༄༅།། རྗེ་བཙུན་དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ངོ་མཚར་དད་གསུམ་སྣང་བའི་དགའ་སྟོན་ཞེས་བྱ་བ་བཞུགས།།
སྤྲོས་བྲལ་གདོད་མའི་དབྱིངས་ལས་མི་གཡོ་ཡང་། །
ཚད་མེད་ཐུགས་རྗེའི་རླབས་ཀྱིས་ཉེར་བསྐུལ་ནས། །
མཐའ་ཀླས་ཡིད་ཅན་གཏན་བདེའི་རྒྱལ་ཁབ་ཆེར། །
འགོད་མཛད་སྐུ་གསུམ་སྟོན་པས་དགེ་ལེགས་སྩོལ། །
གང་གི་གསུང་གསང་མདོ་སྔགས་རྫོགས་པའི་ཚུལ། །
རབ་ཡངས་གསེར་ལྡན་ཁྱོན་དུ་སྤེལ་མཛད་པ། །
ལོ་པཎ་གཏེར་སྟོན་མཉམ་མེད་ཡབ་སྲས་སོགས། །
འཕགས་ཚོགས་རིམ་པར་བྱོན་ལ་མགོས་ཕྱག་འཚལ། །
བཀྲ་ཤིས་གཤེན་བསྟན་རི་དབང་མངོན་མཐོའི་རྩེར། །
བཤད་སྒྲུབ་འཕྲིན་ལས་དཔུང་གི་འདེགས་འཇོག་གིས། །
སྒྲུབ་བརྒྱུད་རྒྱལ་མཚན་སྒྲེང་ལ་ཆེས་བསྔགས་པ། །
ཤར་རྫའི་སྟོན་པས་ཐུགས་རྗེས་ཟུངས་ཤིག་ཀྱེ། །
སྲས་བཅས་རྒྱལ་བའི་གཞུང་བཟང་པི་ཝང་རྒྱུད། །
བློ་གྲོས་སོར་རྩེས་སྙན་རྒུར་འཁྲོལ་བ་ཡིས། །
གདུལ་བྱ་རྒྱ་མཚོར་སྨིན་གྲོལ་ཟབ་རྒྱས་བོན། །
འདོམས་མཛད་དགེ་བའི་བཤེས་དེར་ཅིས་མི་དད།།
མཐུ་ནུས་འོད་ཀྱིས་བློ་མུན་སེལ་བའི་ཤུགས། །
སྟོབས་སུ་རྫོགས་པས་རབ་འབྱམས་གཞུང་ཀུན་མཁྱེན། །
རྣམ་མང་འགྲོ་རྣམས་ཐར་པར་འཁྲིད་པའི་སླད། །
རྒྱལ་སྲས་སེམས་དཔའི་སྐུར་བཞེངས་བླ་མར་འདུད། །
མཁྱེན་དགོངས་རྟོགས་པའི་གཞལ་མེད་ཡོན་ཏན་ཚོགས། །
རྣམ་འདྲེན་སངས་རྒྱས་དངོས་དང་དགོངས་མཉམ་ཡང་། །
བདག་ལ་བཀའ་དྲིན་དེ་ལས་ཆེས་ལྷག་པ། །
སུམ་ལྡན་བླ་མར་མི་ཕྱེད་དད་ཕྱག་བརྩེགས། །
རླབས་ཆེན་སྤྱོད་པའི་རྣམ་ཐར་ཟླ་བྲལ་བ། །
རྟོག་དཔྱོད་འཛིན་པའི་ཡུལ་ལས་རིང་སོང་ཞིང་། །
བདག་ལྟའི་ཚུར་མཐོང་བློ་ཡིས་མི་འཆུན་ཡང་། །
ཆ་ཤས་སྤེལ་འདིར་བློ་ལྡན་སུ་ཞིག་བཤུང༌།།
དེ་ཕྱིར་རྟོགས་བརྗོད་རིན་ཆེན་སིལ་མའི་ཚོགས། །
འཁྱོག་མེད་སྡེབ་ལེགས་ཚིག་གི་སྲད་བུ་རུ། །
ལེགས་པར་བསྟར་བའི་རྣམ་བཤད་ཕྲེང་མཛེས་འདི། །
རང་གཞན་དད་པའི་རྒྱན་དུ་སྤེལ་ལ་སྤྲོ། །
ཞེས་མཆོད་པར་བརྗོད་པའི་ཨུཏྤལ་དཀར་པོའི་འདབ་མ་ཡང་ཡང་འཐོར་ཞིང༌། རྩོམ་པར་དམ་བཅའ་བའི་ཚིག་གིས་གླེང་གཞིའི་སྒོ་ཕྱེས་ཏེ་འདིར་འཆད་པར་བྱ་བ་ནི། བསྐལ་བཟང་སྒྲོན་མ་ཅན་གྱི་དུས་འདིར་འོ་སྐོལ་གསང་སྔགས་གཡུང་དྲུང་ཐེག་པའི་ཞིང་ཁམས་ཀྱི་སྟོན་པ་བསྐལ་སྟོང་སངས་རྒྱས་སྟོང་གི་ཐུ་བོ་འགྲོ་བ་ལྷ་དང་མི་ཡི་མཆོད་སྡོང་ཆེན་པོ་རྣམ་འདྲེན་དམུ་རྒྱལ་ཐོད་དཀར་སྲས་ཀྱི་གཤེན་ཞལ་གཙང་མའི་རྣམ་གསུམ་བོན་གྱི་འཁོར་ལོ་རིན་པོ་ཆེ་སྲིད་གསུམ་ཞིང་ཁམས་ཡོངས་སུ་སྤེལ་བར་མཛད་པའི་རྒྱལ་བའི་གདུང་སོབ་ཆེན་པོ་རྣམས་དང༌། ཁྱད་པར་གངས་ཅན་བོད་ཀྱི་ཡུལ་འདིར་ཟབ་པ་དང་རྒྱ་ཆེ་བའི་མདོ་སྔགས་ཀྱི་བསྟན་པ་ཟུང་དུ་འཇུག་པའི་འཕྲུལ་ངག་བདེན་པའི་བོན་བསྟན་ཡུལ་གྲུ་ཀུན་ཏུ་དར་ཞིང་གསལ་བར་བྱེད་པ་ལ་གཞན་དྲིང་མི་འཇོག་པའི་ལོ་པཎ་གཏེར་སྟོན་གྱི་ཚོགས་དང་དམ་པ་ཡབ་སྲས་དང་མཉམ་མེད་ཡབ་སྲས་སོགས་བརྒྱུད་འཛིན་གྱི་སྐྱེས་མཆོག་མང་དུ་བྱོན་ནས་དུས་ཡུན་རིང་དུ་སོང་བ་ལས། སྙིགས་མ་ལས་ཀྱང་ཆེས་སྙིགས་བའི་དུས་འདིར་རྗེ་བླ་མ་ཚེ་དབང་རིག་འཛིན་ངུར་སྨྲིག་གར་གྱིས་རྣམ་པར་རོལ་བ་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ཟུང་དུ་འབྲེལ་བའི་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟའི་སྲོལ་ཆེན་འབྱེད་པ་ལ་རྗེ་བཙུན་རི་ཁྲོད་པ་དང་གཉིས་སུ་མ་མཆིས་ཤིང༌། རྒྱལ་གཤེན་བསྟན་པ་ཡོངས་རྫོགས་ཉམས་ལེན་གྱི་ཁོངས་སུ་བསྡུས་ཏེ་སྐལ་ལྡན་གང་ཟག་གཅིག་འཚང་རྒྱ་བའི་ཐབས་སུ་སྟོན་པའི་སྙིགས་དུས་འཇའ་ལུས་པ་ཆེན་པོ་དཔལ་རྒྱལ་བ་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་བྱོན་ནས་ཤར་རྫ་གཡུང་དྲུང་ལྷུན་པོའི་རི་ལ་བཤད་སྒྲུབ་ཀྱི་བཀའ་སྲོལ་རྒྱ་ཆེར་ཕྱེ་བ་ནས་སྒྲུབ་བརྒྱུད་ཀྱི་བསྟན་འཛིན་ཆེན་པོ་མཐའ་ཡས་པ་བྱོན་པ་ལས། དེའི་སྒྲུབ་སྡེའི་རིང་ལུགས་མ་སྨད་པ་སྐྱོང་བ་ལ་འགྲན་ཟླས་སྤངས་པ་སྡེ་སྣོད་གཞུང་བརྒྱ་སྨྲ་བར་བསྙེངས་པ་མི་མངའ་བ་བསྟན་པའི་མངའ་བདག་ཆེན་པོ་རྒྱལ་ཚབ་བསྟན་པའི་སྒྲོན་མེ་ཉིད་བྱོན་ཏེ་སྒྲུབ་བརྒྱུད་ཀྱི་བསྟན་པ་ཡོངས་སུ་དར་བར་མཛད། དེ་ལས་རིང་དུ་མ་སོང་བར་དུས་འགྱུར་གྱི་བརླང་སྤྱོད་གཟའ་ཡི་ཁ་རླངས་བསིལ་ལྡན་གངས་རིའི་ཕྲེང་བའི་ར་བ་ན་འཕྱུར་པས་ལུང་རྟོགས་བསྟན་པའི་སྒྲོན་མེ་མོག་པོ་ལྟར་གྱུར་ཀྱང་སླར་ཟླ་བ་ཉ་གང་བའི་རང་མདངས་མངོན་དུ་གསལ་དུས། དེ་དག་གི་བརྒྱུད་པ་ཚུལ་བཞིན་འཛིན་པ་ལ་མཁས་བཙུན་བཟང་པོའི་ཡོན་ཏན་ལ་སྐྱོན་ཀུན་ནས་མ་དམིགས་ཤིང༌། དུས་མཐའི་གྲུབ་རྫུ་དང་ཟོལ་སྦྱོར་ཙམ་མ་ཡིན་པར་ངེས་གསང་གྲུབ་པའི་རྣལ་འབྱོར་གྱི་མཛད་པ་གང་གི་ཆ་ནས་ཀྱང་མཚུངས་མེད་དགེ་བའི་བཤེས་གཉེན་ཆེན་པོར་བསྔགས་པར་འོས་པ། རྒྱལ་ཚབ་རིན་པོ་ཆེ་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོ་སྡེའི་རྨད་དུ་བྱུང་བའི་སྐུ་གསུང་ཐུགས་ཀྱི་མཛད་པ་རྒྱ་མཚོའི་འཇིངས་ལྟ་བུའི་ཟབ་ཡངས་ཀྱི་ཚུལ་རྣམས། སྐྱེས་སྦྱངས་ཤེས་རབ་ཀྱིས་སྤངས་པའི་བདག་ལྟ་བུས་གཞལ་བའི་ཡུལ་དུ་མ་གྱུར་ཀྱང༌། ཆུ་ཐིགས་ཀྱི་ཟེགས་མ་ཙམ་ཞིག་འཐོར་བ་ལ་སྒྲོ་སྐུར་དང་འུད་བསྟོད་ཀྱིས་མ་བཅིངས་པར་དོན་གྱི་ཡིན་ལུགས་གསོང་བོར་སྨྲས་ན་དགེ་ཚོགས་གཞན་གྱིས་འགྲན་དུ་མེད་པའི་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་བསོག་པ་དང༌། གང་གི་གསུང་ལས་སྐྱེས་པའི་སློབ་མ་རྣམས་ཀྱིས་མཛད་བཟང་གི་རྣམ་ཐར་ཤེས་ནས་ཐོབ་པའི་དད་པའི་གསོས་སུ་འགྱུར་བའི་དགོས་སོ་རྣམས་ཡིད་ལ་བཅངས་ཏེ་འཆད་པ་ལ།
དང་པོ་སྐུ་སྐྱེ་བ་བཞེས་པའི་ཚུལ། གཉིས་པ་སྐུ་ནར་སོན་ནས་བསྟན་པའི་སྒོར་ཇི་ལྟར་འཇུག་ཚུལ། གསུམ་པ་བླ་མར་བསྟེན་ནས་ཐོས་བསམ་སྦྱངས་ཏེ་སྒྲུབ་པ་མཛད་ཚུལ། བཞི་པ་བར་སྐབས་སུ་དུས་ལ་འཕོ་འགྱུར་བྱུང་ཚུལ། ལྔ་པ་བསྟན་པ་དང་འགྲོ་དོན་ཇི་ལྟར་བསྐྱངས་ཚུལ། དྲུག་པ་ཐུགས་དགོངས་བོན་ཉིད་དབྱིངས་སུ་ཐིམ་ཚུལ། བདུན་པ་རྗེས་སུ་དོན་གྱི་མདོ་བསྡུ་བ་དང་བདུན་ནོ། །
དང་པོ་སྐུ་སྐྱེ་བ་བཞེས་པའི་ཚུལ།
ཡུལ་ཕུན་སུམ་ཚོགས་པ་ཁ་བ་ཅན་གྱི་ཤར་ཕྱོགས། མདོ་ཁམས་སྨད་ཀྱི་ཡུལ་གྲུ། སྒང་དྲུག་གི་ནང་ཚན་རྔུལ་རྫ་རིང་མོའི་རིའི་བརྒྱུད་ཀྱི་ཆར་གཏོགས། རྫ་ཆུ་སྔོན་མོ་དལ་དུ་འབབ་པའི་ཉེ་འགྲམ། མདོ་སྔགས་བསྟན་པའི་བརྒྱུད་འཛིན་འབུམ་རྨད་མི་གཡོ་བསམ་གཏན་གླིང་གི་ཉེ་འདབས། གླིང་ཚང་རྒྱལ་པོའི་མངའ་འབངས་འབུམ་མདའ་ཞེས་པའི་ཚོ་པ་གསུམ་ཡོད་པའི་བར་གྲོང་ཚང་ཞེས་རིགས་བརྒྱུད་གཙང་ཞིང་དགེ་ལ་ཕྱོགས་པའི་ཁྱིམ་རྒྱུད་ཅིག་སྟེ། ཡབ་གཡུལ་རྒྱལ་དང་ཡུམ་མཛངས་མ་བོ་ལེགས་གཉིས་ཀྱི་ལྷུམས་སུ་ཞུགས་སྐབས། ཀུན་གྲོལ་དྲུག་པ་འགྲོ་འདུལ་གྲུབ་པའི་དབང་ཕྱུག་ཟབ་གཏེར་གྱི་འཁོར་ལོར་བསྒྱུར་བ་ཆེན་པོ་རིག་འཛིན་ཧཱུཾཿཆེན་འགྲོ་འདུལ་གླིང་པ་མ་འོངས་འབྱུང་འགྱུར་མཁྱེན་པ་དེ་ཉིད་ཀྱིས། ཁྱེད་ཀྱི་ཁོག་ཏུ་ཆགས་པའི་ཕྲུ་གུ་དེ་བུ་ཞིག་ཡིན་པར་མ་ཟད། མ་འོངས་བསྟན་པ་ལ་ཕན་ཐོགས་པ་ཞིག་འབྱུང་བས་རྗེས་སུ་བུ་དེ་བདག་ལ་སྦྱིན་དགོས་ཞེས་བཀའ་གསུང་གནང་སྟེ། མའི་མངལ་གྱི་ཆུ་འཛིན་ལས་མ་བལྟམས་སྔོན་ནས་མཚན་ཡང་མཐུ་སྟོབས་རྣམ་རྒྱལ་ཞེས་གསོལ་ཏེ་ཆེས་ངོ་མཚར་བའི་གནས་སུ་གྱུར། མོས་བུ་ཞིག་ཡིན་ན་བདག་རེ་དགའ་ཟེར་ནས་དབུལ་བར་ཁས་བླངས། དེ་ནས་ཟླ་ངོ་རྫོགས་ཏེ་རབ་བྱུང་བཅུ་དྲུག་པའི་མེ་ཕོ་སྟག་སྤྱི་ལོ ༡༩༢༦ ལོའི་ཟླ་གསུམ་པའི་ཚེས་གསུམ་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་གཟུགས་སྐུ་ཟླ་བའི་དཀྱིལ་འཁོར་ཤར་རིའི་རྩེ་ནས་བསམ་བཞིན་དུ་མངོན་པར་ཚེས་པར་གྱུར་ཏོ། །
སྲས་བཅས་རྒྱལ་བའི་ཞབས་སྐྱེས་ནོར་བུའི་རྡུལ། །
ཡང་ཡང་འཛིན་མར་བསྟིམས་པའི་ས་ཡི་སྙིང་། །
མདོ་སྨད་རྫ་སྒང་རིང་མོའི་འབུམ་མདའ་ཞེས། །
མཆོག་སྐུ་སྲིད་པར་བཟུང་བའི་ཡུལ་དུ་ཁུམས། །
ཡུམ་ཆེན་ཤར་རིའི་ཕྲག་ནས་མ་གྲོལ་གོང་། །
མཛེས་སྐུ་སྣང་བྱེད་གཞོན་ནུ་འཆར་རོ་ཞེས། །
སྐྱ་རེངས་ཕོ་ཉས་མཚན་བརྡ་སྒྲོགས་པ་ཡིས། །
ཀུན་ཀྱང་ངོ་མཚར་སྣང་བའི་གཏེར་དུ་སྦྲུམ། །
གཉིས་པ་སྐུ་ནར་སོན་ནས་བསྟན་པའི་སྒོར་ཇི་ལྟར་འཇུག་ཚུལ།
སྤྱིར་བླ་མ་ཉིད་སྔོན་སྦྱངས་ཀྱི་འཕྲོ་སད་པས་དམ་པ་གོང་མ་རྣམས་ཀྱི་ངང་ཚུལ་བཞིན་རྒྱུད་འཇམ་ལ་རིག་པ་རྣོ་བའི་རང་གཤིས་ལྷན་སྐྱེས་སུ་མངའ་བ་ཞིག་སྟེ། ཆུང་བྱིས་པའི་སྐབས་ནས་ཀྱང་བླ་མ་དང་གྲྭ་པར་དད་ཅིང་རྩེད་མོ་རྩེ་ནའང་དཔེ་ཆ་འདོན་པའི་ཚུལ་བྱེད་པ་དང༌། རྡོ་ལེབ་གཉིས་ཕྱག་ཏུ་བསྣམས་ཏེ་རོལ་མོ་དཀྲོལ་ཚུལ་སོགས་རྩེ་བ་དང༌། ཉམ་ཐག་སེམས་ཅན་ལ་བྱམས་སྙིང་རྗེ་རང་ཤུགས་སུ་ལྡན་པས་དམ་པའི་སྐྱེས་སྤྲུལ་ཞིག་ལོས་ཡིན་སྙམ་པ་ཞིག་ཡོད་སྐད། ཁོང་གི་ཡབ་ཡུམ་གཉིས་ཀྱིས་གྲྭ་ས་ཞིག་ལ་བསྐྱལ་ནས་སློབ་གཉེར་དང་ཐོས་བསམ་བྱེད་དུ་བཅུག་པ་ལ་མོས་པ་ཆེན་པོ་ཡོད་ཀྱང༌། སྐུ་མཆེད་ཆེ་བ་ཞིག་ཡོད་པ་དེས་འདུ་འཛིའི་འཁོར་བའི་ལས་ཀ་སོགས་ལ་བསྐུལ་བར་མ་གཏོགས་དགེ་རྒན་བསྟེན་ནས་ཡི་གེ་སྦྱོང་དུ་མ་སྟེར། འོན་ཀྱང་གྲྭ་པ་བྱེད་ན་ཡི་གེ་མ་ཤེས་ན་མི་འོང་དགོངས་ཏེ་ཅིས་ནས་ཀྱང་ཡི་གེ་སྦྱང་པ་ཐུགས་ལ་བརྣག་པས་ལྐོག་ནས་གྲོང་པ་དེར་བོན་ལི་ཞེས་པ་ཀློག་འདོན་ལ་མཁས་པ་ཞིག་ཡོད་པའི་གམ་དུ་བཅར་ཏེ་ཡི་གེ་ཕྲན་བུ་རེ་བསླབ་ཚེ། དགེ་རྒན་ནས་བྱིས་པ་བློ་གསལ་ཞིང་འདོན་སྒྲོས་དག་པ་ཞིག་འདུག་ཟེར་བ་བྱུང༌། དེའི་མཚམས་ཤིག་ཏུ་ཀུན་གྲོལ་རིན་པོ་ཆེས་ཁྲུས་ཤིག་གནང་སྟེ་བུ་འདི་མའི་ཁོག་ཏུ་ཡོད་སྐབས་ཁོ་བོས་མིང་བཏགས་པ་ཡིན། ཡི་གེ་སྦྱོངས་དང་ལོ་གསུམ་ནས་ཡི་གེ་ལེགས་པར་ཤེས་ཞེས་གསུང་འབྱོན་གནང༌།
དགུང་ལོ་བདུན་ནས་ཡི་གེ་བསླབ་པའི་དབུ་བཟུང་ཞིང༌། རྒྱལ་བ་བྲུ་ཡི་རིང་ལུགས་འཛིན་པ་ཀུན་མཁྱེན་ཤར་རྫ་པའི་བསྟན་པ་མ་ཉམས་པར་བསྐྱངས་པའི་འབུམ་རྨད་མི་གཡོ་བསམ་གཏན་གླིང་གི་ཚོགས་གྲལ་དུ་བཞུགས་པར་མཛད།
དགུང་ལོ་དགུ་བཞེས་སྐབས་ཤར་རྫ་གཡུང་དྲུང་ལྷུན་པོའི་བདེ་ཆེན་རི་ཁྲོད་དུ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་མཆོག་གིས་ཆོ་ག་བཅུ་གཉིས་ཀྱི་དབང་མོ་ཆེན་གསུང་བའི་སྐབས་དང་འཕྲད་པས་བླ་མ་ཁོང་ཉིད་ཀྱང་དེའི་གྲལ་དུ་ཕེབས་ཐུབ་པ་བྱུང་སྟེ་དགེ་བསམ་ལེགས་ལམ་དུ་འགྱུར་བའི་ཐུགས་སྨོན་བྱིན་རླབས་ཟབ་མོས་རྒྱུད་སྨིན་པར་མཛད་པ་དང༌། དེ་ནས་ཡི་གེ་འདོན་ཀློག་ཀྱང་ནང་བྱན་ཆུད་པར་མཛད་དོ། །
དགུང་ལོ་བཅུ་གསུམ་བཞེས་ཐོག་བཀའ་ཕྱི་ནང་གི་འཕྲིན་ལས་ཀྱི་ཕྱག་ལེན་དང་རྡུང་གྱེར་དབྱངས། བཅའ་བཟོ་སོགས་ལ་བརྩོན་པ་ཆུ་བོའི་རྒྱུན་ལྟར་གནང་བས་མཛད་པའི་བྱ་བ་གང་ཡང་ལེགས་པའི་ཚུལ་སྣང་བས་ཀུན་གྱིས་བསྔགས་བརྗོད་ཡང་ཡང་ཐོབ།
མཚུངས་མེད་ཐུགས་བསྐྱེད་བརླན་གྱིས་བཟུང་བའི་མཐུས། །
གཟུགས་སྐུ་འཁྲི་ཤིང་ལང་ཚོ་རྫོགས་དང་ལྷན། །
དད་དང་རྣམ་དཔྱོད་འདབ་བརྒྱ་གྲོལ་བའི་ཚུལ།།
འཕགས་མཆོག་སྤྲུལ་པའི་མཛད་པ་ཁོ་ནར་ཟད ། །
ལུང་རིགས་གད་རྒྱངས་ས་སྟེང་ལྡིར་མཛད་རྗེ། །
འཇིགས་མེད་སྨྲ་བའི་སེང་ཆེན་ཤར་རྫ་པའི། །
ཟབ་བརྒྱའི་སྨིན་གྲོལ་བདུད་རྩིའི་བཅུད་འཇོ་བ། །
དེང་འདིར་ཞལ་མཇལ་ཁུམས་པ་ཁྱེད་ཉིད་ཙམ། །
གསུམ་པ་བླ་མར་བསྟེན་ནས་ཐོས་བསམ་སྦྱངས་ཏེ་སྒྲུབ་པ་མཛད་ཚུལ།
བླ་མ་ཁོང་ཉིད་ཐོས་བསམ་གྱི་གནས་ལ་སྦྱང་པའི་མོས་པ་རྒྱུན་ཆགས་སུ་ཐུགས་ལ་ཡོད་པས། འབུམ་རྨད་དགོན་གྱི་བླ་མ་ཞིག་པོའི་གདུང་ལས་སོན་པའི་བཅུ་ཕྲག་རིག་པའི་གནས་ཀྱིས་ཐུགས་རྒྱུད་ཕྱུག་པའི་གླིང་ཞིག་བླ་མ་ཚེ་དབང་གཡུང་དྲུང་ཞེས་པ་ཀུན་མཁྱེན་བླ་མའི་དངོས་སློབ་དེའི་མདུན་ནས་སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཁྲིད་གཟབ་རྒྱས་དང་འབྲེལ་བར་བློ་ལྡོག་བོན་བཞི་ལ་རྒྱུད་སྦྱོང་སྔོན་དུ་བཏང་ནས། སྒོམ་རིམ་ཐར་ལམ་མྱུར་བགྲོད་ལྟར་སྒོམ་བཟླས་ཟུང་འཇུག་སྒོ་ནས་འབུམ་དགུ་གནད་སྨིན་བསགས་པ་དང་མཐར་ཉེར་མཁོ་འཕོ་བའི་ཁྲིད་བཅས་ལ་ཐུགས་བརྩོན་རྒྱ་ཆེར་མཛད། སྐབས་དེར་གླིང་ཞིག་བླ་མའི་ཆིབས་བསྐྱོད་སྡེ་དགེའི་ཕྱོགས་སུ་བསྒྱུར་སྐབས་དེའི་ཞབས་ཕྱི་ལ་ཕེབས་ནས་ཤར་ཀཿཐོག་དང༌། རྫོང་སར། དཔལ་སྤུངས། ཁ་རགས། ཟླ་དབོན། གཙུག་དབོན། རི་དཔོན། ལྕང་ལུང་དགོན་རྣམས་སུ་བྱོན་ནས་དགོན་ཁག་སོ་སོའི་རེ་འདོད་ལྟར་བོན་ཕྱི་ནང་གསང་གསུམ་གྱི་སྒོ་ནས་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་བཅས་ཟླ་གསུམ་དང་ཕྱེད་ཙམ་གྱི་རིང་ལ་གནང་བ་ཀུན་ཁོང་གིས་ཀྱང་མཉམ་ཐོབ་བྱུང་ཡང་ཟིན་ཐོ་དུས་རླུང་གིས་སྤུར་བའི་སྡོང་ལོ་དང་མཉམ་དུ་ཡུལ་ངེས་མེད་དུ་འཐོར་ཞིག་སོང་བས་འདིར་འགོད་ཐབས་མ་བྱུང༌། དེའི་ཚེ་བཅའ་འབུད་རྡུང་གསུམ་དང་བོན་ཕྱི་ནང་གི་འཕྲིན་ལས་སོགས་ལ་དེ་འདྲ་གྲྭ་ཆུང་མཁས་པ་འདུག་ཟེར་བ་བྱུང༌། རྫོང་སར་དགོན་དུ་དཔལ་ས་སྐྱ་བའི་ཆོས་བརྒྱུད་འཛིན་པ་འཇིགས་བྲལ་གྱི་སློབ་དཔོན་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་ཡང་སྲིད་ཞལ་མཇལ་ཞུས།
དགུང་ལོ་བཅུ་བཞིའི་ཐོག་གྲོགས་ཚེ་རིང་བརྟན་དང་འགྲོགས་ནས་ཤར་རྒྱལ་མོ་དམུ་རྡོ་སོགས་ལ་གནས་སྐོར་ཕེབས། སླར་རང་ཡུལ་དུ་ལོག་སྟེ་དགུན་ངོ་ཤར་རྫའི་རི་ཁྲོད་དུ་ཕྱིན་ཏེ། ཚེ་རབས་དུ་མ་ནས་འབྲེལ་བའི་རིགས་ཀྱི་བདག་པོ་བཀའ་དྲིན་མཚུངས་ཟླ་དང་བྲལ་བ་དཔལ་ཤར་རྫ་པའི་ངེས་པ་དོན་གྱི་རྒྱལ་ཚབ་རིན་པོ་ཆེ་བློ་གྲོས་རྒྱ་མཚོ་མཆོག་གི་སྐུའི་དྲུང་དུ་བཅར་ཏེ་སླར་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་ནས་དབུ་བཟུང་སྟེ་འབུམ་དགུ་བསགས་སྦྱོང་དང་འཕོ་བ་ཨ་གཏད་བཅས་ལ་སྦྱོང་པ་ལྷུར་བཞེས་མཛད།
དགུང་གྲངས་བཅོ་ལྔ་ལ་ཕེབས་སྐབས་རྒྱལ་ཚབ་བླ་མ་སྟོད་ཕྱོགས་སུ་གནས་རྟེན་རྣམས་ལ་མཇལ་སྐོར་ལ་ཕེབས་པར་བརྟེན། ཟེར་འཕྲོ་བླ་མ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དབང་རྒྱལ་རིན་པོ་ཆེའི་མདུན་ནས་དངོས་གཞི་སྐུ་གསུམ་རང་ཤར་ཁྲིད་སྒོམ་ཟུང་འབྲེལ་གྱིས་སེམས་དོན་ངོ་སྤྲོད་དང་ཞི་གནས་ལྷག་མཐོང་གི་ཁྲིད་རྒྱས་པ་ཉམས་སུ་བཞེས། དེའི་དགུན་ངོར་ཧཱུཾཿཆེན་རིནཔོ་ཆེའི་དྲུང་ནས་མཁའ་འགྲོ་གསང་མཛོད་ཀྱི་དབང་ལུང་ཁྲིད་གསུམ་ཞུས་ཏེ་རྩ་རླུང་ཞག་བརྒྱ་ལ་བཞུགས་ཏེ་རྒྱབ་ཐུར་བཅུད་ལེན་བཅས་མཐར་འཁྱོལ་བར་མཛད།
དགུང་ལོ་བཅོ་བརྒྱད་སྟེང་སྨོན་རྒྱལ་དགོན་དུ་ཧཱུཾཿཆེན་བླ་མའི་ཞབས་ཕྱི་ལ་སོང་སྟེ་ལོ་གཉིས་ཀྱི་རིང་ལ་བཞུགས། དམ་པ་དེའི་དྲུང་ནས་གསས་མཁར་མཆོག་ལྔ་གཙོས་ཕྱི་ནང་གསང་བའི་དབང་ལུང་དང་མན་ངག་དམར་ཁྲིད་སོགས་གང་མང་ཐོབ།
དགུང་ལོ་ཉི་ཤུ་བཞེས་སྐབས་སྟོད་དབུས་གཙང་ཕྱོགས་སུ་གནས་རྟེན་རྣམས་ལ་མཇལ་སྐོར་དང༌། བླ་མ་རྣམས་ལ་བྱིན་རླབས་ཞུ་བའི་ཆེད་དུ་མཚུངས་སྤྱོད་ཀྱི་གྲོགས་རེ་འགའ་དང་འགྲོགས་ཏེ་གནས་སྐོར་ལ་ཕེབས། ཁྱུང་པོའི་ཡུལ་ནས་ཡར་བྱོན་ཏེ་གཡུང་དྲུང་དཔལ་རི་ན་སྲིད་ན་མཚུངས་ཟླས་སྤངས་པའི་དཀའ་ཐུབ་པ་གྲུབ་ཆེན་བཟོད་པ་རིན་པོ་ཆེའི་ཞལ་མཇལ་ཞུས་ཏེ། ངེས་དོན་གྱི་མན་ངག་དམར་ཁྲིད་དང་འབྲེལ་འཇོག་གི་བོན་འཆད་བསྡུས་ཙམ་གསན། ཁྱུང་པོ་ཉི་མ་ཚུལ་ཁྲིམས་རིན་པོ་ཆེ་དང་ཡང་དེ་ནས་མཇལ་འཛོམས་བྱུང༌། དེ་ནས་རྐོང་པོར་བྱོན་ཏེ་རྒྱལ་བ་གཤེན་རབ་མི་བོས་བྱིན་གྱིས་རླབས་པའི་ཐུགས་སྤྲུལ་བོན་རི་ལ་ཞབས་སྐོར་བཅུ་གསུམ་ཕེབས། དེ་ནས་ལྷོ་ཁ་ཡར་ཀླུངས་ཁོག་ཕྱིན་ཏེ་ཁྲ་འབྲུག་སྒྲོལ་མའི་ལྷ་ཁང་མཇལ། ལྷ་སའི་གླིང་ལ་ཕེབས་ཏེ་ཇོ་བོ་རིན་པོ་ཆེ་སོགས་ཁྱད་འཕགས་ཀྱི་རྟེན་དང་ཚོགས་མཇལ་ཞུས། ལི་ཤི་སྟག་རིང་གི་སྒྲུབ་ཕུག་ཤེལ་དཀར་བྲག་རྫོང་མཇལ། དེ་ནས་ཡར་ཕེབས་ཏེ་བཀྲ་ཤིས་ལྷུན་པོ་དང་ཞུ་ཚང་གི་གདན་ས་དཔལ་ལྡན་ལྷུན་གྲུབ་དགོན་སོགས་མཇལ། དེ་ནས་གཤེན་དར་ལྡིང་ལ་ཕྱིན་ཏེ་གཤེན་གྱི་བརྒྱུད་འཛིན་བླ་མ་དང་རྟེན་ཁྱད་འཕགས་བཅུ་གསུམ་སོགས་རྟེན་མཇལ་ཞུས། གུ་རུ་རྣོན་རྩེའི་གཏེར་གནས་རྟ་ནག་དུང་ཕོར་ལ་མཇལ་སྐོར་ཕེབས། དེ་ནས་རྗེ་རིན་པོ་ཆེའི་གདན་ས་ཐོབ་རྒྱལ་སྨན་རིའི་གནས་སུ་ཕྱིན་ཏེ། སྨན་རིའི་མཁན་རབས་སོ་གཅིག་པ་ཉི་མ་དབང་རྒྱལ་མཇལ། དེའི་དྲུང་ནས་འདུལ་བའི་ལས་ཆོག་ལ་བརྟེན་ནས་ཕྱི་སོ་ཐར་གྱི་སྒོར་ཞུགས་ཏེ་གཙང་གཙུག་གི་སྡོམ་པ་ནོས་ཏེ་མཚན་ལ་ཚུལ་ཁྲིམས་བསྟན་འཛིན་ཞེས་གསོལ། འདུས་སྡེ་གྲྭ་ཚོགས་ཡོངས་ལ་མང་ཇ་དང་ཕྱག་འགྱེད་ཀྱི་གཏོང་སྒོ་ཕུལ། རྗེ་མཉམ་མེད་བླ་མའི་སྐུ་གདུང་རིན་པོ་ཆེ་སོགས་རྟེན་དང་མཆོད་མཇལ་ཞུས། དེ་ནས་གཡས་རུ་མཁར་སྣ་དང་རབ་ལེགས་གཡུང་དྲུང་གླིང་སོགས་མཇལ་ཏེ་གསོལ་འདེབས་བྱིན་རླབས་ཞུས། དེ་ནས་སླར་རང་ཡུལ་དུ་ཕྱིར་ཕེབས་ཏེ་ཤར་རྫའི་རི་ཁྲོད་དུ་རྒྱུན་བཞུགས་ངོས་ཐོས་བསམ་ལ་གཞོལ་བར་མཛད།
དགུང་ལོ་ཉེར་གཅིག་ལ་ཕེབས་སྐབས་རྒྱལ་ཚབ་རིན་པོ་ཆེའི་མདུན་ནས་སྐྱབས་འགྲོ་ཉི་ཤུ་བ་དང༌། བྱང་སེམས་ལྔ་བཅུ་བ། ལྷ་གཉེན་ཤེལ་སྒོང༌། སྡོམ་གསུམ་རྣམ་འབྱེད་ལས་སོ་ཐར་དང་བྱང་སེམས་གཉིས་ཀྱི་ཁྲིད་བཅས་ལ་གསན་བསམ་ལེགས་པར་མཛད་དེ་ཤེས་བྱའི་གནས་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པར་གྱུར།
དགུང་གྲངས་ཉེར་གཉིས་སྐབས་དབལ་གསས་ཞི་དྲག་གི་བསྙེན་མཚམས་བཞུགས་ཏེ་རིམ་གཉིས་ཟབ་མོ་དང་འབྲེལ་བར་བཟླས་སྔགས་བསྙེན་ཆེན་རེ་བཏང་བར་མཛད།
དགུང་ལོ་ཉེར་གསུམ་བཞེས་ཐོག་ཀུན་གྲོལ་བླ་མས་གསང་བ་ཡེ་ཤེས་ཀྱི་བསྙེན་མཚམས་བཞུགས་དགོས་པའི་ལུང་བསྟན་བཞིན། བླ་མ་ཚེ་གཡང་མདུན་ནས་དབང་ལུང་ཞུས་ཏེ་བསྙེན་ཆེན་ཚད་ལྡན་ཞིག་བསྐྱལ་བ་དང༌། རྫོགས་ཆེན་སྐུ་གསུམ་རང་ཤར་དང་འབྲེལ་བར་རླུང་སེམས་ཟུང་འཇུག་གིས་གཏུམ་མོ་རྩ་རླུང་གི་གནད་རྣམས་ཞག་བརྒྱ་ལ་འབད་པ་ཆེད་བཞེས་མཛད།
དགུང་ལོ་ཉེར་བཞིའི་ཐོག་དབྲ་སྟོན་ཆེན་པོའི་སློབ་མ་ཤེས་རབ་ཚུལ་ཁྲིམས་མཆོག་གིས་བསྐུལ་མ་དང་འདོད་ཞུས་ངོར་རྒྱལ་ཚབ་རིན་པོ་ཆེ་ནས། ཁྲོ་བོ་སྤྱི་སྤུངས་སྐོར་གསུམ། ཡི་དམ་བཀའ་ཆེན་སྡེ་དགུ་སོགས་ཀྱི་དབང་ལུང་དང༌། རྫོགས་ཆེན་དབང་བཞི་དང༌། བདེར་གཤེགས་འདུས་པའི་དབང་བཞི་བཅས་ཚུལ་བཞིན་ནོས། དེ་སྐབས་འོད་གསལ་མུན་མཚམས་ཀྱི་ཉམས་ལེན་ལ་གཞོལ་ནས་ཞག་སྐོར་ཞེ་དགུ་ལ་སྒོ་གསུམ་བཅད་རྒྱའི་ངང་བཞུགས་པར་གནང༌།
དགུང་ལོ་ཉེར་ལྔ་ནས་སྨོན་རྒྱལ་དགོན་དུ་བྱོན་ནས་ལྷ་སྲས་རིན་པོ་ཆེའི་དགེ་རྒན་མཛད་ནས་བཞུགས་ཤིང༌། ཀུན་གྲོལ་བླ་མའི་ཞབས་ཕྱི་བྱས་ཏེ་དར་མདོ་སོགས་ལ་ཕེབས་པ་དང༌། སྐབས་ཤིག་ཏུ་མཁའ་འགྲོ་མཁའ་སྤྱོད་དབང་མོ་ཉག་རོང་དུ་བྱོན་པ་ལ་སྐྱེལ་མར་མཛད་དེ་བླ་མ་ཁོང་ཉིད་དེར་ཕེབས། ས་ནག་བསྐལ་ཁུགས་རི་ཁྲོད་དུ་ངེས་དོན་གྲུབ་པའི་དབང་ཕྱུག་བྱ་བཏང་གཏེར་ཆེན་ཚེ་དབང་འགྱུར་མེད་མཇལ། ཁོང་གི་ཟབ་གཏེར་བསམ་པ་ལྷུན་གྲུབ་ཀྱི་དབང་བཞི་དང་ཉམས་ལེན་སྐོར་གྱི་ཟབ་གདམས་ཇི་སྙེད་ཞུས། རིག་འཛིན་ཧཱུཾཿཆེན་བླ་མའི་མདུན་ནས་ཀུན་གྲོལ་ཐོས་གྲོལ་གྱི་དབང་ཆེན་རྒྱས་འབྲིང་བསྡུས་གསུམ་བཅས་ཁ་ཚང་དང་འབྲེལ་བའི་མཐའ་རྟེན་མན་ངག་བཅས་དང༌། མ་འོངས་པའི་ལུང་བསྟན་མང་དུ་གནང་བཞིན་བཀའ་མཆིད་གཟེངས་བསྟོད་དང་བཅས་པའི་བྱིན་རྟེན་དང་དར་དཀར་སོགས་གནང་སྦྱིན་བསྩལ་ནས་ཐུགས་སྲས་གཅིག་པུ་ལྟ་བུར་གྱུར།
དགུང་ལོ་ཉེར་བདུན་ནས་སྔར་བཞིན་རྒྱལ་ཚབ་རིན་པོ་ཆེའི་དྲུང་ནས་སྡེ་སྣོད་མཛོད་གཙོར་གྱུར་པའི་འཆད་ཁྲིད་ལ་གསན་བསམ་མཛད་དེ་གཟིགས་རྟོགས་རྒྱ་ཆེར་གྲུབ་པ་དང༌། ཞོར་དུ་རིག་པ་རྒྱུན་གྱི་ཉམས་ལེན་ལ་འབད་པ་ཚད་མེད་གནང༌།
དགུང་ལོ་ཉེར་བརྒྱད་ལ་ཕེབས་སྐབས་རྒྱལ་ཚབ་བློ་གྲོས་རྒྱ་མཚོ་ཉིད་དགོངས་པ་དབྱིངས་སུ་བསྡུས་སོ། །དེ་སྐབས་ཁོང་གིས་སྐུ་གདུང་སྲེག་སྦྱོང་དང་མཆོད་སྦྱིན་གྱི་ཚོགས་རྒྱ་ཆེར་བསགས་པ་ལ་གང་འཚམས་ཀྱི་བསྙེན་བཀུར་ལེགས་པར་བསྒྲུབས། དེའི་དུས་ཀུན་གྲོལ་བླ་མའི་མདུན་ནས་ཆོ་ག་བཅུ་གཉིས་ཀྱི་དབང་བསྐུར་རྒྱས་པ་ཐོབ།
དགུང་ལོ་ཉེར་དགུའི་ཐོག་ཧཱུཾཿཆེན་བླ་མས་སྨོན་རྒྱལ་དགོན་དུ་ཕེབས་གསུང་ངོར་བྱོན་ཏེ། སྟག་ལའི་མཆོད་རྟེན་ཞིག་བཞེངས་པ་དང་གུ་རུའི་བུམ་སྒྲུབ་འཚོགས་དགོས་པའི་བཀའ་བཀོད་བཞིན་ཁོང་གིས་ཐུགས་འགན་བཞེས་ཏེ་ཚོགས་བསགས་ཀྱི་འབུལ་སྦྱོར་རྒྱ་ཆེར་བཏང་བའི་སྒོ་ནས་ཚོགས་སྒྲུབ་དང་བཞེངས་པ་ཡོངས་སུ་གྲུབ་པར་མཛད།
དགུང་ལོ་སོ་གཅིག་སྐབས་ཧཱུཾཿཆེན་རིན་པོ་ཆེ་དར་རྩེ་མདོར་དགོངས་པ་ཞི་དབྱིངས་སུ་གཤེགས་ནས་སྐུ་གདུང་སྨོན་རྒྱལ་དགོན་དུ་གདན་དྲངས། དེའི་སྐབས་རྗེ་བླ་མ་ནས་ཀྱང་སྐུ་གདུང་ལ་ཞབས་འདེགས་ཆེད་ཞུའི་སྒོ་ནས་སྲི་ཞུ་མི་དམན་པར་བསྒྲུབས། ལོ་དེ་ནས་འབུམ་རྨད་དགོན་དུ་ཡི་དམ་དབལ་ཕུར་ནག་པོའི་སྒྲུབ་པ་མཛད་ནས་བསྙེན་ཆེན་ཞིག་བསྐྱལ།
དགུང་ལོ་སོ་གཉིས་ལ་ཕེབས་ཐོག་འབུམ་རྨད་དགོན་དུ་རྫ་བླ་ཚུལ་ཁྲིམས་དབང་རྒྱལ་གྱི་མདུན་ནས་རྒྱལ་བའི་བཀའ་རིན་པོ་ཆེའི་རྒྱབ་རྟེན་ལུང་རྒྱུན་ཡོངས་རྫོགས་དང༌། ཧཱུཾཿཆེན་རིན་པོ་ཆེའི་བཀའ་གཏེར་གྱི་ལུང་སོགས་མང་དུ་གསན་ཏོ། །
ཟབ་རྒུའི་གནད་བཀྲོལ་མཁས་གྲུབ་ཇི་སྙེད་ཀྱི། །
ཟབ་བརླིང་ཞབས་སེན་གུས་བརྒྱས་ལེགས་བསྟེན་ནས། །
ཟབ་རྒྱས་གསུང་གསང་བོན་ཀུན་གདམས་པའི་ཆར། །
ཟབ་ཞི་ཐུགས་ཀྱི་ཡོལ་གོར་བསྐྱིལ་ལགས་གྲང་། །
གཞུང་ཆེན་རྒྱ་མཚོ་མང་ཐོས་བརྒལ་བྱས་ཀྱང་། །
རྟོགས་པའི་ནོར་བུ་ཐབས་བརྒྱས་མ་བླངས་པར། །
གཏན་བདེའི་འདོད་རྒུ་འཇོ་བ་མེད་གཟིགས་ནས། །
སྒྲུབ་པའི་མ་ཎི་བཀུར་བ་དམ་པའི་གཤིས། །
བཞི་བ་བར་སྐབས་སུ་དུས་ལ་འཕོ་འགྱུར་བྱུང་ཚུལ།
དགུང་ལོ་སོ་བཞིའི་སྐབས་ནས་རིག་གསར་གྱི་འཕེལ་རིམ་དར་བས་མི་ལོ་དུ་མའི་རིང་ལ་དཀའ་སྡུག་གི་འཕྲང་ཆེན་བརྒྱུད་དེ་འཁོར་བའི་གྲོང་གསེབ་སོགས་སུ་འགྲིམས་དགོས་བྱུང་བས། བོན་ལ་རྒྱུན་ཆགས་སུ་ཉམས་ལེན་གྱི་གོ་སྐབས་ཕྲ་ན་ཡང༌། སྔར་ཇི་ལྟར་གསན་པའི་བོན་རྣམས་རས་སུ་མ་བོར་བར་དལ་ཁོམ་བྱུང་རིང་རྣམས་སུ་གདམས་ངག་དང་བསླབ་བྱ་ཀུན་ཉམས་འོག་ཏུ་ཚུད་པར་མཛད་པ་དང༌། ཁྱད་པར་དུ་རྗེ་བླ་མའི་ལུས་སེམས་ལ་གདུག་རྩུབ་དང་མནར་གཅོད་ཅི་ཙམ་བྱུང་ཡང་སྔར་བྱས་ཀྱི་འབྲས་བུ་རུ་རྟོགས་ཤིང༌། བཟོད་པའི་གོ་ཆ་བརྟན་པོ་ཉམས་སུ་བཞེས་ཤིང་ཀུན་ཕན་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་བརླན་པས་འཁོན་འཛིན་དང་ཐུགས་ཆད་གཏན་ནས་མཛད་མ་མྱོང་བར་མ་ཟད། དེ་སྐབས་དྲག་ལས་ཀྱིས་མནར་སྤྱོད་མ་བཟོད་པར་བླ་སྤྲུལ་ཁ་ཤས་ཆུར་ལྕེབས་པ་སོགས་རང་སྲོག་འདོར་བའི་ལས་ལ་ཞུགས་པ་ན། བླ་མ་ཁོང་གིས་འུ་ཅག་དེ་ལྟ་བུའི་ཚུལ་ནི་མི་འོས་ཏེ་མདོ་སྔགས་གང་གི་ལུགས་ལ་མི་མཐུན་ཞིང༌། ཁྱད་པར་གསང་སྔགས་ཐེག་པ་ཆེན་པོའི་སྒོར་ཞུགས་ཏེ་རང་ལུས་རྒྱལ་བའི་དཀྱིལ་འཁོར་གྱི་ངོ་བོར་གྲུབ་པའི་ལམ་ཁྱེར་ལམ་དུ་བསླངས་བའི་དམ་ཚིག་ལ་ཡང་འགལ་བར་གྱུར་པའི་ལས་ཚབས་ཆེན་ལ་ཞུགས་མི་རུང་ཞེས་ཕན་ཚུན་ཀུན་ལ་བཀའ་མཆིད་གནང་སྟེ་ཕན་འདྲོང་ཆེ་ངེས་བྱུང༌། འདུལ་ཁྲིམས་ནི་སྲོག་གི་ཕྱིར་ཡང་མི་བཏང་སྙམ་པའི་དམ་བཅའ་བརྟན་པོ་ཐུགས་ལ་བཅངས་ཏེ། ནམ་ཡང་ཐུགས་དམ་གྱི་གཙིགས་སུ་འཛིན་པས། དུས་རླུང་གི་བུ་ཡུག་གསེབ་ཏུ་བསླབ་པ་གསུམ་ལ་ཉེས་སྐྱོན་གྱི་རྡུལ་གྱིས་མ་གོས་པར་མེ་ཏོག་ཨུ་དུམ་ཝཱ་ར་ལྟར་ཀུན་ལས་ལྷག་པའི་ངོ་མཚར་གྱི་སྣང་བ་དུས་འདིར་གསལ་བར་གྱུར་ཏོ ། །
སྙིགས་དུས་བརླང་སྤྱོད་ཐུན་གསུམ་སྲིན་པོ་ཡིས། །
རྒྱལ་བསྟན་ཉིན་བྱེད་མིད་པའི་གཡུལ་སྦྱོར་གྱིས། །
མུན་འཐོམ་སྲིད་པའི་གནས་ལ་འཁྲས་བཅས་ནས། །
འཚོ་བའི་སྐལ་བ་བསིལ་ལྡན་ཞིང་ན་ལྷོང༌།།
དེ་ལྟ་ན་ཡང་གུར་ཀུམ་པད་མའི་འདབ། །
འདམ་གྱི་དྲི་མས་གོས་པ་མི་འགྱུར་བཞིན། །
བསླབ་གསུམ་གསེར་གྱི་རི་དབང་མ་སྒྲིབ་པར།།
ཕྱི་དར་བསྟན་པའི་རྒྱལ་མཚན་ཏོག་ཏུ་མཛེས། །
ལྔ་བ་བསྟན་པ་དང་འགྲོ་དོན་ཇི་ལྟར་བསྐྱངས་ཚུལ།
རིན་པོ་ཆེ་མཆོག་ཉིད་དགུང་ལོ་ང་ལྔ་ཙམ་ལ་སླེབས་པའི་སྐབས། དེ་ནས་སྲིད་ཇུས་བཟང་པོའི་འཕེལ་རིམ་དར་བར་བརྟེན་ཆོས་ལུགས་ཀྱི་སྒོ་ཡངས་པོར་ཕྱེ་བ་དང་བསྟུན་ནས་ལོ་ངོ་བཞི་ཙམ་གྱི་རིང་ལ་རིན་པོ་ཆེ་མཆོག་གིས་ཐུགས་འགན་གཙོར་བཞེས་ཐོག་འབུམ་རྨད་དགོན་གྱི་འདུ་ཁང་གི་བཀོད་པ་བསྐྱར་བཞེངས་དང༌། ནང་གི་བརྟེན་པ་ལྷ་ཚོགས་བཞེངས་པའི་ཐུགས་བཀོད་གནང་བ་བཞིན་བཞེངས་པ་ལེགས་འགྲུབ་བྱུང་ཞིང་འབག་སྐུའི་ནང་གི་ཡི་དམ་གང་ཡིན་གྱི་བསྙེན་པ་རྣམས་ཁོང་གིས་ཕྱག་བྲིས་གནང་བ་དང༌། རྗེ་ཉིད་ལ་ཤུགས་ནས་འབྱོར་བའི་དངོས་རྫས་སོགས་ཅི་ཙམ་བྱུང་བ་རྣམས་རང་གསོས་ཀྱི་ལྟོ་རུ་མ་སོང་བར་ཡོད་དོ་ཅོག་རྣམས་དགོན་གཞུང་ལ་ཕུལ་ནས། འབག་ཞལ་དང་འཆམ་གོས། ཐང་སྐུ་དང་རོལ་མོ་མཆོད་ཆ་སོགས་གང་ལེགས་སྒྲུབ་པ་དང༌། ཕྱོགས་བཞིར་མཆོད་རྟེན་བཞི་དང་དུང་འཁོར་བཅས་ཚོགས་བསགས་བསོད་ནམས་ཀྱི་ཞིང་དུ་བསྐྲུན་པར་གནང༌། དེ་ལྟར་དགོན་པའི་གནས་གཞི་ཚུགས་ཤིང་བཀོད་པ་རྣམས་གཞུང་བསྲང་པའི་ཐོག དགེ་འདུན་པ་རྣམས་ལ་དབང་ལུང་ཁྲིད་གསུམ་གྱི་རྒྱུན་སྤེལ་བ་དང༌། ལྷག་པར་དུ་འདུལ་བའི་གཞི་གསུམ་ཆོ་གའི་ལག་ལེན་ལྟར་དབྱར་གནས་ཀྱི་སྲོལ་བཟང་གསར་འཛུགས་ཀྱི་ཕྱག་ལེན་གནང་སྟེ་ཚོགས་དང་རྒྱུན་གྱི་ཀུན་སྤྱོད་རྣམས་ཀྱང་འདུལ་བའི་གཞུང་ལྟར་ལག་ལེན་ཐེབས་ངེས་སུ་མཛད། དེ་ནས་སྨོན་རྒྱལ་དགོན་དུ་འབག་སྐུ་བཞེངས་པའི་ནང་རྟེན་གཟུངས་གཞུག་རྣམས་རྗེ་ཉིད་ནས་ཕྱག་བསྟར་གྱི་བཀའ་དྲིན་བསྩལ། ཁྱུང་པོའི་ཡུལ་ནས་མཁན་པོ་ཉི་མ་ཚུལ་ཁྲིམས་རིན་པོ་ཆེ་མདོ་སྨད་དུ་ཆགས་ཕེབས་ཏེ་རྗེ་བླ་མ་ཉིད་ལ་ཤར་རྫའི་རི་ཁྲོད་དུ་བཞུགས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་ཆེས་ཆེར་སྤེལ་ནས་ཤར་རྫའི་བསྟན་པ་སོར་ཆུད་དང་རྒྱུན་འཛིན་དགོས་པའི་བསྐུལ་མ་མཛད།
བོད་ཤིང་བྱི་སྤྱི་ལོ ༡༩༨༤ ལོར་རྗེ་བླ་མ་མཆོག་དགུང་ལོ་ང་དགུ་ལ་ཕེབས། ཉི་མ་རིན་པོ་ཆེ་ཤར་རྫའི་གདན་སར་ཕེབས་པར་བརྟེན་ཕྱོགས་ཡོངས་ནས་སློབ་མ་གང་མང་ཞིག་འདུ་ཞིང་ཚོགས་པར་བྱུང༌། དེ་སྐབས་བླ་མ་ཉིད་ཀྱང་རི་ཁྲོད་དུ་བྱོན་ཏེ་སློབ་མ་བརྒྱ་ཕྲག་བཞི་ལྷག་ལ་སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཁྲིད་ཟབ་རྒྱས་ཤིག་གནང་བ་དང༌། སློབ་ཚོགས་བརྒྱ་ཕྲག་གཉིས་ལྷག་ཙམ་ལ་ཤར་རྫའི་གསུང་འབུམ་ཡོངས་རྫོགས་ཀྱི་ལུང་དང༌། དབལ་ཕུར་ནག་པོ། སྟག་ལ་མེ་འབར། ཞི་བ་གསེར་མིག་གཡུ་སྤྲས་བཅས་ཀྱི་ལུང་རྒྱུན་གནང་བའི་བཀའ་དྲིན་བསྩལ། མཁན་ཆེན་ཉི་མ་རིན་པོ་ཆེའི་དྲུང་ནས་དྲང་སྲོང་ཆིག་རྫོགས་ཀྱི་སྡོམ་པ་ཞུས་ནས་བསྙེན་པར་རྫོགས་ཏེ་མཚན་ལ་ཀུན་བཟང་རྒྱལ་མཚན་ཞེས་གསོལ། དེ་ནས་ཉི་མ་རིན་པོ་ཆེ་ནས་བཀའ་བཀོད་བཞིན་དགོན་ཁག་ཉེར་གཅིག་གི་འདུས་པ་གཙོ་བསྡུས་ནས་བཀུར་བསྟི་ཆེན་པོར་བཅས་ཤར་རྫ་རིན་པོ་ཆེའི་གསང་གསུམ་གཡུང་དྲུང་བོན་གྱི་ཁྲི་ལ་མངའ་གསོལ་ཏེ་བརྒྱུད་འཛིན་བསྟན་པའི་རྒྱལ་ཚབ་ཏུ་བསྐོ་བཞག་མཛད་བཞིན་བསྟན་པའི་ཁུར་ཆེན་ཕྲག་ཏུ་བཞེས། དེ་ནས་ཤར་རྫའི་སྒྲུབ་བརྒྱུད་ཀྱི་བསྟན་པ་གཞིར་བཞེངས་སུ་བསླངས་བའི་སླར་གཞི་ཚུགས་ཤིང༌། མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་མཛད་པ་རླབས་པོ་ཆེ་ལ་བརྟེན་ནས་སྒྲུབ་སྡེ་རྣམས་ལ་འཆད་ཁྲིད་དང་སྒོམ་སྒྲུབ་ཀྱིས་དུས་འདའ་བའི་ཞོར་དུ་ཁོང་ཉིད་ལ་འབྲེལ་འཇོག་གི་འབུལ་སྦྱོར་ཡོད་རྒུ་ཆུད་གཟོན་དུ་མ་བཏང་བར་སྤྱིའི་རྟེན་རྩར་གནང་ནས་ཤར་རྫའི་གསུང་འབུམ་གྱི་ཤིང་པར་ཉམས་ཞིག་ཏུ་སོང་བ་རྣམས་ཀྱང་བསྐྱར་བཞེངས་ཀྱི་དབུ་བཟུང༌།
སྤྱིར་དམ་པ་ཁོང་ཉིད་དགེ་སྦྱོར་དང་ཉམས་ལེན་ལ་ཐང་ལྷོད་མི་མཛད་ཀྱང༌། ལྷག་པར་དུ་རྒྱལ་ཚབ་ཀྱི་ཁྲི་ལ་ཞབས་སོར་བཀོད་ནས་བཟུང་དུས་དང་རྣམ་པ་ཀུན་ཏུ་མི་ངོ་དང་ཟས་ངོ་སོགས་དཀོར་ནག་རྙེད་ཚོལ་གྱི་རྗེས་སུ་མ་སོང་བར་རི་ཁྲོད་དུ་བཞུགས་ཏེ་སྒོ་གསུམ་བྱ་ཉུང་དང་འདོད་ཆུང་ཆོག་ཤེས་ཀྱི་མཛད་སྤྱོད་ལ་བརྟེན་ནས་བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་མཐར་ཐུག་པ་འོད་གསལ་གཉུག་མའི་རིག་པ་རྐྱང་དེད་སྒོ་ནས་ཐུན་བཞིའི་ཉམས་ལེན་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་བརྩོན་པར་མཛད་པ་དང༌། དེའི་ཞོར་དུ་ཀུན་མཁྱེན་ཤར་རྫ་པ་དང་རྒྱལ་ཚབ་བློ་གྲོས་རྒྱ་མཚོ་རྣམ་གཉིས་ཀྱི་རིང་ལུགས་རྣལ་མའི་བཞེད་སྲོལ་བཞིན། ལོ་དུས་ལྟར་རྟག་པར་གནས་པའི་སློབ་མ་རྣམས་ལ་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་འབྲེལ་བར་ཐུན་མོང་ཕྱིའི་སྔོན་འགྲོ་བློ་ལྡོག་རྣམ་པ་བཞི་ལ་ཐུན་དང་ཐུན་མཚམས་སྒོ་ནས་རྒྱུད་སྦྱོང་བྱ་བ་དང༌། ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་ཚུལ་ཚད་མེད་བཞིའི་ངང་ནས་སེམས་ཇི་ལྟར་བསྐྱེད་པའི་ཚུལ་དང༌། ཡི་གེ་བརྒྱ་པའི་ཁྲིད། ཚོགས་བསགས་མཎྜལ་དང་བླ་མའི་རྣལ་འབྱོར་བཅས་ཐུན་མིན་ནང་གི་སྔོན་འགྲོའི་ཁྲིད་རྣམས་སྔོན་དུ་བཏང་ནས། སྒོམ་རིམ་ཐར་ལམ་མྱུར་བགྲོད་ལྟར་སྒོམ་བཟླས་ཟུང་འབྲེལ་གྱི་འབུམ་དགུའི་དམིགས་ཁྲིད་དང་འཕོ་ཁྲིད་བཅས་གནང་བ་དང༌། དེ་ནས་དངོས་གཞི་སྐུ་གསུམ་རང་ཤར་དང་འབྲེལ་བར་མཚན་བཅས་ལ་སེམས་བཟུང་བ་ཨ་གཏད་སྐོར་དང་སེམས་དོན་རྩད་བཅད་སྒོ་ནས་ཞི་གནས་ལྷག་མཐོང་གི་དམར་ཁྲིད་བཅས་མཐར་འཁྱོལ་བར་མཛད་པ་དང༌། སློབ་མ་སོ་སོའི་འདོད་མོས་ལྟར་ཤར་རྫའི་གསུང་འབུམ་སྐོར་གྱི་འཆད་ཁྲིད་དང་སྨིན་གྲོལ་གྱི་དབང་ལུང་སོགས་ཅི་རིགས་སུ་གནང་བ་དང༌། དགུན་ངོར་ཨ་ཁྲིད་དང་སྙན་བརྒྱུད་གང་རུང་གི་རྩ་རླུང་དང་རིགས་དྲུག་རང་སྦྱོང་འོད་གསལ་མུན་མཚམས་ཐོད་རྒལ་སོགས་ཀྱི་ཁྲིད་ཟབ་རྒྱས་སུ་བསྩལ་བ་དང༌། ཕྱི་ནང་གསང་བའི་སྡོམ་པ་ཅི་རིགས་འབོགས་པ་དང༌། ཨ་དཀར་བུམ་སྒྲུབ་འཚོགས་པའི་མཐར་བཀའ་དབང་དང་བོན་འཆད་གནང་བ་རྣམས་ནི་ལོ་དུས་ལྟར་གྱི་གསུང་མི་ཟད་རྒྱན་གྱི་འཁོར་ལོ་བསྐོར་བའི་ཕྱག་སྲོལ་ཡིན་ཞིང༌། བླ་མ་ཚེ་གཡང་ནས་མཚན་བཅས་དགེ་བ་བཅད་མི་ཉན་ཞེས་ཞལ་གསུང་གནང་བཞིན་རྒྱུན་དུ་སྦྱིན་པ་རྣམ་བཞི་དང་རྒྱུན་སྤྱོད་ཁ་ཚང་སོགས་ཆག་མེད་མཛད་པ་སོགས་ནི་རྣམ་པ་ཀུན་ཏུ་རྒྱུན་ཆགས་སུ་ཉམས་སུ་བསྟར་བས་འོག་ནས་འདི་དག་ལོ་རེ་བཞིན་ཡང་བསྐྱར་གླེང་བའི་ངལ་བར་མི་བྱ་བས་ལོ་རེ་རེའི་ཁོངས་སུ་འདུ་བར་ཤེས་པར་བྱའོ། །
འདི་ནས་དེ་དག་རྣམས་མདོར་བསྡུས་ཏེ་དགུང་གྲངས་རེ་རེའི་སྐབས་ཀྱི་གཙོ་ཆེའི་མཛད་པ་འགའ་ཤས་འགོད་པར་བྱ་སྟེ།
དགུང་ལོ་དྲུག་ཅུ་ནས་སྔར་སྲོལ་བཟང་པོ་ཤུལ་འཛིན་གྱི་མཛད་པ་སོར་ཆུད་ཐོག་འདུས་པའི་ཉེ་གནས་ཡོངས་ལ་དབྱར་དགུན་གཉིས་ཀྱི་འཆད་ཉན་དང་སྒོམ་སྒྲུབ་ཀྱི་ཁྲིད་མ་ལུས་གཞུང་བསྲངས་པའི་ཁར། སྡོམ་གསུམ་རྩ་འགྲེལ་གཉིས་ཀྱི་ཟབ་ཁྲིད་དང་དྲང་སྲོང་གི་སྡོམ་པའང་གནང༌། སྟེང་ཆེན་དགོན་གྱི་ལྷ་ཆེན་ཉམས་གསོའི་ནང་གི་གཟུངས་གཞུག་རྣམས་ཁོང་གིས་ཕྱག་ལེན་བསྟར་བའི་བཀའ་དྲིན་བསྩལ། སྔར་རྒྱུན་བཞིན་ལོ་རེ་ལྟར་དུ་ཨ་དཀར་བུམ་སྒྲུབ་ཆེན་མོ་སླར་ཡང་འཚོགས་པའི་དབུ་བཟུང་སྟེ་ཞག་བདུན་ལ་སེར་སྐྱ་ཡོངས་རྫོགས་ཚོགས་པའི་མཇུག་ཏུ་བཀའ་དབང་བསྐུར་ཞིང་བོན་འཁོར་ཚིག་བཞིའི་སྒོ་ནས་བོན་འཆད་གནང༌།
དགུང་ལོ་རེ་གཅིག་སྐབས་ལོ་དུས་ཀྱི་ཁྲིད་རྒྱུན་རྣམས་སྤེལ་ཐོག་སློབ་མ་བཅོ་ལྔ་ཙམ་ལ་སྡེ་སྣོད་མཛོད་སྔ་དུམ་དང་ཕྱི་དུམ་གྱི་ཁྲིད་རྒྱས་པར་བརྩལ།
དགུང་གྲངས་རེ་གཉིས་ལ་ཕེབས་ཐོག་རི་ཁྲོད་དུ་ཁྱུང་སྲས་རིག་འཛིན་ཡོན་ཏན་རྣམ་རྒྱལ་དང༌། བླ་མ་སྐལ་བཟང་རྒྱ་མཚོ། འཇམ་དཔལ་རྡོ་རྗེ་སོགས་འདུས་པ་བརྒྱ་ཕྲག་ལྷག་ལ་བཀའ་འགྱུར་རིན་པོ་ཆེའི་ལུང་གི་བརྒྱུད་པ་རིག་གསར་རྗེས་ནས་ཐོག་མར་སྤེལ་བ་ཁོང་ཉིད་ཡིན་ཞིང། སློབ་མ་དེ་གསུམ་གྱིས་དེ་སྔར་ལུང་ཚར་ཁ་ཤས་རེ་གསུང་ཟིན་པས་མདོ་སྨད་དུ་ལུང་གིས་ཕྱུག་པར་གྱུར། དེ་ནས་རྗེ་ཉིད་ནས་གཙོ་འགན་བཞེས་ཏེ་མཛོད་ཆེན་རྣམ་ལྔ་སོགས་ལོ་ངོ་བཞི་ཙམ་ལ་ཤིང་པར་བརྐོས་པའི་མཐའ་ལེགས་པར་གྲུབ་ཏེ་འགྲོ་བའི་བསོད་ནམས་ཀྱི་ཞིང་ཁྱད་པར་ཅན་དུ་གྱུར། དགུང་ལོ་རེ་གསུམ་བཞེས་ཐོག་རྒྱུན་གྱི་འཆད་ཁྲིད་རྣམས་སྤེལ་ཞོར། སྡེ་དགེ་རྫོང་གི་དགོན་ཁག་ཡོངས་ཀྱི་བླ་སྤྲུལ་གཙོ་བསྡུས་བཅས་རྫོང་ཐོག་ཏུ་ཆོས་ལུགས་ཀྱི་ཚོགས་འདུའི་མཛད་སྒོའི་སྟེང་སྔ་ཕྱི་ལན་ལྔ་ཙམ་ཕེབས་པར་གནང༌། ད་ལན་ཡང་སྡེ་དགེ་རུ་དཀར་མཛེས་ཁུལ་གྱི་བླ་དཔོན་འབྲེལ་ཡོད་ཀྱི་ཚོགས་འདུའི་སྟེང་ལུང་རིགས་ཀྱི་མགྲིན་སྒོ་གཟེངས་སུ་བསྟོད་ནས་ལོ་རྒྱུས་དང་འབྲེལ་བའི་ཚོགས་བཤད་རྒྱ་ཆེར་གནང་སྟེ་ཀུན་གྱིས་འགྲན་པའི་ཟླ་དང་བྲལ་བར་གྱུར་ཏོ། །
དགུང་ལོ་རེ་བཞིའི་སྐབས་ཁྲོ་ཚང་དགོན་འདུས་སྡེ་ཡོངས་ཀྱིས་ཕེབས་ཞུས་ངོར་ཞབས་སོར་འཁོད་དེ། དགེ་འདུན་པ་ཡོངས་ལ་བཀའ་ལུང་རྒྱ་མཚོ་དང༌། ལྷ་གཉེན་ཤེལ་སྒོང༌། སྡོམ་གསུམ་རྣམ་འབྱེད་བཅས་ཀྱི་ཁྲིད་རྒྱུན་གནང་བའི་བཀའ་དྲིན་བསྐྱངས།
དགུང་ལོ་རེ་བརྒྱད་སྟེང་མཆོག་སྤྲུལ་ཨ་གཡུང་རིན་པོ་ཆེ་དང་ཚོང་དཔོན་བསོད་ནམས་དབང་རྒྱལ་རྣམ་གཉིས་ནས་རྒྱལ་ཡོངས་ཆོས་ལུགས་ལས་རིམ་ནས་རྫོང་གི་བར་ཤར་རྫའི་རི་ཁྲོད་དེ་བཤད་སྒྲུབ་སློབ་གླིང་གི་ཆོག་མཆན་ལེགས་པར་ཞུས། ཚོང་དཔོན་ནས་རི་ཁྲོད་ལ་འབྲི་བརྒྱ་ཐམ་པ་ཕུལ་ནས་ཞབས་འདེགས་ཞུས་ཐོག་རྗེ་བླ་མ་ཉིད་མཁན་སློབ་གཅིག་ཆོག་གི་ཐུགས་འགན་ཆེད་བཞེས་ཀྱིས་བསྟན་པ་ལ་གཅིག་ཏུ་ཕན་པའི་ཐུགས་བསྐྱེད་བཟང་པོ་བཅངས་ཏེ། བསྟན་དོན་ཁོ་ན་རུ་དགོངས་བཞེས་ཐོག་སྐུ་ངལ་སོགས་ལ་མི་འཛེམ་པར་སྔར་མུས་བཞིན་ཁྲིད་རྒྱུན་བསྐྱངས་བར་གནང༌། དེ་ནས་བླ་མའི་ཐུགས་འདུན་ལྟར་ཡེ་ཤེས་དགོན་པའི་བླ་མ་རྣམ་གཉིས་ནས་འཇིགས་མེད་དབང་ཕྱུག་ཉིད་ཁྲིད་སྐྱོར་དུ་བསྐོ་བཞག་མཛད།
དེ་སྐབས་རེབ་གོང་ནས་མཆོག་སྤྲུལ་མཁས་གྲུབ་བྱེ་བའི་གཙུག་རྒྱན་སྡེ་སྣོད་སྨྲ་བའི་དབང་པོ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ནས་བསྟོད་བསྔགས་ཀྱི་བཀའ་འཕྲིན་བྱུང་བ་འདི་ལྟར།
རིག་པ་དྲི་མེད་བོན་སྐུ་མ་གཡོས་པར།། བསྟན་པའི་སྙིང་པོ་སྤེལ་ཕྱིར་རང་རྩལ་ཤར།།
འཇིགས་མེད་སྨྲ་བའི་དབང་པོ་ཤར་རྫ་པ།། ཀུན་མཁྱེན་མངྒ་ཝེར་ཞིས་ཤིས་པ་སྩོལ།།
གང་གི་བསྟན་པ་འཛིན་སྐྱོང་སྤེལ་བའི་མཐུ ། ། སྟོབས་སུ་རྫོགས་པ་དོན་གྱི་དགེ་བའི་བཤེས། །
རྣམ་དག་ངུར་སྨྲིག་འཛིན་པའི་དམ་པ་མཆོག། རྒྱལ་ཚབ་ཞབས་པད་མི་འཇིགས་གདོང་ལྔའི་ཁྲིར། །
བོན་བསྟན་སྐྱོང་བའི་དགེ་སེམས་ལེགས་ན་ཡང་། ། རྒྱ་ཆེན་ཤེས་བྱའི་མཚོ་ལ་མ་ཕྱིན་པར། །
བོན་བརྒྱ་སྐྱེ་སྤྲུལ་མིང་ཙམ་སྒྲོ་བཏགས་པས། ། རྒྱ་ཆེར་འདྲིས་བཞིན་གཏམ་བཟང་མཆོད་པར་སྤྲོ། །
བསྟན་པའི་གསལ་བྱེད་ཉི་མ་རིན་པོ་ཆེས། ། གདན་སའི་ཁྲི་འཛིན་དམ་པར་མངའ་གསོལ་བ། །
ཀུན་གསལ་ལམ་ན་ལྷ་རྔའི་དབྱངས་ལས་སྒྲོགས། ། འཛིན་མར་སྐལ་བཟང་མདོངས་མཐའི་སྤྲོ་བ་འཕེལ། །
འཛམ་གླིང་འཛིན་མ་མཛེས་པའི་རྒྱན་གཅིག་པུ། ། ཤར་རྫ་གཡུང་དྲུང་ལྷུན་པོ་དཔལ་གྱི་རི། །
ད་དུང་དམ་པའི་ཞབས་ཀྱིས་བཟུང་ངོ་ཞེས།། ལག་སོར་མེ་ཏོག་སྙིང་གི་རྒྱན་དུ་བཀོད། །
རིང་མིན་གདན་ས་ཆེན་པོར་བོན་གྱི་སྒོ། ། སྒོ་བརྒྱར་ཕྱེས་ཏེ་སྐལ་བཟང་སློབ་མའི་ཚོགས།།
ཚོགས་ཀྱི་ཞིང་དུ་མངོན་སུམ་མཐོང་བའི་དཔལ། ། དཔལ་ལྡན་བླ་མའི་དྲིན་ལས་བྱུང་སྙམ་མོ། །
འདི་ན་ཕྱག་རྒྱ་དང་པོའི་དོན་མཐོང་ཡང་། ། གཉིས་པ་བདེ་བར་འཛིན་པའི་རྨོངས་བློ་འཁྲུལ། །
བཞི་བ་མ་མཐོང་བདག་ཏུ་འཛིན་པ་ཡིས། ། གསུམ་པའི་འབྲས་བུ་བསྐལ་བར་རིང་བས་སྐྱོ། །
འཚམས་ཞུ། གང་ཕྱིར་གདན་ས་སྐྱོང་བའི་ནུས་མཐུ་ཅན། ། སྟོབས་བཅུ་མངའ་བས་ཁྱེད་ལ་དབང་བསྐུར་ན། །
དུས་རྣམ་ཀུན་ཏུ་དམ་བཅའ་མི་འདོར་བར། །རྒྱལ་བ་གཉིས་པའི་རྗེས་འཇུག་ཁྱོད་ཀྱིས་སྐྱོངས། །
རྟོགས་གྲོལ་ལྡན་པའི་གདོང་ལྔ་ཡིས། །ལེགས་བཤད་ང་རོ་ཆེར་སྒྲོགས་ན། །
སོ་ལྡན་མཆེ་བ་རིང་ན་ཡང་། །སྙིང་ལ་འཇིགས་པའི་འཕྲུལ་འཁོར་སྟེར། །
རྟ་བདུན་ཞོན་པའི་ལེགས་བྲིས་གཞོན་ནུ་ཞིག །དྲུག་ཟུང་ཁྱིམ་ན་རེས་མོས་དབང་བསྒྱུར་ཏེ། །
འོད་ཞགས་མདའ་ལྟར་འཕང་ན་སྨག་རུམ་གྱི། །སྐྱེས་བུས་འགྲན་བཟོད་མོ་གཤམ་བུ་ཡི་སྤུན། །
ལུང་གི་ཡོན་ཏན་ཆུ་གཏེར་ལས་ཀྱང་ཟབ། །རྟོགས་པའི་ཆེ་བ་འཆི་མེད་ལམ་ལས་ཡངས། །
མཛད་འཕྲིན་བཟང་པོ་ཉི་མའི་འོད་ལྟར་གསལ། །དེ་ནི་བསྟན་པ་འཛིན་པའི་སྐྱེས་བུ་ལགས། །
ཟས་སྐལ་འཕྲོག་པ་ནོར་སྲུང་བུས་ཀྱང་ཤེས། །རང་མལ་སྲུང་བ་གཉིས་སྐྱེས་རྣམས་ཀྱང་མཁས། །
དེ་ཕྱིར་བླ་མའི་བཀའ་བཞིན་རང་གི་ཁྲིར།། སྐྱིལ་ཀྲུང་བསྣོལ་མའི་རྒྱ་དེ་ཞིག་མི་རུང་། །
བཀའ་བཞིན་སྒྲུབ་པའི་མཆོད་པ་ཕུལ་བ་ལ། །མདའ་ལྔས་མ་བཟོད་རྒོལ་བའི་ལས་བྱས་ན། །
བཟོད་པའི་གོ་ཆ་བསྟན་དོན་ལྷུར་བཞེས་ཏེ། །རྒྱལ་སྲས་དཔའ་བོའི་རུ་དར་ཕྱོར་ཞིག་ཀྱེ། །
གཡུང་དྲུང་བོན་གྱི ་བསྟན་དོན་ལ། །ཐུགས་ནང་གཤིན་པའི་བཀའ་མཆིད་ཀྱི། །
མ་ལ་ཡ་ཡི་ཙན་དན་དྲི། །ལྷོ་རླུང་ཕོ་ཉས་སྤྲོ་བར་མཛད། །
ཞུ་ཡིག་པུཎྚ་རི་ཀའི་འཁྲི་ཤིང་རྩེར།།དོན་བཟང་སྦྲང་རྩིའི་ལང་ཚོ་སྨིན་པ་ཅན། །
སྙན་ཚིག་བུང་བའི་གླུ་དབྱངས་ལེན་མཁས་པ། །བཤེས་གཉེན་ཁྱོད་ཐུགས་དགྱེས་པའི་མཆོད་པ་འབུལ། །
ཞེས་པའི་བཀའ་མཆིད་འབྱོར་ཞིང་རྒྱུན་བཞུགས་བྱེད་རིགས་རྣམས་ལ་སྡོམ་གསུམ་རྩ་འགྲེལ་གྱི་ཁྲིད་གནང་བའི་བཀའ་དྲིན་བསྩལ།
དགུང་ལོ་རེ་དགུ་ལ་ཕེབས་སྐབས་རྒྱུན་ཆགས་ཀྱི་འཆད་ཁྲིད་རྣམས་གཞུང་བསྲངས་བའི་ཐོག་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་ཤར་རྫའི་དབེན་ཁྲོད་དུ་ཞབས་ཟུང་བཀོད་དེ་བླ་མ་མཆོག་དང་མཇལ་འཕྲད་གནང༌། སློབ་མ་འགའ་ལ་མཁན་རིན་པོ་ཆེ་ནས་སྨན་རི་བའི་ཕྱག་ལེན་དང་འབྲེལ་བའི་སྒོ་ནས་སོ་ཐར་གྱི་སྡོམ་པ་གནང་ཞིང་བསླབ་སྟོན་དང་ཞལ་གདམས་ཅི་རིགས་གསུང༌། བླ་མ་མཆོག་ནས་ཉེ་གནས་རྣམས་ལ་སྡེ་སྣོད་མཛོད་མདོ་ཕྱོགས་ཀྱི་ཁྲིད་གནང༌།
དགུང་ལོ་དོན་གཅིག་བཞེས་ཐོག་ཁོང་གི་དགོངས་བཞེད་ལྟར་མཆོག་སྤྲུལ་ཨ་གཡུང་གཤེན་བསྟན་མཐའ་རྒྱས་འདུས་པ་ལྷན་རྒྱས་ནས་རི་ཁྲོད་དུ་གདན་འདྲེན་ཞུས་ཏེ་དབྱིངས་རིག་རིན་པོ་ཆེའི་མཛོད་ཀྱི་ཁྲིད་ལུང་དང༌། མ་རྒྱུད་ཐུགས་རྗེ་ཉི་མའི་དབང་བཞི། རིགས་ལྔ་བདེར་གཤེགས་འདུས་པའི་དབང་བཞི་བཅས་བསྐུར་གནང་མཛད། བླ་མ་ཉིད་ནས་ཀྱང་ཤར་རྫའི་གསུང་འབུམ་ཁ་ཚང་གི་ལུང་དང་ཀུན་གྲོལ་ཐོས་གྲོལ་གྱི་དབང་རྒྱས་འབྲིང་བསྡུས་གསུམ་དང་གནས་ཆོག་ནོར་བུའི་དོ་ཤལ་བཅས་ཀྱི་བཀའ་དབང་བཀའ་དྲིན་བསྐྱངས།
དགུང་གྲངས་དོན་གཉིས་ལ་ཕེབས་སྐབས་མཁས་དབང་ཚེ་རིང་ཐར་གཡུང་དྲུང་བོན་གྱི་དགོན་སྡེ་ཆེ་ཕྲ་ཡོངས་ལ་ཞིབ་འཇུག་ཆེད་དུ་རི་ཁྲོད་དུ་ཕེབས་ཏེ་ཁོང་རྣམ་གཉིས་དགོན་པ་དང་བསྟན་པའི་བྱུང་རིམ་སོགས་བགྲོ་གླེང་ཞིབ་རྒྱས་མཛད་ངོས་ཕན་ཚུན་ཐུགས་ནང་གཤིན་པོར་བྱུང༌། དེ་ནས་རྒྱུན་གྱི་འཆད་ཁྲིད་མཚམས་བཞག་སྟེ་ཡར་འབུམ་རྨད་དགོན་དུ་ཕེབས་ཏེ་གཅོད་རྒན་བསོད་ནམས་གཡུང་དྲུང་ཁོང་རྣམ་གཉིས་ཀྱིས་བླ་གྲྭ་འདུས་པ་ཡོངས་རྫོགས་ལ་ཀུན་བཟང་ཞི་བའི་དབང་དང༌། དབལ་གསས། ཁྲོ་བོ་གཙོ་མཆོག མགར་ཕུར། གེ་ཁོད་གསང་དྲག སྟག་ལ། དྲེའུ་དམར་མོ། སངས་རྒྱས་སྟོང་དབང༌། བདེར་གཤེགས་སྟོང་དབང༌། སྒྲིབ་སྦྱོང་མུན་སེལ། གཤེད་དམར། ཚེ་སྒྲུབ་བྱ་རི་མ། སྨྲ་སེང་ཚེ་སྒྲུབ། ཁྱུང་དམར། གུ་རུ་དྲག་དམར། སྒྲ་དབྱངས་རྒྱལ་མོ། སྐྱེ་སྒོ་གཅོད་པ། གཡང་སྒྲུབ་རྒྱ་ནག་མ། སྤྱི་འདུལ། ཀློང་རྒྱས། ཆོ་ག་བཅུ་གཉིས། ལྟུང་བཤགས་བཅས་ཀྱི་དབང་བསྐུར་རྒྱས་པར་གནང་སྟེ་བསྟན་འགྲོའི་གསོས་སུ་འགྱུར་བའི་བཀའ་དྲིན་བླ་ན་མེད་པ་བསྐྱངས།
དགུང་ལོ་དོན་གསུམ་སྐབས་རྒྱུན་སྐྱོང་གི་ཉམས་ལེན་དང་ཟབ་ཁྲིད་ཀྱི་ཞོར་དུ་ཕྱོགས་ཀྱི་སློབ་མ་འགའི་རེ་སྐོང་དུ་རྫོགས་ཆེན་དང་བདེ་འདུས་ཀྱི་བཀའ་དབང་བསྐུར། སྣང་ཞིག་སྐྱབས་མགོན་སྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་དང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་རྣམ་གཉིས་རི་ཁྲོད་དུ་ཕེབས་ཐོག་ཁོང་གཉིས་ཀྱི་བཀས་བསྐུལ་བཞིན་སྡེ་སྣོད་མཛོད་དང་གཏུམ་མོ་རྩ་རླུང་སྐོར་གྱི་ཁྲིད་ལུང་གནང༌། དེ་སྐབས་རྩེ་དྲུག་མཆོག་སྤྲུལ་ཐེག་མཆོག་འོད་གསལ་རྒྱལ་མཚན་བྱོན་ཏེ་ཕན་ཚུན་བཀའ་མོལ་གང་མང་གནང༌།
དགུང་ལོ་དོན་བཞིའི་སྟེང་འདུས་པའི་སློབ་ཚོགས་རྣམས་ལ་ལྷ་གཉེན་ཤེལ་སྒོང་གི་ཁྲིད་གནང་ཞིང༌། མཆོག་སྤྲུལ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་ཕེབས་ཏེ་ཕན་ཚུན་དགྱེས་པའི་མཇལ་འཕྲད་གནང་ཞིང་ཚུལ་ཆེན་རིན་པོ་ཆེ་ནས་དཔལ་ལྡན་ལྷ་མོའི་དབང་སོགས་གནང་བའི་བཀའ་དྲིན་བསྩལ།
དགུང་ལོ་དོན་ལྔའི་སྐབས་ལོ་དུས་ཀྱི་ཁྲིད་རྣམས་སྔར་མུས་སུ་སྤེལ་ཐོག་ཤར་རྫའི་ཞལ་གདམས་སྐོར་འཆད་ཁྲིད་གནང༌། དེ་མཚམས་མཛོད་དགེ་ནས་མཆོག་སྤྲུལ་མཁས་གྲུབ་དཔལ་བཟང་སོགས་གདན་སར་བྱོན་ཏེ་ཞལ་བསྐུལ་ངོར་བླ་སྤྲུལ་ཡོངས་ལ་ཤར་རྫའི་གསུང་འབུམ་གྱི་རྒྱབ་རྟེན་ལུང་གི་རྒྱུན་སྤེལ་བའི་མཛད་པ་བསྐྱངས།
དགུང་ལོ་དོན་དྲུག་ལ་ཕེབས་སྐབས་གཉུག་མར་གནས་པའི་སློབ་མ་ཡོངས་ལ་ཞིང་སྨོན་གསུམ་གྱི་རྩ་འགྲེལ། སྐྱབས་འགྲོ་ཉི་ཤུ་བའི་རྩ་འགྲེལ། བྱང་སེམས་ལྔ་བཅུ་བའི་རྩ་འགྲེལ། བྱང་སེམས་བརྒྱ་བའི་རྩ་འགྲེལ་བཅས་ཀྱི་དཔེ་ཁྲིད་གནང་མཐར་རྫོགས་ཆེན་དབང་བཞི་ཞིག་བསྐུར་ཏེ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་བ་འཇིགས་མེད་དབང་ཕྱུག་མཆོག་དབང་གི་རྒྱབ་ཐེབས་ཁྲི་ལ་མངའ་གསོལ་ཏེ་བསླབ་བྱ་དང་འབྲེལ་བའི་ཚོགས་བཤད་ཇི་སྙེད་གནང༌། སྣང་ཞིག་ནས་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་རིན་པོ་ཆེ་སྐུ་ཚབ་དང་བཅས་རི་ཁྲོད་དུ་འབྱོར་བའི་ཐུགས་བཞེད་ལྟར་དངོས་གཞི་སྐུ་གསུམ་རང་ཤར་སོགས་ཀྱི་ཁྲིད་ལུང་གནང༌། མཆོག་སྤྲུལ་ཚེ་དབང་གཡུང་དྲུང་གིས་སྨོན་རྒྱལ་དགོན་དུ་བཀའ་འགྱུར་རིན་པོ་ཆེའི་ལུང་གནང་བའི་མཐར་ཕྱིན་མཇུག་རྫོགས་སྐབས་བླ་མ་ཉིད་གདན་ཞུས་ངོར་ཞབས་སོར་བཀོད་དེ་བླ་སྤྲུལ་མཁན་གསུམ་དགེ་བཤེས་བཅས་འདུས་པ་ཀུན་ལ་འབུམ་དུམ་དྲུག་མའི་ལུང་གནང་ཞིང༌། དབང་བསྐུར་རྒྱས་པ་དང་འབྲེལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་བརྒྱུད་འཛིན་དགོས་པའི་བཀའ་སློབ་ཀྱང་བསྩལ།
དགུང་ལོ་དོན་བདུན་བཞེས་ཐོག་དགེ་སྦྱོར་ཉམས་ལེན་དང༌། དཔེ་ཁྲིད་སོགས་ཆག་མེད་དུ་གནང་ཞིང༌། སློབ་མ་རྣམས་ཀྱི་འདོད་ཞུས་ངོར་གཏམ་ཐོས་རིན་ཆེན་ཕྲེང་བའི་ཞལ་ཁྲིད་ཀྱི་མཛད་བཟང་བསྐྱངས།
དགུང་ལོ་དོན་བརྒྱད་ལ་ཕེབས་སྐབས་ཉག་རོང་ཡེ་ཤེས་དགོན་པའི་འདུ་ཁང་སོགས་ལེགས་འགྲུབ་བྱུང་ནས་རྟེན་དང་བརྟེན་པ་བཅས་ལ་རབ་གནས་མཛད་ཆེད་བླ་མ་འཕྲིན་ལས་ཀུན་ཁྱབ་དང་མཁན་ཨ་འཇིགས་རྣམ་གཉིས་ཆེད་གཏད་དུ་ཕེབས་བསུ་བྱུང་བའི་ནན་ཞུས་ངོར་ཉག་རོང་དུ་བྱོན་པར་གནང༌། དགོན་པའི་བླ་གྲྭ་ཡོངས་ནས་རོལ་མོ་དང༌། སེར་ཕྲེང་སོགས་ཀྱིས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་ཞབས་ཟུང་བཀོད། དེ་ནས་རིག་འཛིན་འདུས་པའི་སྒྲུབ་ཆེན་གྱི་དབུ་འཛིན་དུ་ཉིན་བདུན་ལ་བཞུགས་ཤིང༌། རབ་གནས་དང་ཞལ་གསོ་མཛད། དགེ་འདུན་པ་ཡོངས་རྫོགས་གསོ་སྦྱོར་དང་འབྲེལ་བར་གྲྭ་པ་ཁ་ཤས་ལ་གཙང་གཙུག་དང་དྲང་སྲོང་གི་སྡོམ་པ་གནང༌། སེར་སྐྱ་ཡོངས་རྫོགས་ལ་སྐལ་བཟང་སྟོང་དབང་དང་འབྲེལ་བར་དགེ་སྒྲུབ་སྡིག་སྤངས་ཀྱི་ཚོགས་བཤད་དང༌། བཀའ་འབྲེལ་གང་འོས་གནང་སྟེ་དགེ་བསྐུལ་ཆེན་པོ་བྱུང༌། དེ་ནས་གོང་རྒྱལ་དགོན་པའི་གདན་ཞུས་ལྟར་བྱོན་ཏེ་དགེ་འདུན་པ་རྣམས་དང་སྐྱེ་བོ་ཕོ་མོ་ཡོངས་ལ་དབང་བསྐུར་རྒྱས་པ་དང༌། སྔོན་འགྲོ་གནད་བསྡུས་དང་ལས་འབྲས་ཀྱི་ཚོགས་བཤད་ཅི་རིགས་གསུང༌། དེ་ནས་བླ་མ་དཀོན་མཆོག་བསྟན་འཛིན་ནས་ཕེབས་ཞུས་ངོར་རྒྱ་ཞིག་དགོན་དུ་བྱོན་ཏེ་སེར་སྐྱ་འདུས་པ་རྣམས་ལ་བཀའ་དབང་དང༌། སྐྱབས་འགྲོའི་སྡོམ་པ་གནང་ཞིང་སོ་སོའི་འདོད་པ་བསྐངས་བར་མཛད། དེ་ནས་མི་ནུབ་དགོན་པའི་འདུས་པ་སྤྱིའི་ཐུགས་འདུན་བཞིན་གདན་ཞུས་ལ་ཕེབས། དགེ་འདུན་རྣམས་གསོ་སྦྱོང་གིས་མཚོན་པའི་གཞི་གསུམ་ཆོ་ག་ལ་བརྟེན་ནས་དབྱར་གནས་ཀྱི་སྲོལ་རྒྱུན་ཕྱག་བསྟར་གནང་སྟེ་རྒྱུན་ཆགས་སུ་འཚོགས་པའི་གཞི་བཙུགས་པ་དང༌། སེར་སྐྱ་དུ་མ་འདུས་པ་རྣམས་ལ་སངས་རྒྱས་སྟོང་དབང་དང་ཆོ་ག་བཅུ་གཉིས་ཀྱི་བཀའ་དབང་དང༌། དགེ་སྡིག་གི་གནད་ཅི་རིགས་པའི་སྒོ་ནས་བསླབ་སྟོན་གནང་སྟེ་དགེ་བསྐུལ་མཛད་ཅིང༌། གསོན་གཤིན་ཡོངས་ལ་ཐུགས་བསྐྱེད་གནད་སྨིན་མཛད། དེ་ནས་བཞག་གསར་འགྲོ་མགོན་དགོན་གྱིས་རྒྱང་རིང་ནས་ཕེབས་ཞུས་ཀྱི་སྙན་བསྐུལ་བཞིན་མཁན་པོ་ཨ་འཇིགས་དང་མཁན་པོ་རིག་འཛིན་དབང་རྒྱལ་བཅས་ཕེབས་པར་གནང༌། དགོན་པའི་སེང་ཕྲེང་སོགས་བསུ་བ་རྒྱ་ཆེན་པོར་བཅས་ཀྱིས་ཚོགས་ཁང་དུ་གདན་འདྲེན་ཞུས། གྲྭ་ཚོགས་རྣམས་དང་གསོ་སྦྱོང་ཚོགས་ཏེ་འདུལ་བའི་བསླབ་སྟོན་གནང་བ་དང༌། གསས་ཁང་གཙོས་པའི་སྐུ་གསུང་ཐུགས་རྟེན་རྣམས་ལ་མངའ་དབུལ་རབ་གནས་དང་བྱིན་འབེབས་མཛད། དེར་འཚོགས་པའི་འདུས་པ་ཡོངས་ལ་སངས་རྒྱས་སྟོང་དབང་བསྐུར་ཞིང༌། བློ་ལྡོག་རྣམ་བཞི་དང་སྐྱབས་སེམས་སོགས་ཀྱི་བོན་འཆད་གང་མང་གནང༌། དེ་ལྟར་ཕེབས་པའི་བསྙེན་བཀུར་འབུལ་སྦྱོར་གྱིས་འབྲེལ་ཚད་རྣམས་མཐར་ཐུག་དོན་ལྡན་གྱི་ཐུགས་བསྐྱེད་བཟང་པོས་རྒྱུད་སྨིན་ཞིང་ཐར་པའི་ས་བོན་ཐེབས་པར་མཛད་པ་དང༌། འཕྲལ་ཡུན་ཀུན་ཏུ་བདེ་བའི་འབྱུང་གནས་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་ཐུགས་སྨོན་རྒྱ་ཆེར་མཛད། དེ་ནས་སླར་རང་གཞིས་རི་ཁྲོད་དུ་ཕེབས་ཏེ་སྔར་རྒྱུན་བཞིན་ཉེ་གནས་རྣམས་ལ་འཆད་ཁྲིད་དང་ཉམས་ཁྲིད་སོགས་མཐར་ཆགས་སུ་གནང་བར་མཛད། རྗེ་བླ་མ་ཉིད་ཀྱིས་སྔ་གཞུག་ཏུ་ཕྱག་འབུམ་ཕྲག་ལྔ་དང༌། ཡིག་བརྒྱ་བྱེ་བ་གཅིག་དང་འབུམ་ཐེར་གསུམ་གསུང་བགྲངས་སུ་གནང་བ་དང༌། དགུང་ལོ་འདི་ཙམ་ནས་སྦྱིན་པ་རྣམ་བཞི་ཙམ་མ་གཏོགས་ཁ་ཏོན་རྣམས་ཀྱང་ཡེ་མི་གསུང་ཞིང༌། བཤད་སྒྲུབ་སྒོམ་གསུམ་གྱི་ཁྲིད་ཕལ་ཆེ་རྣམས་ཀྱང་མཁན་པོ་ཨ་འཇིགས་ལ་བཀའ་བཅོལ་མཛད་དེ། རིན་པོ་ཆེ་མཆོག་ཉིད་སྤྱོད་ལམ་རྣམ་བཞི་གང་གི་སྐབས་སུ་ཡང་ཀུན་ཏུ་བཟང་པོའི་ཐུགས་རིག་ཟབ་མོ་དང་མི་འབྲལ་བར། དབྱིངས་རིག་ཟུང་འཇུག་གི་དགོངས་པ་འོད་གསལ་གཉུག་མའི་ཉམས་ལེན་ཁོ་ན་ལ་ཐུགས་ཉེ་བར་གཞོལ་ནས་བཞུགས་སོ།། །
དགུང་ལོ་དོན་དགུའི་སྐབས་ཁྱུང་པོའི་ཡུལ་ནས་ངེས་དོན་རྣལ་འབྱོར་པ་ཆེན་པོ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མདོ་སྨད་དུ་ཆིབས་བསྐྱོད་གནང་ཞིང༌། ཁྱད་པར་རི་ཁྲོད་དུ་ཞབས་སོར་འཁོད་དེ་ཁོང་གི་དགོངས་བཞེད་ལྟར་འཇའ་ལུས་ཡབ་སྲས་བླ་སྒྲུབ་ཀྱི་དབང་ལུང་གི་བཀའ་དྲིན་བསྐྱངས། ཤུགས་འབྱུང་གི་དངོས་རྫས་འབྲེལ་འཇོག་ཡོད་པ་རྣམས་དགོན་པ་སོ་སོའི་དབྱར་གནས་ཀྱི་རྟེན་དང༌། འདུ་ཁང་དང་དུང་འཁོར་སོགས་བཞེངས་པའི་རྟེན་རྩར་གནང་སྦྱིན་བསྩལ།
དགུང་ལོ་བརྒྱད་ཅུ་ལ་སླེབས་པའི་ཚེ། དེ་ཡང་ཀུན་མཁྱེན་ཤར་རྫ་པ་ནས་བཟུང་རི་ཁྲོད་དུ་ཕེབས་བཞུགས་ཀྱི་སློབ་མ་སུ་ཡིན་རུང་ཐོས་བསམ་སྒོམ་སྒྲུབ་གང་ལ་ཞུགས་འདོད་པ་དང༌། དུས་ཡུན་བཞུགས་གནས་ཀྱི་ལོ་གྲངས་སོགས་ནི་སློབ་མ་རང་རང་གི་འདོད་མོས་ལྟར་ཡིན་ཞིང༌། དབེན་གནས་འགྲིམས་པའི་དགེ་སྦྱོར་བ་རྣམས་གདམས་ངག་དང་བོན་གྱིས་འདུལ་བ་ལས་སྒྲིགས་ཀྱིས་གཅུན་པའི་བཞེད་སྲོལ་ཡེ་མེད་པས། དེ་བཞིན་བླ་མའི་ཐུགས་འདུན་ཡང་གཞན་མེད་མོད། འོན་ཀྱང་གྲུབ་ཆེན་རིན་པོ་ཆེ་གཙོས་པའི་ཐུགས་སློབ་འགས་སྙན་སྒྲོན་ཞུས་བཞིན། དུས་དང་མཐུན་པའི་སྒྲུབ་སྡེ་བསྐྱངས་པ་ལ་ལོ་ཟླ་ངེས་བཟུང་ཅན་དུ་བསྐྲུན་ན་ལེགས་པར་དགོངས་ཏེ། སློབ་མ་རྣམས་ལོ་ངོ་གསུམ་ལ་གཏན་ཁེལ་བཞུགས་དགོས་པའི་སྒྲིགས་བཀོད་མཛད་དེ། རྒྱུན་འཇགས་ཀྱི་སྒྲུབ་སྡེའི་སྲོལ་བཟང་བསྐྱངས་པ་ལ་ཐུགས་ཁུར་ཆེད་བཞེས་གནང༌། མི་ནུབ་དགོན་པའི་མཁན་རིག་འཛིན་དབང་རྒྱལ་ཤར་རྫའི་སྒྲུབ་གྲྭའི་ཁྲིད་སྐྱོར་དུ་བསྐོ་བཞག་མཛད།
དགུང་ལོ་གྱ་གཅིག་ལ་ཕེབས་སྐབས། བླ་མ་མཆོག་རྒྱུན་དུ་ནངས་ནུབ་ཀྱི་མེ་འབུད་དང་ཇ་སྐོལ་སོགས་ཀྱང་ཁོང་རང་གིས་མཛད་པར་མ་གཏོགས། དགེ་སྦྱོར་བ་གཡོག་ཏུ་བཀོལ་མི་རུང་གསུངས་ནས། སྐུ་འཁོར་དང་བཅས་པའི་ཆེར་རློམ་གྱི་ཚུལ་མེད་ཅིང༌། རྣལ་འབྱོར་གཅིག་བཞུགས་ཀྱིས་ན་བཟའ་དང་གསོལ་བཅུད་སོགས་ངན་ངོན་ཙམ་གྱི་ཆོག་ཤེས་ལ་སྔར་ནས་ཐུགས་འདྲེས་ཟབ་ཕྱིར། ལར་ཡང་དེ་བཞིན་གྱི་མཛད་པ་ལྷོད་མེད་ཐོག སྒོ་གསུམ་འཁྱེར་སོ་གསུམ་གྱི་ཉམས་ལེན་ཉིན་མཚན་ཁོར་ཡུག་ཏུ་འདྲེས་པའི་ཉམས་རྟོགས་ཀྱི་རྒྱུན་བསྐྱངས་ཏེ་བཞུགས།
དགུང་ལོ་གྱ་གཉིས་བཞེས་ཐོག་རིན་པོ་ཆེ་མཆོག་གི་སྐུའི་སྙུན་ཁམས་མི་བདེ་བའི་ཚུལ་བཞེས་པ་ལ། མཁན་པོ་ཨ་འཇིགས་དང་དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་སོགས་ཉེ་གནས་སློབ་མ་ཡོངས་ཀྱིས་ཐུགས་ཁུར་ཉེ་བར་བཞེས་ཤིང༌། མཁྱེན་གཟིགས་ཀྱི་དགོངས་པ་ཅན་བླ་མ་ཆེ་ཁག་རྣམས་ལ་དགོངས་བརྟག་ཕབ་ནས། བླ་མའི་ཞབས་བརྟན་ལ་བོན་སྐྱོང་སྲུང་མའི་བསྐང་གསོལ་དང་ཚོགས་མཆོད་འབུམ། བླ་མ་འཕྲིན་ལས་དབང་རྒྱལ་སོགས་ཀྱིས་དབལ་ཕུར་ནག་པོའི་སྒྲུབ་པ་ཞག་བདུན་ལ་མཛད་པ་དང༌། སྐུ་གླུད་ཆེན་མོ་བཅས་ནས་གླུད་ཡས་བརྫངས་པ་དང༌། བཀའ་འགྱུར་ཞལ་ཕྱེ་དང་ཁམས་ཆེན་དག་འདོན་སོགས་བར་ཆད་ཐམས་ཅད་ཞི་ཞིང་བསྟན་པ་དང་འགྲོ་བའི་མགོན་དུ་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་བ་དྲག་ཏུ་བཏབ་སྟེ་ཞབས་བརྟན་སྐུ་རིམ་ཕྱོགས་ལ་འབད་པ་གང་ཆེར་བགྱིས་པར་མ་ཟད། སྡེ་དགེ། ཉག་རོང༌། ལི་ཐང༌། འཇོ་མདའ། ཉག་ཆུ། རྒྱལ་རོང༌། ཆབ་མདོ་ལྷོ་རོང་སོགས་སུ་ཡོད་པའི་བོན་གྱི་དགོན་སྡེ་ཁག་གིས་དད་འདུན་ཟོལ་མེད་ཀྱི་ལྷག་བསམ་བཅངས་ཏེ་རིམ་གྲོ་ལ་སྒྲུབ་པ་ཅི་རིགས་མཛད་པ་དང༌། ཁྱད་པར་དུ་ནོར་ཟོག་སུམ་སྟོང་ལྷག་ཙམ་ཚེ་ཐར་བཏང་བ་དང༌། ཉ་འབུམ་ཕྲག་ལྔ་ཡན་བརྒལ་བའི་སྲོག་བསླུ་སོགས་ཀྱི་དགེ་བསྐུལ་རླབས་ཆེན་གནད་སྨིན་མཛད་པའི་མཐུ་དཔལ་དང༌། བདག་ཅག་གདུལ་བྱའི་བསོད་ནམས་ཀྱི་དུས་བཟང་མ་ཡོལ་བའི་དབང་གིས་སྐུ་མཆོག་ཉི་མའི་དཀྱིལ་འཁོར་ཕན་བདེ་སྟོང་གི་དཔྱིད་དཔལ་དུ་ལྷམ་མེར་བཞུགས་པར་གྱུར། དེ་འཕྲལ་ཡུལ་ཕྱོགས་ཉེ་རིང་ཀུན་ན་ཡོད་པའི་འབྲེལ་ཡོད་བླ་སྤྲུལ་མཁན་གསུམ་སོགས་སློབ་མ་ཁག་དང༌། དགོན་སྡེ་རྣམས་ཀྱི་དད་སྤྲོ་ཆེན་པོས་བླ་མའི་སྙུན་ཁམས་འདྲི་བ་ལ་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་བའི་རྒྱུ་འགྲུལ་མོད་པར་གྱུར། དེ་སྐབས་བླ་མ་ཉིད་གསལ་སྟོང་རིག་པའི་ཡེ་ཤེས་ཀྱི་དགོངས་པ་མངོན་དུ་བརྡོལ་བ་ལ་ཉེ་བར་ཕྱིན་པའི་དྲོད་རྟགས་སྤྱོད་ལམ་གང་ལའང་རྟོགས་པ་འབྱམས་ཀླས་སུ་སོང་བས། བླ་མའི་ཞལ་ནས་ཀུན་མཁྱེན་འཇའ་ལུས་ཡབ་སྲས་ཀྱི་ཐུགས་རྗེ་བྱིན་རླབས་ཀྱིས། ཉིན་ཐུང་བ་དང་མཚན་རིང་བའི་རྣམ་པ་ཅི་ཡང་མེད་པར་རིག་པ་དྭངས་ཤིང་བདེ་བ་འདུག་ཅེས་དངོས་སུ་གསུང་བ་ཐོས་སོ། ། སྡེ་སྣོད་སྨྲ་བའི་དབང་ཕྱུག་རིག་འཛིན་དབང་རྒྱལ་མཆོག་ཤར་རྫའི་སྒྲུབ་གྲྭའི་མཁན་པོར་བསྐོ་བཞག་མཛད་དེ་པད་ཞུ་བཅས་གནང་སྦྱིན་བསྩལ།
དགུང་ལོ་གྱ་གསུམ་བཞེས་པ་ས་ཕོ་བྱི་སྤྱི་ལོ ༢༠༠༨ ལོའི་ཟླ་བ་དང་པོའི་ཚེས་བཅོ་ལྔ་ལ་བླ་གྲྭ་འདུས་པ་གཉིས་བརྒྱ་ལྔ་བཅུ་ཙམ་ལ་ཟབ་མོ་རྫོགས་པ་ཆེན་པོའི་དབང་བཞི་ཉིན་གསུམ་ལ་བསྐུར་གནང་རྒྱས་པ་བསྩལ། ཟླ་བ་ལྔ་བའི་ནང་སྒྲུབ་གྲྭ་མཐར་ཕྱིན་པའི་སློབ་མ་རྣམས་དང་འདུས་པ་ལྷན་རྒྱས་ནས་ཐུགས་སྤྲོ་གཟབ་རྒྱས་འཚོགས་པའི་དགྱེས་སྟོན་ལ་ཕེབས་པ་དང༌། དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་དང་རྟོགས་ལྡན་ཤེས་རབ་མཐར་ཕྱིན་རྣམ་གཉིས་ལ་མཁན་པོའི་མཚན་རྟགས་གནང་བའི་མཛད་སྒོ་སྤེལ་ཏེ་བཤད་སྒྲུབ་སྒོམ་གསུམ་གྱི་སློབ་མ་བརྒྱ་དང་སུམ་ཅུ་ཙམ་བཞུགས་པ་རྣམས་ལ་བོན་བསྟན་ཇི་ལྟར་འཛིན་དགོས་པའི་གདམས་ངག་དང་འབྲེལ་བའི་བསླབ་སྟོན་ཇི་སྙེད་གནང༌། དེ་ནས་སླར་སློབ་མ་གསར་ཞུགས་བྱེད་རིགས་རྣམས་སྒྲུབ་སྡེའི་གྲལ་དུ་ཞུགས་པ་ལ་ཐུགས་དགོངས་དགྱེས་བཞེད་ངང་ཤིས་སྨོན་གནང༌། རིན་པོ་ཆེ་མཆོག་དུས་རྟག་ཏུ་རིག་སྟོང་རྗེན་པའི་ངོ་བོ་ཉིན་མཚན་ཁོར་ཡུག་བརྡལ་བའི་ཚུལ་དུ་ཡེངས་མེད་ཀྱི་ཐུགས་དམ་ངང་དུ་གློད་བཞིན་བསྟན་པ་དང་འགྲོ་བའི་མགོན་དུ་བཞུགས་པའོ། །དེ་ཡང་བླ་མའི་ཞལ་ནས་སྤྱིར་བསྟན་པ་འཛིན་པ་ལའང་སྐུ་གསུང་ཐུགས་ཀྱི་རྟེན་སྲིད་ཞིའི་འབྱོར་བས་མི་མཚོན་པའི་འཛམ་གླིང་གི་རྒྱན་ལྟ་བུར་བཞེངས་པ་དང༌། བསྐྱེད་རྫོགས་སོགས་ཀྱི་གོ་དོན་ཙམ་ཡང་མི་ངེས་ཀྱང་བླུན་སྒོམ་གྱིས་ཕུག་པ་སོགས་ལ་ཞུགས་ཏེ་ལོ་ཟླ་དུ་མར་བཅད་རྒྱའི་ངང་བསྙེན་མཚམས་ཀྱི་གཉུག་བསྲིངས་པ་དང༌། སེམས་དོན་ལ་མཉམ་པ་ཙམ་ཡང་མི་འཇོག་པར་བོན་བཤད་ཀྱིས་འཁོར་ལོ་བསྐོར་བ་རྣམས་ནི་ཀུན་མཁྱེན་ཤར་རྫ་པའི་བསྟན་པའི་རིང་ལུགས་མ་ཡིན་པ་ཤེས་དགོས་ཤིང༌། དེའི་བསྟན་པ་བཤད་སྒྲུབ་སྒོམ་གསུམ་ཟུང་དུ་འཇུག་པའི་བཀའ་སྲོལ་བཟང་པོ་རྣམས་ཡིན་ལ། དེ་ཡང་བཤད་གྲྭ་ཞེས་པ་མཚན་ཉིད་པས་ཐལ་སྒྲ་རྡེབ་པ་ཁོ་ནར་ངོས་འཛིན་མི་རུང་སྟེ་རྗེ་མཉམ་མེད་བླ་མའི་རིང་ལུགས་རྣལ་མའི་བཤད་གྲྭ་བོན་འཆད་ཉན་བྱས་པར་གོ་ལ། དེ་ཕྱིར་ཤར་རྫ་པའི་རིང་ལུགས་ཀྱང་དེ་ལས་མ་འདས་པས་ན་འདི་རྣམས་འཁྲུལ་ཚབས་ཆེན་བའི་གནས་སུ་འདུག་པས་སེམས་དཀྱིལ་གྱི་སྙིང་ནོར་དུ་བཅང་དགོས་ཞེས་ནན་གྱིས་གསུངས་སོ། །
འཇའ་ལུས་ཡབ་སྲས་དགོངས་བཞེད་རྣལ་མའི་སྲོལ། །
སྤང་ཀློག་ཟུང་འཇུག་སྒྲུབ་སྡེ་བསྐྱངས་པ་ཡི།།
བཤད་སྒྲུབ་འཕྲིན་ལས་སཱ་ལའི་ཕོ་ཉ་མོས། །
སྐལ་ལྡན་བུང་ཚོགས་གནས་གསུམ་ཚལ་དུ་དྲངས།།
དམ་པའི་གཤེགས་ཤུལ་དབེན་གསུམ་འཛོམས་པའི་རིར། །
གསང་གསུམ་མཛད་འཕྲིན་སྟོང་གིས་འགྲོ་རྣམས་ལ། །
འཕྲལ་ཡུན་ཕན་བདེ་བསྐྱེད་པའི་ཁུར་འཆང་ཞིང་། །
རྒྱལ་བསྟན་ཀ་ཆེན་ཀུན་གསལ་ཀློང་ལ་བསྲིངས། །
དྲུག་པ་ཐུགས་དགོངས་བོན་ཉིད་དབྱིངས་སུ་ཐིམ་ཚུལ།
རིན་པོ་ཆེ་ཁོང་ཉིད་དགུང་གྲངས་གྱ་བཞི་བཞེས་པ་ས་མོ་གླང་གི་ལོ། སྤྱི་ལོ༢༠༠༩ལོའི་ཟླ་༦དྲུག་པའི་༧ཉིན་སྐུའི་གཟི་མདངས་སྔར་ལྟར་ལས་འཕོ་འགྱུར་ཅི་ཡང་མེད་པར་ཁམས་དྭངས་པའི་ངང་ནས། ཟུག་གཟེར་གྱི་རྣམ་པ་མེད་པ་ཤུལ་བཞག་གི་ནོར་རྫས་མེད་པ་འཁྲེང་ཞེན་གྱི་ཞལ་ཆེམ་མེད་པར་རྣལ་འབྱོར་པ་ཡང་རབ་ཀྱི་དགོངས་པ་འཕོ་བའི་ངང་ཚུལ་བཞིན། དགོངས་པ་བོན་ཉིད་ཟད་སར་ཕྱིན་པའི་ཐུན་མོང་མ་ཡིན་པའི་ཡ་མཚན་གྱི་ལྟོས་བཟང་མངོན་པ་དང་། ལྷག་པར་དུ་བདག་ཅག་གི་འདྲེན་པ་མཉམ་མེད་གཤེན་རབ་མི་བོ་སྐུ་མི་རྟག་མྱ་ངན་འདའ་ཚུལ་བཞིན་སེང་གེའི་ཉལ་སྟབས་ཀྱི་ཆ་ལུགས་བཅའ་སྟེ་འགགས་མེད་ལྷུན་གྲུབ་ཀྱི་བཀོད་པ་ཐམས་ཅད་ནང་དབྱིངས་ཀ་དག་བུམ་སྐུའི་ཀློང་དུ་བསྡུས་སོ། །
དེ་ནས་གསང་རྒྱ་བྱས་ཏེ་སྐུ་གདུང་སྒུལ་སྐྱོད་མ་བྱས་པར་ཞག་གསུམ་ལ་དེ་གའི་ངང་བཞག་པ་དང་། དེ་ནས་གཟིམས་ཤག་སྒོ་ཕྱེས་ཏེ་ཐུགས་དམ་བཀྲོལ་ནས་ཉིན་བདུན་ལ་ཕྱོགས་ཀུན་ནས་ཡོང་བའི་དད་ལྡན་ཡོངས་ལ་མཇལ་ཁ་གནང་ཞིང་། འདུས་སྡེ་ཡོངས་ཀྱིས་མ་རྒྱུད། རིགས་ལྔ་བདེར་གཤེགས་འདུས་པ། རྫོགས་ཆེན་སྐུ་གསུམ་རང་ཤར། ཚེ་དབང་བོད་ཡུལ་མ། བླ་སྒྲུབ་སོགས་ཀྱི་ཚོགས་མཆོད་དང་བྱིན་འབེབས་ཀྱིས་མཚོན་པའི་ཆོ་ག་ཅི་རིགས་ཀྱི་གཞུང་བསྲངས་ཏེ་དགེ་རྫོངས་དང་བསྙེན་བཀུར་རྒྱ་ཆེར་ཞུས། དེ་ཚེ་སྐུ་གདུང་རིན་པོ་ཆེ་ལྡབ་འགྱུར་ཞིག་ཇེ་ཆུང་དུ་སོང་བས་ཀུན་གྱི་དད་པའི་སྣང་བ་ཆེ་ཆེར་རྒྱས་པར་གྱུར། རིན་པོ་ཆེའི་སྐུ་གདུང་ལ་མཆོད་མཇལ་དང་བྱིན་རླབས་ཞུ་བར་ཕེབས་པའི་སྤྲུལ་སྐུ་དང་བླ་མ། མཁན་པོ། དགེ་བཤེས་སོགས་དབུ་བཞུགས་འོག དགོན་ཁག་ལྔ་བཅུ་ལྷག་ནས་བྱུང་བའི་སེམས་དཔའ་འདུས་སྡེ་བརྒྱ་ཕྲག་གསུམ་ལྷག་གིས་སྦྱིན་བསྲེགས་ཀྱི་ཆོ་ག་རྒྱས་སྤྲོས་དང་། མཆོད་སྦྱིན་རྒྱ་ཆེར་བཅས་རྗེ་ཤར་རྫ་བ་འཇའ་ལུས་གྲུབ་ཤུལ་རབ་ཞི་འོད་གསལ་ཐང་དུ་སྐུ་གདུང་ཞུགས་ལ་ཕུལ། དེ་མཚུངས་སུ་མདོ་དབུས་ཁམས་གསུམ་གྱི་བོན་གྱི་དགོན་སྡེ་ཁག་དང་ཁོང་གི་སློབ་མ་རྣམས་ཀྱིས་དད་པའི་རྟེན་དུ་སྐུ་གདུང་མཆོད་རྟེན་ཞིག་བཞེངས་པའི་རེ་འདུན་དང་། མ་བསླང་དད་མོས་ཀྱིས་ཕུལ་བའི་འབྱོར་ཡོན་ལ་བརྟེན་ནས་གསེར་དངུལ་ལས་གྲུབ་པའི་གཡུང་དྲུང་བཀོད་ལེགས་མཆོད་རྟེན་ཞིག་བཞེངས་ཏེ་རི་ཁྲོད་དུ་བཞུགས་སུ་གསོལ། དེ་ནས་རི་ཁྲོད་དུ་ལོ་དུས་ལྟར་འདས་མཆོད་ལ་རིགས་ལྔ་བདེར་གཤེགས་འདུས་པའི་ཚོགས་མཆོད་ཉིན་གཉིས་ལ་འབུལ་བའི་ཕྱག་སྲོལ་སྤེལ་བ་དང་། ཁོང་ཉིད་ཀྱི་ཞལ་སྲོལ་རྣམ་དག་བཞིན་སྒྲུབ་སྡེའི་བསྟན་པའི་རིང་ལུགས་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་ལ་བརྟེན་ནས་ཞྭ་དཀར་བོན་གྱི་བསྟན་པ་ལ་སྲི་ཞུ་གང་ཆེར་བགྱིད་བཞིན་པ་ལགས་སོ། །
རྒྱལ་བསྟན་འཛིན་པའི་ཐབས་ལ་སྣ་ཚོགས་ཀྱང་། །
ཀློག་པ་ཐོས་བསམ་སྤོང་པ་བསམ་གཏན་གྱི། །
ཉམས་ལེན་ཕྱག་རྒྱ་གཅིག་ཏུ་བཟླུམས་པ་ཡི། །
རྒྱལ་སྲས་སྤྱོད་པ་བསྟན་པའི་སྙིང་བོར་གྲུབ། །
གཉུག་མའི་བློ་འདས་ལྟ་བར་ལ་བཟླ་བས། །
བོན་ཟད་སྣང་བ་བརྙེས་པའི་ལྟས་མཚན་བཅས། །
ཕྱི་གསལ་བཀོད་པ་གཞི་དབྱིངས་ཀློང་ཆེན་པོར། །
བསྡུས་པའི་ཚུལ་འདི་འགྲོ་ལ་སུན་འབྱིན་ཙམ། །
བདུན་པ་རྗེས་སུ་དོན་གྱི་མདོ་བསྡུ་བ་ནི།
སྐྱབས་རྗེ་རིན་པོ་ཆེ་བླ་མ་འདི་ཉིད་སྙིགས་མའི་དུས་འདིར་བསམ་བཞིན་དུ་སྐྱེ་བ་མི་རུ་བཞེས་ཏེ། བསྟན་པ་དང་འགྲོ་བའི་དོན་དུ་རྒྱལ་སྲས་གཡུང་དྲུང་སེམས་དཔའི་མཛད་པ་རླབས་པོ་ཆེ་བསྐྱངས་པ་སྟེ། དེ་ཡང་སྐུ་སྐྱེ་བ་མ་བལྟམས་སྔ་རོལ་ནས་རིག་འཛིན་ཧཱུཾཿཆེན་བླ་མས་མཚན་གྱི་ཅོད་པན་གསོལ་ཞིང༌། སྐུ་ཆུང་དུས་ནས་གྲུབ་བརྙེས་བླ་མ་ཡོངས་ཀྱིས་ཐུགས་སྲས་གཅིག་པུ་ལྟར་གཙིགས་སུ་འཛིན་ནས་ཐུགས་བརྩེ་བས་བཟུང་སྟེ། ཕྱི་ནང་གི་སྔོན་འགྲོ་ནས་བཟུང་སྒྲུབ་སྡེའི་ཉམས་ལེན་མཐའ་དག་དཔྱིས་ཕྱིན་པར་མཛད་ཅིང༌། སྡེ་སྣོད་གཞུང་ལུགས་ཀུན་ལ་གུས་རྟག་བརྩོན་པ་ཟུང་གིས་ཐོས་བསམ་སྦྱངས་ཏེ་ཐུགས་རྒྱུད་བོན་དང་གཅིག་འདྲེས་ཀྱིས་ཀུན་སྤྱོད་དང་དགོངས་པ་མཐོན་པོར་གཤེགས། སྐབས་སུ་ཇི་ལྟར་དུས་ངན་འཕོ་འགྱུར་གྱི་སྤྲིན་ནག་རྒོད་ཀྱང་བསླབ་གསུམ་ཉི་མའི་གཟི་འོད་མ་སྒྲིབ་པར། གངས་ཅན་བསྟན་པའི་མཁའ་རུ་ངོ་མཚར་གསེར་གྱི་རང་མདངས་ལྷམ་མེར་གསལ་ཞིང༌། མདོ་སྨད་འདུལ་བའི་པད་ཚལ་གྱི་སྲོག་འཚོ་རིང་དུ་བསྲིངས་པའི་གཞི་རུ་བརླིང་བ་དང༌། སྙིགས་དུས་ཀྱི་འཇའ་ལུས་པ་ཆེན་པོ་ཀུན་མཁྱེན་ཤར་རྫ་པའི་རྒྱལ་ཚབ་ཀྱི་ཁྲིར་ཞབས་ཟུང་འཁོད་དེ། ཀློག་པ་ཐོས་བསམ་དང་སྤོང་པ་བསམ་གཏན་ཟུང་དུ་འཇུག་པའི་སྒྲུབ་བརྒྱུད་ཀྱི་བསྟན་པའི་མེ་ཆེན་སྤར་ནས་སློབ་ཚོགས་བརྒྱ་ཕྲག་དུ་མ་བསྐྱངས་པ་སྟེ། ཕྱི་བསླབ་པ་གསུམ་གྱི་སྒོ་རུ་བཅུག་པ་དང་གཞན་ཕན་བྱང་ཆུབ་སེམས་ལ་ཐུགས་འབྱོངས་པར་བྱ་བ་དང༌། ནང་གཞི་དྲུག་དང་ཐབས་དྲུག་གི་སྒོ་ནས་རིམ་གཉིས་བསྐྱེད་རྫོགས་ཟབ་མོའི་གསང་དོན་རྣམས་དམར་ཁྲིད་དུ་གནང་བ་དང༌། གསང་བ་ཐེག་པ་ཀུན་གྱི་ཡང་རྩེ་ངེས་གསང་རྫོགས་པ་ཆེན་པོའི་ཉམས་ལེན་ལ་འབད་པར་བཅོལ་ཏེ་གོང་མའི་ཉམས་འོག་ཏུ་ཚུད་པར་མཛད་ནས་སྒྲུབ་པ་ཉམས་སུ་ལེན་པའི་སློབ་མ་དུ་མ་བསྐྱེད་བསྲིང་མཛད། ཁྱད་པར་དུ་དབེན་ཁྲོད་དུ་བསྟུད་མར་བཞུགས་ཏེ་ཐོས་བསམ་གྱི་དོན་འབྲས་རྣམས་བཤད་ཆོས་ཁོ་ན་རུ་མ་སོང་བར། དུས་རྟག་ཏུ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་བརྟེན་ནས་ཐུན་བཞིའི་ཉམས་ལེན་ལ་གཞོལ་བར་མ་གཏོགས་རྟེན་བཞེངས་ཀྱི་སླད་དུའང་ཡུལ་གང་སར་ཕེབས་པ་མི་གནང་བའི་སྒོ་ནས་ལྔ་བརྒྱའི་དུས་འདིར་དབེན་གནས་རི་ཁྲོད་ཀྱི་སྲོལ་བཟུང་ཞིང་ཀུན་སྤངས་བྱ་བྲལ་གྱི་མཛད་སྣང་བསྐྱངས་པའི་རྣལ་འབྱོར་པ་འདི་ཉིད་གཅིག་པུ་ལྟ་བུར་གྱུར་ཡོད་པ་དང༌། ལྷག་པར་དུ་དགུང་ལོ་ང་དགུ་ནས་ད་ལྟའི་བར་དུ་རྒྱུན་གནས་སློབ་མ་རྣམས་ལ་འཆད་ཉན་སྒོམ་སྒྲུབ་ཀྱི་མཛད་པ་རྣམས་ནི་རྟག་པ་རྒྱུན་གྱི་འཁོར་ལོ་སྟེ། སོང་ནས་ལྷམ་མཐིལ་རྡོལ་བ་ལས་བསྡད་ནས་སྟན་ཟད་པ་དགའ་ཞེས་པའི་སྔོན་བྱོན་རྣལ་འབྱོར་པ་གོམས་མྱོང་རྟོགས་པ་ཅན་གྱིས་རྗེས་འཇུག་ལ་གདམས་པའི་བཀའ་མཆིད་རྣལ་མའི་རྗེས་སུ་གཞོལ་ཏེ་རིན་པོ་ཆེ་མཆོག་ཉིད་ལའང་བཞུགས་པའི་ལོ་རྒྱུས་མ་གཏོགས་བླ་མ་གཞན་པ་ལྟར་ཕྱོགས་ཀུན་ཏུ་ཕེབས་པའི་རྣམ་ཐར་ཡེ་མི་མངའ་བར་མ་ཟད། ལོ་རེ་བཞིན་གྱི་རྒྱུན་སྤྱོད་ཀྱི་མཛད་པ་རྣམས་ཀྱང་མདོར་བསྡུས་སུ་བཀོད་ཡོད་པས་འདིར་རྣམ་ཐར་ཆེ་ལོང་ཙམ་ལས་འཁོད་མེད་པ་དང༌། ཁྱད་པར་དུ་ཁོང་ཉིད་ཆེ་ཚུལ་དང་རློམ་སྤྱོད་མི་མཛད་པའི་རྐྱེན་གྱིས་མཛད་སྤྱོད་ཀྱི་རྣམ་བཞག་ཡོངས་ལ་ཟིན་ཐོ་བྲི་བ་མ་གནང་བས་ཤིན་ཏུ་གཞལ་དཀའ་བའི་གནས་སུ་འདུག དེ་ཕྱིར་རྗེ་བླ་མའི་རྣམ་ཐར་འདི་ཙམ་དུ་ཟད་པར་མི་སེམས་ཏེ་ཁྱད་པར་གྱི་རྣམ་ཐར་ནི་ངེས་དོན་རྣལ་འབྱོར་པའི་ནང་གི་ཉམས་རྟོགས་ཀྱི་དགོངས་པ་རྣམས་ཡིན་ལ། དེ་དག་ལྐོག་གྱུར་གྱི་གནས་ཡིན་ཕྱིར་དམ་པའི་ཡོན་ཏན་རྣམས་ཚུར་མཐོང་རིག་པས་དཔག་ནུས་པ་མ་ཡིན་ཞིང༌། བླ་མའི་དྲུང་དུ་ཞིབ་གཏུགས་ཀྱིས་ཡང་ཡང་དུ་ནན་འདྲིའི་སྤོབས་པ་ཡང་ཞན་སྟབས་འདིར་འཁོད་མིན་ཅི་རིགས་བྱུང་ཡང་འདིས་ཀྱང་ངོ་སྤྲོད་ཙམ་དུ་འཐུས་ལ། དེ་ལས་རེ་ཞིག་རྒྱས་པར་མ་སྤྲོས་པར་མཇུག་གྲུབ་པར་བགྱིས་པ་ཡིན་ནོ་ཞེས་ངེས་པར་བྱའོ། །
རྒྱལ་རྣམས་ཡེ་ཤེས་གདུགས་དཀར་འཁྱིར་བའི་འགྲམ། །
ཞི་བའི་ངལ་གསོ་བསྙེགས་ཀྱང་གདུལ་དཀའི་འགྲོ། །
རྗེས་བརྩེའི་ཕྱག་རྒྱས་འཁྱུད་པ་མི་ལྷོད་ཕྱིར། །
མཚན་དཔེའི་བཀོད་པ་ཕན་བདེའི་གཞི་རུ་བརླིང་། །
རྒྱལ་ཀུན་དགྱེས་པའི་མཆོད་སྤྲིན་ཡོངས་ཀྱི་ཕུལ། །
བྱ་བྲལ་རྣལ་འབྱོར་ཆས་ཀྱི་རྒྱན་སྤྲས་ཏེ། །
ཤར་རྫའི་དབེན་གནས་རི་ཡི་སུལ་རྣམས་སུ། །
བཤད་སྒྲུབ་གར་གྱིས་དཔྱོད་ལྡན་མིག་དབང་འཕྲོག།
མང་དུ་ཐོས་པའི་རིན་ཆེན་ཞལ་བུ་རུ། །
དཔྱོད་འཇོག་ཕབས་ཀྱིས་བསྙལ་བའི་བདུད་རྩིའི་རྒྱུན། །
ཐུན་བཞིའི་རྣལ་འབྱོར་ཧུབ་ཀྱིས་ཡོངས་གཞིབས་ཏེ། །
བསམ་གཏན་བདེ་བའི་རོ་ལ་ལོངས་སུ་སྤྱོད། །
མཁྱེན་རབ་ཆུ་ཁུར་གླལ་བའི་གདེངས་ཀ་ལས། །
ལེགས་བཤད་རྔ་གསང་ཀུན་ཏུ་ལྡིར་དང་ལྷན། །
ཟབ་རྒྱས་གདམས་པའི་གྲུ་ཆར་འབུམ་འཇོ་སྟེ། །
དབེན་པའི་ཚལ་ཆེའི་སྲོག་འཚོ་ཕྱི་ཕྱིར་བསྲིངས། །
འདུལ་ཁྲིམས་གསེར་ཞུན་ཐང་མར་བརྡལ་བའི་དབུང་། །
རིམ་གཉིས་ཁང་བཟང་འབར་བའི་རྒྱ་ཕིབས་རྩེར། །
ངེས་གསང་རྒྱལ་མཚན་སྒྲེང་བའི་བྱེད་པོ་བ། །
མགོན་ཁྱོད་བསྟན་འཛིན་བྱེ་བའི་གཙུག་ཏུ་རྒྱལ། །
སྨྲས་པ།
བློ་འདས་དགོངས་པའི་ཀློང་དུ་འུབ་ཆུབ་ཀྱང༌། །
བསྟན་དང་འགྲོ་བའི་དོན་ལ་ཉེར་དགོངས་ནས།།
ཆེར་སྙིགས་དུས་འདིར་མཚུངས་མེད་བླ་མའི་སྐུར། །
ཡོངས་ཤར་བཤེས་གཉེན་མཆོག་ལ་སླར་ཡང་འདུད། །
རྒྱལ་དབང་ཤར་རྫའི་བསྟན་པ་གཞིར་བཞེས་སུ། །
བསླངས་བའི་ཐུགས་བསྐྱེད་རྒྱ་མཚོར་བྱང་ཆུབ་པས། །
བདེན་གསུང་བོན་གྱིས་བསྟན་པའི་གདུང་འཚོབ་ཏུ། །
དཔོན་གསས་ཁྱོད་ལ་བཀའ་དབང་ཡང་དག་བསྩལ། །
ངེས་གསང་ནོར་བུའི་ཏོག་གིས་ཆེས་སྒེག་པའི། །
རྒྱ་ཆེན་བཤད་སྒྲུབ་ལྷ་ཡི་དྷ་ཛ་ཀ། །
སྒྲུབ་སྡེ་ལྷུན་པོའི་རྩེ་ན་བསྒྲེངས་པའི་གཏམ། །
ཕྱོགས་ཀྱི་བུ་མོའི་ངོ་མཚར་གླེང་གཞིར་སྙན། །
རྒྱལ་བསྟན་འཁོར་ལོ་གསུམ་གྱི་མཛད་བཟང་གིས། །
ཀུན་ཏུ་སྤེལ་བའི་གསང་བ་གསུམ་གྱི་ཆ། །
ཅུང་ཟད་སྨྲས་འདི་རྟོགས་བརྗོད་ས་བོན་ཏེ། །
གཞར་ཡང་རྒྱས་ཙམ་འགྲུབ་འདོད་ཡིད་ལ་བརྣག།
བཀའ་དྲིན་ཐོབ་དང་དད་པའི་ཡོ་ལང་གིས། །
བླ་མར་བསྟོད་པར་ཐལ་བར་མ་མཆིས་ཀྱང་། །
འུད་བསྟོད་དྲགས་དང་ཕྱོགས་ལྷུང་རྣམས་སྤངས་ན། །
མཐོང་ཐོས་ཡུལ་དུ་འཚམས་ཕྱིར་བློ་ཡིས་བྱས། །
དེས་ན་རྣམ་ཐར་ཀུན་གསལ་ཡངས་པའི་ཁྱོན། །
རྣམ་བཤད་ཁབ་མིག་སྒོ་རུ་ཆ་ཕྲ་བའི། །
ཚུལ་གྱིས་ནོངས་དང་ཉེས་འཁྲུལ་མཆིས་སོ་ཅོག།
དྲིན་ལྡན་བླ་མའི་སྤྱན་སྔར་སྙིང་ནས་འཆགས། །
རབ་དཀར་ལྷག་བསམ་རླབས་ཀྱིས་རྒྱས་བཏབ་པའི། །
ཚུལ་འདིར་འབད་པའི་ལེགས་བྱས་གང་གཱའི་རྒྱུན། །
རྒྱལ་འཕགས་ཡོངས་ཀྱི་ཐུགས་བསྐྱེད་འོ་མའི་མཚོར། །
འདྲེས་ཏེ་སྐྱེ་རྒུར་སྨན་པའི་གསོས་སུ་ཤོག།
བདག་སོགས་འདི་ནས་ཇི་སྲིད་སྙིང་པོའི་བར། །
ཚེ་རབས་བརྒྱུད་པའི་ཕྲེང་བ་རྣམས་སུ་ཡང་། །
འདྲེན་པ་ཁྱེད་དང་ནམ་ཡང་འབྲལ་མེད་པར། །
སྐྱེས་ནས་དོན་བརྒྱུད་སེམས་ལ་འཕོ་བར་ཤོག།
རིང་ནས་གོམས་པའི་ལས་ཉོན་ཚ་གདུང་གིས། །
མནར་བ་འཛད་མཐའ་མི་མངའ་བདག་སོགས་འགྲོ། །
མགོན་པོ་ཁྱེད་ལས་སྐྱབས་མཆོག་གཞན་མེད་ན། །
སྐུ་ཚེའི་མཇུག་པ་དལ་འགྲོའི་རྒྱུན་དུ་གསོལ། །
སྲིད་པའི་འཁོར་ལོའི་འབྲེལ་ཐག་མ་ཆད་པར། །
དེ་སྲིད་ཐུགས་རྗེའི་རྒྱུན་མི་འགགས་པ་ཡི། །
འགྲོ་ལ་རྗེས་བརྩེ་དོན་ཡོད་ཞགས་པ་ཡིས། །
བཏང་འབྲལ་མེད་པར་དམ་དུ་འཁྱུད་པར་གསོལ། །
ཚུལ་ལྡན་མཁས་པས་མཐོང་ན་ཚུལ་འདིར་ཁྲེལ།།
དད་ལྡན་སློབ་མས་མཇལ་ན་དད་པའི་རྒྱུ། །
རང་གི་ལྷག་བསམ་བཟང་པོའི་རང་འདྲ་ལ། །
ཕན་བློས་བྱས་འདིས་ཀུན་ལ་ཕན་པར་ཤོག།
ཅེས་པའི་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་རྣམ་ཐར་རགས་བསྡུས་འདི་སྔོན་ནས་སྟག་ཞིག་སེང་གེ་ཉི་མའི་ཡང་སྲིད་རིན་པོ་ཆེ་ཡེ་ཤེས་ཉི་མ་དང་མཁན་པོ་ཚེ་དབང་འགྱུར་མེད་རྣམ་གཉིས་ཀྱིས་གནང་སྐྱེས་བཅས་རྒྱང་རིང་ནས་བསྐུལ་མ་བྱུང་བ་དང༌། དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་ནས་ཀྱང་ཚུལ་འདི་ལ་མོས་འདུན་ཆེན་པོ་ཡོད་བཞིན་མཁན་པོ་འཇིགས་མེད་དབང་ཕྱུག་ལ་ནན་ཞུས་མཛད་པ་རྣམས་ཀུན་འཆམས་བྱུང་བར་བརྟེན། ཁོང་གིས་ཕྲན་ལ་ངོ་སྤྲོད་ཙམ་ཞིག་བྲི་དགོས་ཞེས་གསུང་གིས་བསྐུལ་བ་ཡིད་ལ་བཅགས་ཏེ། རྗེ་བླ་མའི་སློབ་འབངས་ཀྱི་གྲལ་མཐའ་འཛིན་པ་ཉི་མ་བསྟན་འཛིན་ནས་ཤར་རྫའི་རི་ཁྲོད་དགེ་ཐང་པད་མ་རྒྱས་པའི་དགའ་ཚལ་དུ་རྒྱལ་ཕུར་འགྲུབ་སྦྱོར་གྱི་དུས་ཕུན་སུམ་ཚོགས་པའི་ཉིན་ཞིག་ལ་གྲུབ་པར་སྦྱར་བ་འདིས་འགྲོ་རྣམས་ཐུགས་རྗེ་ཆེན་པོའི་སྐྱབས་འོག་ཏུ་ཚུད་པའི་རྒྱུར་གྱུར་ཅིག། བཀྲ་ཤིས་སོ། །