཞིན་ཕྱོགས་ཀྱི་དབེན་གནས་རྣམས་སུ། དཔལ་ལྡན་རྒྱལ་བ་སྨན་རི་བའི་ཕྱག་སྲོལ་འཛིན་པའི་དགོན་ལག་དུ་མ་ཕྱག་བཏབས་ལམ་སྟོན་མཛད། དེ་ནས་སྐུའི་ཞལ་སློབ་སྐུ་མདུན་བསོད་ནམས་ཕུན་ཚོགས་མཆོག་ལྷ་སྲུང་རྟགས་སྒྲིལ་གྱིས་མཁན་པོ་གསར་བསྐོས་མཛད་དེ་གང་ཉིད་མཁན་ཟུར་དུ་བཞུགས་ཤིང་བསྙེན་དང་སྒྲུབ་པའི་ལས་སྦྱོར་མ་ལུས་པ་མཐར་ཕྱིན་གྱིས་ཡི་དམ་གྱི་ལྷ་ཞལ་མངོན་དུ་གཟིགས། མཁྱེན་ཡོན་གྱི་རིག་རྩལ་རྒྱས་ཤིང་མཁན་བཙུན་གྱི་སྙན་པ་གངས་ལྗོངས་འཛིན་མར་ཡོངས་སུ་ཁྱབ་པས་རྗེས་འཇུག་སྐལ་ལྡན་གྱི་བུ་སློབ་རབ་ཏུ་འཕེལ། དེ་ལྟར་བསྟན་དང་འགྲོ་བའི་རྒུད་ཚོགས་མ་ལུས་པ་བསལ་ཞིང་དཔལ་ལྡན་རྒྱལ་བ་སྨན་རི་བའི་རིང་ལུགས་འཁྲུལ་བ་མེད་པ་ཕན་བདེ་ཀུན་གྱི་གཞི་རྩ་རྣམ་འདྲེན་རྒྱལ་བའི་བཀའ་གསང་གསེར་གྱི་འཁོར་ལོ་རིན་པོ་ཆེ་ཇི་སྲིད་འཁོར་བ་མ་སྟོང་གི་བར་དེ་སྲིད་ཡར་ངོའི་ཟླ་ལྟར་རབ་ཏུ་རྒྱས་ཤིང་ནམ་ཡང་མི་ནུབ་པའི་བཀའ་དྲིན་ཆེ་ཆེར་བསྐྱངས་ཏེ་རེ་ཞིག་སྐུའི་བཀོད་པ་བོན་དབྱིངས་སུ་བདེ་ཆེན་གྱི་ཀློང་དུ་བསྡུས་པའོ། །

                                                  སླར་བརྗོད་པ།

དྲིན་ཅན་དམ་པའི་མཛད་འཕྲིན་ཕུན་ཚོགས་ཁྱབ་འཇུག་གནས་ལས་གོང་བརྒལ་ཞིང་། །
རྨད་བྱུང་སྤང་རྟོགས་ངོ་མཚར་སྙན་པ་རྡོ་རྗེའི་ལྗགས་ཀྱང་བརྗོད་དཀའ་ན། །
ཚིག་དོན་མི་འཕྲོད་ནེ་ཙོ་བདག་གིས་མུན་སྤྲུལ་གཏམ་གླེང་མི་འཚལ་ཡང་། །
སྤྲང་ཕྲུག་བདག་གི་བསོད་ནམས་སླད་དུ་ལུང་རིགས་མཛད་ལས་མདོ་ཙམ་གླེང་། །

དམུ་ནག་དགེ་བཤེས་བསྟན་འཛིན་དགེ་ལེགས་ནས་ལྕགས་སྦྲུལ་ལོའི་༢༠༠༡ཟླ༡༢་ཚེས་༢༤་ཉིན་བྲིས་སོ། །

འདི་ཀ་དྲ་བའི་དོ་དམ་པས་༼གཡུང་དྲུང་བོན་གྱི་ཚད་མ་རིག་པའི་དཔེ་ཚོགས༽ལས་བཤུས་པའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག