ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> ལྷ་རམས་པ་དགེ་བཤེས་བརྩོན་འགྲུས་གོང་འཕེལ།
ལྷ་རམས་པ་དགེ་བཤེས་བརྩོན་འགྲུས་གོང་འཕེལ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཆུ་མདོ•པད་མ་བཀྲ་ཤིས] [ཟླ་ཚེས། 10-10-19] [ཀློག་གྲངས། ]

ལྷ་རམས་པ་དགེ་བཤེས་རྗེ་བཙུན་བརྩོན་འགྲུས་གོང་འཕེལ་མཆོག་གི་མཛད་རྣམ་བསྡུས་བཀོད།


༧སྐྱབས་རྗེ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་དང་ལྷ་རམས་པ་བརྩོན་འགྲུས་གོང་འཕེལ་རྣམ་གཉིས་ཀྱི་འདྲ་པར་འདི་ཉིད་༼བོན་སྒོ༽རྩོམ་སྒྲིག་ཁང་གིས་མཁོ་འདོན་གནང་བར་སྙིང་ནས་བཀའ་དྲིན་ཐུགས་རྗེ་ཆེར་ཞུ་རྒྱུ་དང་དཔར་དབང་ཡང་༼བོན་སྒོ༽རྩོམ་སྒྲིག་ཁང་ལ་དབང་བ་ལས་གཞན་སུ་ལའང་དབང་བ་མེད་པས་༼བོན་སྒོ༽རྩོམ་སྒྲིག་ཁང་ནས་ཆོག་མཆན་མ་ཐོབ་པར་འདྲ་བཤུས་སོགས་གཏན་ནས་མི་གནང་བར་ཞུ་ཞུ།

       རང་གཞན་གྱི་གཞུང་ལུགས་རབ་འབྱམས་སྨྲ་བ་ལ་བློ་གྲོས་ཀྱི་སྣང་བ་མཆོག་ཏུ་རྒྱས་ཤིང་དགེ་བའི་བཤེས་གཉེན་གྱི་མཚན་གྱི་ཅོད་པན་གཙུག་གི་རྒྱན་དུ་ཐོབ་པའི་རབ་འབྱམས་པ་གཡུང་དྲུང་རྣམ་རྒྱལ་ལམ་བརྩོན་འགྲུས་གོང་འཕེལ་རིན་པོ་ཆེ་མཆོག་ནི། གངས་ཅན་་སཱ་ལའི་སྨན་ལྗོངས་ཀྱི་ཤར་ཕྱོགས་མདོ་སྨད་རྨ་སྒང་རིང་མོའི་རི་རྒྱུད་ཀྱི་ཁོངས་གཏོགས་བྱང་ཟིང་ཆུ་ནགས་རིང་ཞེས་འཛམ་གླིང་གནས་ཆེན་ཉེར་བཞིར་གྲགས་པའི་ཡ་གྱལ། གནས་ཆེན་དུང་རི་དཀར་པོའི་ཉེ་འདབས། དེ་ཡང་སྔ་རབས་གཏན་ཚིགས་ལས། དུས་དེ་སྐབས་ན། གནམ་ནས་རྐྱང་བཙུན་གྱི་བོན་དར། ས་ནས་དགོན་བཞིའི་བསྟན་པ་དར། རྫུ་འཕྲུལ་གྱི་བཀོད་པའི་བསྟན་པ་ཕྱོགས་བཅུར་དར་ཞེས་གསུངས་པའི་དགོན་བཞིའི་ཡ་གྱལ་རིན་སྤུངས་ཁྱུང་དགོན་ཞེས་བྱ་བའི་གནས་མཆོག་གང་དེའི་ཉེ་གཞོལ། ཞཱ་དཀར་གཡུང་དྲུང་བོན་གྱི་འདུས་སྡེ་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་ལྷ་སྡེ། རི་སྤུངས་སྡེ་བའི་ཆུ་མདོ་ཚང་ཞེས་སྔར་རིན་སྤུངས་ཨ་ལཌ་སྐུ་ཕྲེང་བཞི་པ་འཁྲུངས་པའི་ཁྱིམ་དུ་ཡབ་གཉན་ཡག་རྒྱལ་དང་ཡུམ་ཆོས་མཚོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་པའི་ཆུ་མོ་ཕག་གི་ལོ་སྟེ་སྤྱི་ལོ༡༩༢༣ལོ་ལ་སྐུ་འཁྲུངས། མཚན་ལ་ཡག་གོ་ཞེས་གསོལ་ཏོ། །
      དུས་དེ་ཉིད་ནས་ཅུང་ཟད་ནར་སོན་པའི་གནས་སྐབས་ཐམས་ཅད་དུ་བྱིས་་པའི་སྤྱོད་པ་ཐམས་ཅད་ལས་རིང་དུ་འདས་ཏེ། འདུ་འཛི་དང་གཡེང་བ་ལ་མི་དགའ་ཞིང་ཞི་དུལ་གྱི་རང་བཞིན་ལ་གནས་ཤིང་རྒྱུད་ལ་བཅོས་མིན་གྱི་དགེ་སེམས་རང་ཆས་སུ་མངའ་བས། བྱིས་པ་གཞན་ལྟར་འབུ་གྲོག་མ་ཡན་ཆད་བསམ་བཞིན་དུ་བསད་པ་སོགས་གཞན་ལ་འཚེ་བའི་སྤྱོད་པ་ཡེ་ནས་ཡོད་མ་མྱོང༌། ན་མཉམ་བྱིས་པ་རྣམས་དང་ལྷན་དུ་རྩེད་མོ་མཛད་པའི་ཚེ་ཡང་ཕལ་བའི་རྩེད་མོ་ས་འཕེན་རྡོ་འཕེན་ལྟ་བུ་ཡེ་མི་་་མཛད་པར། རྟག་ཏུ་ཕྱག་ཏུ་འཁོར་ལོ་བཟུང་ནས་ཡི་གེ་ཀློག་འདོན་གྱི་ཚུལ་དང༌། དགེ་འདུན་བསྡུ་ཞིང་བོན་སྟོན་པ། གར་འཆམ། དབྱངས་རྟ་སོགས་དང༌། སངས་རྒྱས་སྟོན་པའི་སྐུ་བརྙན་རྣམས་ལ་འདི་དང་འདིའོ་ཞེས་རང་སྟོབས་ཀྱིས་ངོ་སྤྲོད་པ་ སོགས་དོན་དང་ལྡན་ཞིང་ལེགས་པའི་རྟེན་འབྲེལ་དུ་གྱུར་པ་ཁོ་ན་མཛད།
      བགྲང་བྱ་ལོ་ཡི་འཁོར་མོ་བདུན་ལོན་ཏེ་སྤྱི་ལོ ༡༩༣༠ ལོར་ཡུལ་དེའི་འདུས་སྡེ་ རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་དུ་བསྐྱལ། དེ་ཡང་ཇི་སྐད་དུ། ཡི་གེ་ནག་པོའི་རྒྱུད་བསླབ་ན། ཤེས་རབ་རིམ་གྱིས་འཕེལ་བར་འགྱུར་ཞེས་གསུངས་པ་ལྟར། འཇིག་རྟེན་ན་ཡོན་ཏན་ཐམས་ཅད་ཀྱི་གཞི་མར་གྱུར་པ་ཡིནཔས། བླ་མ་རིག་འཛིན་སྟོང་་་་རྒྱུང་རྣམ་རོལ་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་ལམ་སྐུ་ཞབས་རིན་པོ་ཆེ་རིན་སྤུངས་ཨ་ལགས་ཚང་གི་སྐུ་མདུན་ནས་ཡི་གེ་འབྲི་ཀློག་ལ་སྦྱངས། སྐྱབས་འགྲོ་དང༌། སེམས་སྐྱེད། སྙིང་པོ་རྣམ་གསུམ། གསོལ་འདེབས་སོགས་ཁྲི་ཕྲག་རེ་བསགས་ཤིང༌། ཡི་གེ་རྫབ་ཤར་དཀར་ནག་གང་ལའང་ཀློག་འདོན་ཐོགས་མེད་དུ་བྱུང༌། སེལ་གཏོ་ཇུ་ཐིག་ལ་སོགས་རྒྱུ་ཡི་བོན་ལ་ཐུགས་སྦྱངས་ལེགས་པར་མཛད། དགུང་ལོ་བཅུའི་སྟེང་གྲུབ་རྗེ་ཨ་ལགས་མདུན་ནས་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་ལེགས་པར་བཞེས་ཤིང་ཚུལ་མཚན་གཡུང་དྲུང་རྣམ་རྒྱལ་དུ་གསོལ། དེ་ནས་བཟུང་བླ་མ་དཀོན་མཆོག་ཐུགས་རྗེ་ཅན་གྱི་ཐུགས་རྗེའི་གྲིབ་བསིལ་ལ་བརྟེན་ནས་རྒྱུན་པར་བསླབ་པའི་གནས་ཆེ་ཕྲ་མཐའ་དག་ལ་གཞན་གྱིས་རྟིང་བསྐུལ་མི་དགོས་པར་བརྩོན་པ་ཆུ་བོའི་རྒྱུན་ལྟར་ངང་གིས་འཇུག་པས། གཟུར་གནས་བློ་མིག་དང་ལྡན་པ་མཐའ་དག་གིས་མགྲིན་་་་་གཅིག་ཏུ་འདི་ལྟ་བུའི་ན་ཚོད་ཕྲ་མོ་ཞིག་ལ་བཅས་མཚམས་འདི་ལྟར་སྲུང་བ་མཚར་ཞེས་ཡ་མཚན་པའི་ཚད་དུ་བྱེད།
      ས་ཕོ་སྟག་གི་ལོ་སྟེ་སྤྱི་ལོ༡༩༣༨ལོར་ཁོང་གི་དགུང་ལོ་བཅོ་ལྔ་ལ་སོན་པའི་གནས་སྐབས་དེར་སྣང་སྟོན་ཟླ་བ་རྒྱལ་མཚན་གྱི་མཛད་རྣམ་ཡང་ཡང་ཐོས་ཏེ། སྔོན་གྱི་ལས་འཕྲོ་ལྟ་བུའི་མི་ཕྱེད་པའི་དད་སྟོབས་ཤུགས་དྲག་གིས་བསྐུལ་བ་ལ་བརྟེན་ནས་རང་གི་སྤུན་མཆེད་བསོད་གོ་དང་མཆེད་གྲོགས་ཁ་ཤས་སོགས་དང་ལྷན་དུ་གཡུང་དྲུང་བོན་གྱི་གདན་ས་གསུམ་གྱི་ཡ་གྱལ། སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱིས་ཕྱག་བཏབ་པའི་གདན་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་དུ་སློབ་གཉེར་ལ་བྱོན། དགུང་ལོ་བཅུ་བདུན་ཐོག་གཡུང་དྲུང་གླིང་དུ་སླེབ་པའི་ཚེ་དད་པའི་ཤུགས་ཀྱིས་ཡིད་ལ་དགའ་བ་་དང་སྤྲོ་བའི་ཉམས་དྲང་སྲོང་བསམ་གཏན་ལ་མཉམ་པར་བཞག་པ་ལྟ་བུའི་ངང་ཚུལ་སྐྱེས་བྱུང༌། དེ་ནས་བསྟན་པའི་གཙོ་བོ་ལུང་དང་རྟོགས་པའི་བདག་ཉིད་ལ་འདྲིས་་ཤིང་བྱང་ཆུབ་པས་ཐར་པ་དོན་དུ་གཉེར་བའི་སླད་དུ་ཤེས་རབ་གསུམ་གྱི་བསླབ་པའི་གནས་ཀུན་ལ་འཇུག་པར་མཛད། མཁས་ཆེན་བློ་གྲོས་རྒྱལ་མཚན་དང༌། བསྟན་པའི་རྒྱལ་མཚན། དཔོན་སློབ་བསྟན་པ་རབ་རྒྱས་སོགས་ཀྱི་སྐུ་མདུན་ནས་བསྡུས་རྟགས་བློ་གསུམ། ཚད་མ། ཕར་ཕྱིན། ཨ་སྙན་རྫོགས་གསུམ་གྱི་སྔོན་འགྲོ་དངོས་གཞི་དང་རྩ་ཐིག་རླུང་གསུམ་སོགས་མདོ་རྒྱུད་རྒྱ་མཚོའི་བཀའ་ལུང་གི་སློབ་གཉེར་ལ་སྦྱང་་་་་་་བརྩོན་གནང༌།ཚ་རོང་གར་ཤེལ་ཤེས་རབ་ཡེ་ཤེས་དང་སྒང་རི་དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་སོགས་ཀྱི་སྐུ་མདུན་ནས་བོན་ཕྱི་ནང་གསང་གསུམ། མདོ་སྔགས་སེམས་གསུམ། ཨ་སྙན་རྫོགས་གསུམ། སྒོས་སུ་གླིང་དེའི་བཤད་སྒྲུབ་འདུས་སྡེ་རུ་མཚན་ཉིད་ཀྱི་ཤེས་བྱའི་གནད་མཐའ་དག་ལ་བྱང་ཆུབ་པར་མཛད།
      སྤྱི་ལོ༡༩༤༨ལོ་སྟེ་དགུང་ལོ་ཉེར་ལྔའི་ཐོག་གཡུང་དྲུང་གླིང་དུ་རྒྱལ་རོང་བྲག་་་སྟེང་ལྷ་བཟོ་ནམ་མཁའ་བསྟན་འཛིན་དང་ལྷན་དུ་དགེ་བའི་བཤེས་གཉེན་ཆེན་མོའི་་མཚན་རྟགས་བཞེས། ཡིན་ན་ཡང་རྗེ་བཙུན་འདི་ཉིད་ཀྱིས་ཕྱོགས་གཅིག་ཁོ་ན་ཙམ་ཤེས་པའི་ང་རྒྱལ་རིང་དུ་སྤངས་ཏེ། ཇི་སྐད་དུ། མཁས་པ་ཡོན་ཏན་གྱིས་མི་ངོམས་ཞེས་པའི་དཔེ་བཞིན་གཞན་སྡེའི་ལུགས་ལའང་ཐོས་བསམ་ངེས་པར་བྱེད་དགོས་པའི་ཐུགས་འདུན་ལ་བརྟེན་ནས་ལོ་དེར་ལྷ་སའི་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེར་ཕེབས། དེར་སྔར་སྲོལ་བཞིན་ཆོས་སྡེའི་བཤད་སྒྲུབ་མཚན་ཉིད་ཀྱི་ཟིང་ཆུའི་ཁང་ཚན་དུ་ཞུགས་ནས་ཤེས་བྱའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་སོག་པོའི་དགེ་བཤེས་ངག་དབང་ཉི་མ། སྦྱིན་པ་རྒྱ་མཚོ། ཐུབ་བསྟན་ཉི་མ། ཚུལ་ཁྲིམས་རྒྱ་མཚོ་སོགས་ཀྱི་ཞབས་པད་སྤྱི་བོར་བླངས་ཏེ་གཞུང་བཀའ་པོད་ལྔའི་དོན་མཐའ་དག་ཐུཌ་ཀྱི་བུམ་བཟང་དུ་གང་བྱོས་སུ་བླངས། དེ་ཡང་སློབ་དཔོན་ངག་དབང་ཉི་མ་སོཌ་ཀྱིས་གཞུང་གང་ཞིག་ཁྲིད་ཀྱང་དེའི་དོན་མཐའ་དག་རྡོ་རུས་འཕྲད་པ་བཞིན་རྒྱས་བཤད་མཛད་པ་དང༌། སློབ་དཔོན་ཐུབ་བསྟན་ཉི་མ་སོགས་ཀྱིས་ཐལ་སྦྱོར་ཁོ་ནའི་སྒོ་ནས་་་གཞུང་གི་དོན་དང་སྒོས་སུ་དཀའ་བའི་གནད་རྣམས་རྒྱུ་མ་ཕུ་འདེད་ཀྱི་ཚུལ་གྱིས་བརྡར་ཤ་བཅད། དམ་པ་ཉིད་ནས་གུས་རྟག་གཉིས་ཀྱི་བརྩོན་པ་ལྷུར་བཞེས་ཏེ་འཕྲད་པར་དཀའ་བའི་སློབ་དཔོན་གང་དག་གི་དྲུང་ནས་ཉིན་མཚན་ཁོར་མོ་ཡུག་ཏུ་གསན་བསམ་མཛད་པས་མཁས་པའི་མཚན་སྙན་རབ་ཏུ་རྒྱས། དེ་ལྟར་དམ་པ་མཆོག་ཉིད་སྤྱི་ལོ༡༩༤༨ལོ་ནས༡༩༥༨ལོའི་བར་ལོ་འཁོར་བཅུའི་རིང་ལ་དགེ་ལྡན་པའི་གྲྭ་སར་འགྲིམས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་རྩེ་གཅིག་ཏུ་མཛད་ནས། འཆད་རྩོད་རྩོམ་པའི་ཡོན་ཏན་བླ་ན་མེད་པས་གཟུར་གནས་མཁས་དབང་མང་པོའི་ཡིད་དབང་ཕྲོགས་པར་གྱུར། དམ་པ་ཁོང་གི་འཚོ་རྐྱེན་ཐད་ལ་སྤུན་མཆེད་བསོད་གོ་ལྷ་སར་གནས་བཅས་ཡོད་པས་ཁོང་ལ་འཚོ་བའི་མཐུན་རྐྱེན་གང་ལྕོགས་སྦྱར་བྱུང་་་བས་གཡུང་དྲུང་གླིང་དང་འབྲས་སྤུངས་སོགས་སུ་བཞུགས་སྐབས་སྐུ་ངལ་དེ་ཙམ་ཆེན་པོ་མ་བྱུང་སྐད། ཡིན་ན་ཡང། མ་འགོར་བར་སྔར་མེད་དུས་ཀྱི་འགྱུར་བ་ཆེན་པོ་ཞིག་ཐོལ་གྱིས་ལྷགས་དེ། ཆོས་གྱི་སློབ་གཉེར་གྱི་མཚམས་བཞག་དགོས་བྱུང༌། མཆེད་གྲོགས་དཔོན་སློབ་ཚང་མར་བྱ་ཚང་ལ་འུར་རྡོ་འཕངས་པ་དང་སྲན་ཕུང་ལ་ དབྱུག་པས་བསྣུན་པ་ལྟར་སོ་སོར་བཏོར། ལ་ལ་རང་ཡུལ་ཤར་ཁོག་ཏུ་ལོག ལ་ལ་ཡུལ་ཁམས་གཞན་ཏུ་བསྐྱོད། དམ་པ་མཆོག་ཉིད་ནི་རྒྱ་གར་འཕགས་པའི་ཡུལ་དུ་སློབ་གཉེར་དུ་ཕེབས།
     སྤྱི་ལོ༡༩༥༩ལོར་འཕགས་ཡུལ་ཨ་སམ་མངའ་སྡེའི་ཁོངས་གཏོཌ། སྦག་ས(Buxa)ཆོས་སྒར་དུ་སྦྱང་འཕྲོར་ལུས་པའི་མཚན་ཉིད་ཀྱི་གཞུང་ལུགས་ཁག་ལ་སྦྱང་བརྩོན་གནང༌། ལྷ་རམས་པའི་མཚན་རྟགས་གཏད་པའི་ཆེད་དུ་ལོ་འགའི་རིང་མངོན་པ་གོང་འོག་དང་འདུལ་བའི་རྒྱ་གཞུང་ཆེན་མོ་རྣམས་གཙོ་བོར་བཟུང༌། བོད་ཀྱི་མཁས་པ་སྔ་ཕྱིའི་གཞུང་ཞིབ་གཟིགས་དང༌། མཛོད་འདུལ་གྱི་རྩོད་པ་མཉམ་འགྲོ་བྱས་ཏེ་འགྲེལ་བ་དོན་གསལ། བྱམས་ཆོས་སྡེ་ལྔ། དམིགས་བརྟགས། ཉི་ཤུ་པ། སུམ་ཅུ་པ། མཛོད་རྩ། མདོ་རྩ་བ། གྲུབ་མཐའ་རྩ་བ། ཀུན་གཞི་རྩ་བ་སོགས་སྐྱོར་་་སྦྱངས་འབད་བརྩོན་ཇི་ནུས་བགྱིས་ཏེ་སློབ་གཉེར་གྱི་འབྲས་བུ་མི་དམན་བ་བྱུང་བས་དཔོན་སློབ་ཚང་མས་ཁོང་ལ་བརྩོན་འགྲུས་གོང་འཕེལ་ཞེས་མིང་བཏགས།
       སྤྱི་ལོ༡༩༦༦ལོར་ཟླ་བ་བརྒྱད་ཀྱི་རིང༌། རྒྱ་གར་བྱང་ཕྱོགས་ཡུལ་མཱ་སུ་རི(Mussoorie)ལ་མཚན་ཉིད་རིག་པའི་ལོ་རྒྱུས་ལ་ཟབ་སྦྱོང་མཛད་དེ་ཕྱིར་སྦག་ས་ཆོས་སྒར་དུ་ཕེབས། རྗེས་སུ་ལོ་འགའི་རིང་སྦག་ས་ནས་ཡང་ཕར་ཚད་འདུལ་མངོན་དབུ་སྡོམ་ལ་ཐོས་བསམ་མཛད་ཅིང་དགེ་ལྡན་ཆོས་སྒར་གྱི་རྩོད་གྲྭ་ཀུན་ལ་དམ་བཅའ་མཛད་དེ་ཕ་རོལ་གྱི་རྒོལ་བའི་ཚོགས་ལས་རྣམ་པར་རྒྱལ།
     བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ༡༩༦༨ལོའི་དགའ་ལྡན་སྨོན་ལམ་ཆེན་མོའི་སྐབས། ཁོང་མཁས་མང་འདུས་པའི་རྒྱ་མཚོའི་དབུས་སུ་རྩོད་རྒྱུགས་དམ་བཅར་བཞུགས་ནས་ལྷ་རམས་པའི་དགེ་བཤེས་ཀྱི་མཚན་རྟགས་བཞེས་པས་་་་་བརྒལ་རྟགས་རིག་པའི་གནས་ལ་ཕུལ་དུ་ཕྱིན་པས་ཀུན་གྱིས་བསྔགས་བརྗོད་ཀྱི་རོལ་མོ་དཀྲོལ།
     ༡༩༦༩ལོ་ནས༡༩༧༡ལོའི་བར་ལོ་འཁོར་གསུམ་གྱི་རིང་ཝཱ་རཱ་ཎ་སཱིའི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་གནང་སྟེ་ཨ་ཅཱརྱ་ཡི་ཕྱག་འཁྱེར་བཞེས།
       ༡༩༧༡ལོ་ནས༡༩༧༦ལོའི་བར་དྷི་ར་དྷཱུན(Dehra Dun)ཀེ་ལེ་མེན་ཊའུན(Clement Town)བཀྲ་ཤིས་འཁྱིལ་དགོན་པ་རུ་མཚན་ཉིད་ཀྱི་དཔེ་ཁྲིད་གནང་སྟེ་བཞུགས།
       ༡༩༧༧ལོར་ཧི་མ་ཅལ(Himachal)མངའ་སྡེའི་ཁོངས་གཏོགས་བོན་གཞིས་ཐོབ་རྒྱལ་གསར་པའི༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕེབས། ལོ་ཤས་རིང་དགུན་དུས་དྷི་ར་དྷཱུན(Dehra Dun)ཀེ་ལེ་མེན་ཊའུན(Clement Town)གྱི་བཀྲ་་ཤིས་འཁྱིལ་དགོན་་པར་བཞུགས་ཤིང༌། དབྱར་དུས་ཕྱིར་དགོན་པར་ཕེབས་ཏེ་དོན་གཉེར་ཅན་ཚོར་དཔེ་ཁྲིད་གནང༌།
ཕྱིས་སུ༡༩༧༨ལོར༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཤད་གྲྭ་བཙུགས་པ་ནས་བཟུང༌། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཚན་ཉིད་རྗེ་བཙུན་རིན་པོ་ཆེ་མཆོག་གིས་ཐུགས་འགན་བཞེས་ཤིང་དགོན་པར་གཏན་བཞུགས་ཀྱིས་མདོ་ཕྱོགས་ཀྱི་ཟུར་ཁྲིད་མང་ཆེ་བ་ཁོང་གིས་གནང༌། དེ་ཡང། སྤྱི་ལོ༢༠༠༤ལོར་སྨན་རིའི་མཁན་ཆེན་རིན་པོ་ཆེ་མཆོག་འབར་ཁམས་ལ་ཕེབས་དུས་ཁོང་གི་ཞལ་ནས“སྨན་རིའི་གླིང་གི་བཤད་སྒྲུབ་འདུས་སྡེ་ཡུན་དུ་བརྟན་ཅིང་འཕྲིན་ལས་ཅི་བཞེད་ཐམས་་ཅད་ཡོངས་སུ་འགྲུབ་པ་ནི་དགེ་བཤེས་ལགས་ཁོང་གི་དྲིན་ཡིན”ཞེས་གསུངས་མྱོང༌། རང་ལུགས་རྗེ་མཉམ་མེད་ཆེན་པོའི་གཞུང༌། དབུ་མ། ཕར་ཕྱིན། འདུལ་བ། སྲིད་པ་མཛོད། ཚད་མ་བཅས་འཕྲུལ་སྒྲོན་རྣམ་ལྔ་དང༌། ཀུན་མཁྱེན་ཉི་མའི་བསྡུས་གྲྭ་་དང་ཕར་ཕྱིན་སོགས་ཁྲིད་གཞི་གཙོ་བོར་བཟུང་ཞིང༌། ཞར་བྱུང་དུ་གཞན་སྡེའི་གཞུང་ལུགས་ཀྱང་ཉུང་ངུ་རེ་ཟུར་འདེགས་ཀྱི་ཚུལ་དུ་ཁྲིད། ཁོང་གི་ཞལ་ནས“སྤྱིའི་ཆ་ནས་གཞན་སྡེ་དང་རང་ལུགས་ཀྱི་གཞུང་གི་འགྲོ་སྟངས་ལ་ཁྱད་མེད་ཀྱང༌། རང་་ལུགས་ཀྱི་ཡིག་ཆའི་ཁྲོད་ཐུན་མིན་གྱི་ཁྱད་བོན་ཡང་མང་པོ་འདུག དེར་བརྟེན་ཁོ་་་བོར་རང་ལུགས་ཀྱི་ཡིག་ཆར་རྒྱུས་ཆེར་མེད་པའི་རྐྱེན་གྱིས་ཁ་གསལ་གཏིང་གསལ་ཞིག་འཁྲིད་རྒྱུ་ཁག་པོ་རེད”ཅེས་གསུངས། 
        ཉིན་ལྟར་ཆུ་ཚོད་བཞིའི་རིང་ལ་དཔེ་ཁྲིད་གནང་ཞིང༌། བར་གསེང་གང་ཡོད་ལ་འཆད་རར་ཕེབས་ཏེ་སློབ་གཉེར་བ་ཚོའི་ལུས་ཀྱི་རྣམ་འགྱུར་ཡན་ཆད་ལ་དག་ཐེར་མཛད། དཔེ་ཁྲིད་སྐབས་སུའང་བླ་མའི་རྣམ་ཐར་དང༌། བསླབ་བྱ། གྲྭ་ས་གོང་འོག་གི་འགྲོ་སྟངས། སྒྲིག་ཁྲིམས་སོགས་མང་དུ་གསུངས། དེ་ལྟར་རྒྱུན་དུ་སློབ་གཉེར་བའི་ལུས་ངག་གི་བྱ་བར་ཐུཌ་སྣང་ཆེན་པོ་གནང་ཞིང་ཐུགས་སྣང་དུ་མི་འགྲོ་བའི་རིགས་བྱུང་ཚེ་ཐད་ཀར་བཀའ་བཀྱོན་གནང་བ་དང་སྐབས་རེར་ཕྱག་འཇུག་ཀྱང་གནང་སྟེ་ལེགས་ལམ་དུ་འཛུད་པའི་ལས་ལ་རྟག་ཏུ་གཞོལ་བར་གྲགས་པས། སློབ་གཉེར་བ་་་་་ཙམ་དུ་མ་ཟད་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་མི་གཏོགས་པའི་གྲྭ་བ་རྣམས་་ཀྱང་ཁོང་ལ་ཧ་ཅང་ཞེད་སྣང་བྱེད་པར་གྲགས།
      ཁོང་གི་ཐུགས་གཤིས་སྐོར་ལ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས “སྐབས་རེར་དཔེ་ཁྲིད་བྱེད་སྐབས་ཁྲིད་མཚམས་ངག་རྒྱུགས་འབུལ་མ་་ཐུབ་པ་སོགས་བྱུང་ཚེ་སྐབས་རེར་ཕྱག་འཇུག་གནང་བའང་ཡོད་ཅིང༌། རྒྱུན་དུ་སློབ་གཉེར་ལ་དོ་སྣང་དང་བརྩོན་འགྲུས་སྐྱེད་མཁན་ཞིག་གིས་འཐུས་ཤོར་ཅུང་ཙམ་བཏང་ནའང་བཀའ་བཀྱོན་དང་ཕྱུག་འཇུག་གནང་གི་རེད། དེ་མིན་སློབ་གཉེར་ལ་འདུན་པ་མེད་མཁན་ཚོར་དེ་ཙམ་དམ་དྲག་མི་བྱེད་པར། ཁོང་ཚོར་སྙིང་རྗེ། རང་བཞིན་གཤིས་ཀའི་ཐོག་ནས་མ་བྱུང་བ་རེད་གསུངས་ནས་བཏང་སྙོམས་སུ་འཇོག་པ་དང༌། ཡང་སྐབས་འགའ་རེར་སྤོབས་པའི་གཟེངས་འདེགས་ཕྱིར་དེ་དག་ལ་བསྟོད་རའང་གཏོང་གི་རེད། ཁོང་ཐུགས་ཁྲོ་སྐྱེན་པོ་ཡོད་ཀྱང་དེ་མ་ཐག་དགོངས་པ་དང་་སྟེ་འདི་ཕྱིའི་ལམ་སྟོན་ཁྱད་དུ་ཟབ་པ་གནང་སྲོལ་ཡོད། དཔེ་ཁྲིད་སོགས་ཀྱི་སྐབས་་སུ་ཕྱག་འཇུག་གནང་ནས་བཞུགས་གདན་དུ་འཁོད་མ་ཐག་དགོངས་དག་གསུང་གི་རེད། དེ་ནི་ཁོང་གི་ཐུན་མོང་མ་ཡིན་པའི་ཐུགས་གཤིས་ཤིག་ཡིན་ཞེས་ཞལ་ནས་དངོས་སུ་གསུང་གི་འདུག”ཅེས་གསུངས་བྱུང༌།
      ཡང་ནམ་རྒྱུན་ཁོང་གི་དངོས་སློབ་རྣམས་དང་སྐབས་དེར་བཤད་སྒྲུབ་འདུས་སྡེའི་ཁོངས་སུ་ཡོད་མཁན་ཚོའི་བཤད་སྲོལ་ལ་གཞིགས་ན། སྐབས་རེར་དམ་བཅའ་ཆེན་མོའི་སྐབས་ལན་ཡག་པོ་མ་བརྒྱབ་ན་བཀའ་བཀྱོན་དང་ཕྱག་འཇུག་གནང་བ་་་དང༌། དེའི་རྐྱེན་གྱིས་བདུན་ཕྲག་དམ་བཅར་འདུག་མཁན་ཚོས་ཀྱང་ལན་རྒྱག་སྐབས་གཟབ་ནན་བྱེད་ཀྱི་ཡོད་འདུག རིགས་ལམ་པས་རྟགས་གསལ་གནད་འགག་ཅན་ཞིག་བཏང་ན། དམ་བཅའ་བར་ལན་རྒྱག་རོགས་བྱས་ཏེ་རིགས་ལམ་པར་རིག་པའི་རྩལ་ཅི་ཙམ་འདོན་རྒྱུ་ཡོད་པ་བཏོན་དུ་འཇུག་ཅིང༌། དེ་བཞིན་དུ་དམ་བཅའ་བས་ལན་ཡག་པོ་བརྒྱབ་ན་རིགས་ལམ་པར་རོགས་བྱས་ཏེ། དམ་བཅའ་བའི་རིགས་པའི་ཁུངས་འབྲུ་བའི་ཐབས་ལམ་སྣ་ཚོགས་སྤྱོད་པ་ཡིན་འདུག
       ཁོང་གིས“རྒྱལ་བ་མཉམ་མེད་ཆེན་པོའི་བསྟན་པ་འདི་འཆད་ཉན་གྱིས་བསྐྱང་དགོས་ཤིང༌། འཆད་ཉན་ནི་བསྟན་པའི་སྙིང་པོ་མར་ཁུ་ལྟ་བུ་ཡིན”ཞེས་གསུངས་་་ཤིང༌། གཞུང་གང་ཡིན་ཀྱང་མཁྱེན་རབ་ཀྱི་སྟོབས་ཀྱིས་དཔེ་ཀློག་ཙམ་ལ་བརྟེན་ནས་ཀྱང་དོན་ཕལ་ཆེར་ཐུགས་ལ་འཆར་བ་ཞིག་ཡོད་ཀྱང༌། དེ་ཙམ་གྱིས་ཆོག་ཤེས་མི་བྱེད་པར་སྐབས་སུ་གང་བབས་ཀྱི་ཐལ་ཕྲེང་ཟུར་བཀོལ་དང་པོ་ཏི་རང་རང་གི་རྩ་བ་རྣམས་ཐུགས་ལ་བཟུང་སྟེ་གཤར་སྦྱངས་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་འབད་དགོས་ཞེས་རྒྱུན་དུ་སློབ་གཉེར་བ་རྣམས་ལ་བསླབ་སྟོན་གནང་ལ། ནམ་རྒྱུན་འཆད་ཉན་དང་དཔེ་གཟིགས་སོགས་ལས་འཇིག་རྟེན་གྱི་བྱ་གཞག་དང་ཆབ་སྲིད་སོགས་ལ་ཐེ་གཏོགས་གཏན་ནས་མི་གནང་བ་མ་ཟད། དེ་རིགས་ལ་ཐུགས་དགྱེས་མཉེས་ནམ་ཡང་གནང་གི་མེད། 
         དེ་དུས་རྒྱལ་ཁབ་ཕྱི་ནང་གི་གཞིས་བྱེས་བོད་མིའི་བར་འགྲོ་འོང་གི་འབྲེལ་ཟམ་ཆད་པས་དགོན་པར་མཚན་ཉིད་ཡིག་ཆའི་མཐུན་རྐྱེན་དེ་ཙམ་མེད་པར་བརྟེན། ༧རྗེ་སྨན་རི་བའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་བཀའ་ལུང་ཡང་ཡང་གནང་བ་དང༌། བཤད་སྒྲུབ་འདུས་སྡེའི་ལས་སྣེ་ལྷན་རྒྱས་ཀྱིས་ཀྱང་འབྲི་ཤོག་སྨྱུ་གུ་སོགས་མང་པོ་ཕུལ་ཏེ་རེ་བསྐུལ་ཞུས་པ་བཞིན་སྔར་རྗེས་སུ《 དགེ་འདུན་ཉི་ཤུའི་རྣམ་གཞག 》དང༌། 《 བསམ་གཟུགས་འབྲིང་བོའི་རྣམ་གཞག 》《 རྟེན་འབྲེལ་གྱི་རྣམ་བཤད་ལུང་རིགས་བང་མཛོད། 》《 བློ་རིག་གི་རྣམ་གཞག་ཉུང་གསལ་ལེགས་བཤད་དགའ་སྟོན་གཤེན་བསྟན་པད་ཚལ》སོགས་ལྗགས་རྩོམ་མཛད་ཅིང་ཕྱིས་སུ་བོད་ནས་བོན་སྔ་རབས་དང་ཕྱིས་ཀྱི་མཁས་པ་ཚོས་མཛད་པའི་ཡིག་ཆ་ཁག་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་མ་འབྱོར་གྱི་བར་དུ་འདི་དག་ཟུར་ཁྲིད་བྱས་ཏེ་སློབ་གཉེར་བར་ཤིན་ཏུ་སྨན་པའི་མཛད་པ་བསམ་གྱིས་མི་ཁྱབ་པ་བསྐྱངས།
        སྤྱི་ལོ༡༩༨༩ལོར་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་དེར་ཡུན་རིང་ཙམ་དུ་བཞུགས་་ནས་མཛོད་དང་ཚད་མ་སོགས་དཔེ་ཁྲིད་གནང༌། ཕྱིས་སུ་སླར༧དཔལ་བཤེན་བསྟན་སྨན་རིའི་གླིང་དུ་ཕེབས་ཏེ་དུས་ཡུན་གང་འཚམས་བཞུགས། སྐབས་འདི་ཡས་མས་ཤིག་ལ་རྒྱ་གར་ལྷོ་ཕྱོགས་གདན་ས་འབྲས་སྤུངས་ནས་གདན་ཞུའི་ཡི་གེ་མང་པོ་ཕུལ་བ་མ་ཟད། བསུ་མི་ཡང་ཆེད་བཅར་ཞུས་ཀྱང་ཁོང་གིས་ནམ་ཡང་ཞལ་བཞེས་མ་གནང་བར་རྒྱལ་བ་སྨན་རི་བའི་བཤད་སྒྲུབ་ཀྱི་བསྟན་པ་འདི་ལ་ཐུགས་བསམ་བཞེས་ཏེ་བསྟན་པ་ལ་ཞབས་ཞུ་བླ་མེད་མཛད།
       སྐབས་ཤིག་སྙུང་གཞི་འགའ་ཞིག་གི་རྐྱེན་ལ་བརྟེན་ནས་ཁོང་གི་དགོངས་པར་་རང་ཡུལ་དུ་ལོག་རྒྱུའི་ཐུགས་འདུན་འཁོར། ཁོང་གིས“ད་ང་ལ་ན་ཚ་ཡང་མང་ཙམ་འདུག དེ་བས་བོད་ལ་ལོག་འགྲོ་རྒྱུ་ཡིན། སྔར་གཡུང་དྲུང་གླིང་དང་སྐྱབས་མགོན་ཟླ་བ་རྒྱལ་མཚན་བསམ་སྟེ་ཕ་ཡུལ་རྒྱབ་ཀྱིས་ཕྱོགས་ནས་ཡོང་བ་ཡིན། ད་ཐོད་པ་འཇོག་སའང་གཡུང་དྲུང་གླིང་དུ་བྱུང་ན་ངའི་འདོད་དོན་དེ་གས་གྲུབ་པ་ཡིན”ཞེས་གསུངས་ཏེ་ཕེབས་འདོད་གནང་བར་བརྟེན། གྲྭ་ཚང་ལས་སྣེས་བལ་ཡུལ་དུ་ཕེབས་སྐྱེལ་ཞུས།
      དེ་ནས་ལྷ་ས་བརྒྱུད་དེ་འཁྲུངས་ཡུལ་མདོ་སྨད་ཤར་ཁོག་ཏུ་ཕེབས་སྐབས་དགའ་མལ་དགོན་ཆེན་དུ་གདན་འདྲེན་ཞུས། དེ་ནས་རིན་སྤུངས་དགོན་པར་ཕེབས་ཏེ་ལོ་གཅིག་ཙམ་གྱི་རིང་ལ་དགོན་པ་དེ་གར་བསྡུས་གྲྭ་དང༌། རྟགས་རིགས། བློ་རིགས་་སོགས་དཔེ་ཁྲིད་གནང༌། སླར་ཡང་དགའ་མལ་དགོན་པས་གདན་འདྲེན་ཞུས་ཏེ་་་་དེར་ལོ་གཉིས་ཙམ་ལ་བསྡུས་གྲྭ་དང༌། རྟགས་རིགས། བློ་རིགས་སོགས་དཔེ་ཁྲིད་གནང༌། མཐར་བོད་རབ་བྱུང་བཅུ་བདུན་པའི་མེ་མོ་གླང་ལོ་སྤྱི་ལོ༡༩༩༧ལོར་དགལ་མལ་དགོན་ཆེན་དུ་དགོངས་པ་རྫོགས་སོ།།
མཛད་རྣམ་མདོར་བསྡུས་འདི་ནི་སྨན་རི་གླིང་གི་སྣང་རྒྱལ་ཤེས་རབ་དགེ་ལེགས་ཀྱིས་བརྩམས་པའི་དགེ་བཤེས་མཛད་རྣམ་མདོར་བསྡུས་ཞེས་པར་དཔྱད་གཞིའི་ཡིག་ཆ་བྱས་ནས་ཕྲན་རང་ཉིད་སྔར་རྗེ་བཙུན་རིན་པོ་ཆེ་མཆོག་གི་དྲུང་དུ་ཡོད་སྐབས་བཅར་འདྲི་ཐན་ཐུན་བྱུང་བ་གཉིས་གོ་བསྡུར་ཏེ་སྦྱར་་བ་ཡིན་ལ། སྔ་ཕྱིར་གཡུང་དྲུང་གླིང་དང༌། འབྲས་སྤུངས། སྦག་ས་་སོགས་སུ་སློབ་གཉེར་དང་དཔེ་ཁྲིད་གནང་བའི་གནས་སྐབས་ཀྱི་མཛད་པ་ཞིབ་ཕྲ་བཀའ་འདྲི་ཞུ་ཡུལ་མ་རེག་པར་་བརྟེན་བློ་ཕམ་ངང་སྤྱི་བཤད་ཙམ་དུ་འཇོག་དགོས་བྱུང་བས།མཛད་འཕྲིན་གལ་ཆེན་ཁག་ཅིག་ཆད་པའམ་ཡང་ན་འགོད་ནོར་ཤོར་བ་ཡོད་ངེས་པས་རྒྱུས་ཡོད་སྤྱི་དང༌། ཁྱད་པར་ཁོང་རང་གི་གསུང་གི་བདུད་རྩིས་བསྐྱངས་པའི་རྒྱུད་འཛིན་བུ་སློབ་རྣམས་ཀྱིས་ལོ་རྒྱུས་ཀྱི་གལ་ཆེའི་རང་བཞིན་ལ་དགོངས་ཏེ་ངེས་པར་དུ་ཁ་གསབ་དག་བཅོས་ཀྱི་དགོངས་འཆར་ལྷུག་བརྗོད་ཡོང་བར་ཞུ་ཞུ། ཞེས་རྨོངས་རྟུལ་ཆུ་མདོ་པད་མ་བཀྲ་ཤིས་སམ་མིང་གཞན་བཀྲ་ལོ་ཞེས་འབོད་པས་བྲིས་པའོ། ། དགེའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག