ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་འཁྲུངས་རབས་ཟུར་ཙམ་བསྟན་པ་བཞུགས།
སྲིད་དང་ཞི་བའི་མཐའ་ལ་མི་གནས་ཤིང་། །དུས་གསུམ་འདྲེན་པ་དཔག་གིས་མི་དཔོག་ཀྱང་། །
སྙིགས་མའི་དུས་འདིར་བྱིན་རླབས་དགུ་འགྱུར་གྱིས། །ཆེ་བའི་བླ་ཆེན་ཡབ་སྲས་ཡུམ་བཞིས་མཁྱེན། །
ཚེ་ལོ་བརྒྱ་ཡི་དུས་ཚིགས་རེ་ཞིག་ན། །གྲུབ་བརྙེས་ཡོངས་ཀྱིས་བླ་ཆེན་དྲན་པ་རྗེ། །
ཁབ་བཞེས་སྲས་སྤྲུལ་དགོས་པ་ནན་བསྐུལ་མཛད། །དེ་ཚེ་མཁའ་འགྲོས་ཀྱང་ནི་ལུང་བསྟན་ཏེ། །
མཁའ་འགྲོའི་མཚན་རྟགས་སོ་དྲུག་དང་ལྡན་པ། །ཐུགས་རྗེ་བྱམས་མ་མངོན་བྱོན་རྒོད་ལྕམ་དངོས། །
ཆོས་རྒྱལ་སྲས་མོ་འོད་ལྡན་འབར་མ་བཞེས། །སྔོན་ཚེ་གོང་ནས་སྨོན་ལམ་བཟང་བོའི་འཕྲོ། །
དུས་འདིར་འཛོམས་པའི་ཁྱོ་ཤུག་ལྷན་རྒྱས་སུ། །གཡུང་དྲུང་སྲ་བརྟན་འབར་བའི་བྲག་ཕུག་ཏུ། །
བཞུགས་པའི་མདོ་ན་ཡུམ་གྱི་མནལ་ལམ་དུ། །ཉི་ཟླ་ཟུང་གཅིག་རིམ་གྱིས་མིད་པ་དང་། །
རང་ལས་འོད་འཚེར་རྒྱལ་ཁམས་གང་བར་རྨིས། །སྤྱི་མཐུན་བསོད་ནམས་ལས་ཀྱི་མཐུ་དཔལ་གྱིས། །
ཆུ་སྤྲེལ་སྤྲེལ་ཟླའི་ཚེས་བཅུའི་ཉི་ཤར་དུས། །ཀུན་ཏུ་བཟང་བོར་བོན་ཆོས་དབྱེར་མེད་ཀྱང་། །
སྤྱི་དང་བྱེ་བྲག་ལོ་ཀའི་ལྗོངས་འདི་རུ། །གདུལ་བྱ་རང་རང་མོས་ངོར་གཉིས་བསྟན་ཏེ། །
གཡས་སྐོར་གཡོན་སྐོར་ཐབས་ཤེས་ཉི་ཟླའི་ཚུལ། །བསྟན་འགྲོའི་དཔལ་དུ་སྲས་གཉིས་ལྷན་དུ་བལྟམས། །
བོན་ཆོས་བསྟན་པ་སྔ་ཕྱི་བྱུང་ཚུལ་བཞིན། །སྔོན་སྐྱེས་ཕུ་བོར་ནམ་མཁའ་སྒྲོན་གསལ་དང་། །
ནུ་བོར་པདྨ་མཐོང་སྒྲོལ་ཞེས་མཚན་གསོལ། །དེ་ཚེ་ཕྱི་ནང་གསང་བའི་རྟགས་རྟེན་འབྲེལ། །
མཆོག་ཏུ་མཚར་བའི་དགེ་མཚན་མང་ཤར་ངོས། །སྲས་གཉིས་ལོ་གསུམ་ཙམ་དུ་བཞེས་སྐབས་སུ། །
རྒྱ་གར་ལྷོ་ནུབ་ཟད་མཚམས་བདེ་ཡངས་སུ། །བྲམ་ཟེར་མྱ་ངན་མེད་པའི་གདུང་སྤུར་དེ། །
སྐྱེལ་བ་འདུག་པ་དེ་ཉིད་ཧྲིལ་བོ་རུ། །རེག་པར་གྱུར་ན་དངོས་གྲུབ་སྣ་ཚོགས་འབྱུང་། །
མང་བོས་ཐོབ་བཤའ་བྱེད་ཅིང་འུར་བའི་སྐབས། །ལྷ་སྲིན་སྡེ་བརྒྱད་མི་མ་ཡིན་གྱི་སྡེ། །
མང་དུ་འཚོགས་པས་ཐོབ་པ་དཀའ་བའི་ཕྱིར། །རྗེ་ཉིད་དེ་དག་ཟིལ་གནོན་ཏིང་ངེ་འཛིན། །
སེང་གེ་རྣམ་པར་འགྱིང་ཚུལ་དུ་བཞུགས་དང་། །ཁོ་མོ་འདོང་ཞུས་ཡབ་ཀྱིས་རུང་གསུང་ཚེ། །
སེང་ལྕམ་དཀར་མོར་སྤྲུལ་ཏེ་གཤེགས་ནའང་། །ལྷ་མ་ཡིན་གྱིས་སྤུར་དེ་ཁྱེར་ཚར་ནས། །
སྲིན་ལག་གཅིག་ལས་རེག་པར་མ་གྱུར་ན། །ཡི་རྨུགས་སྐྱེས་ནས་མྱུར་དུ་སླར་ལྡོག་ཚེ། །
ཡབ་ཀྱི་ཐུགས་ལ་རྟོག་འཛིན་མི་མངའ་ཡང་། །གང་ཤར་ཅི་སྣང་རིག་པའི་རྒྱན་དུ་འཆར། །
ཅུང་ཙམ་བཏང་སྙོམས་སུ་གྱུར་ཟིལ་མ་ནོན། །ཡུམ་ཉིད་ཞལ་ཁྲེལ་སྐྱེངས་པའི་ཚུལ་སྟོན་ནས། །
བསྐྱེད་པར་བྱེད་པ་ཡབ་ཉིད་ཡིན་ན་ཡང་། །སྨིན་པར་བྱེད་པ་བདག་རང་ཡིན་པས་ན། །
ཕུ་བོ་ཡབ་རྗེ་བཞུད་དང་ནུ་བོ་ནི། །བདག་ཕྱོགས་རྒྱ་གར་ཡུལ་དུ་སྤྱན་འདྲེན་འཚལ། །
ཐམས་ཅད་མི་རྟག་སོ་སོར་གྱེས་ཚུལ་སྟོན། །ཞེས་གསུངས་ནུ་བོ་ཡུམ་གྱིས་ཕྲག་གཡས་སུ། །
བཀལ་ནས་ནམ་མཁའི་གློག་ལྟར་ཡུད་ཀྱིས་བསྐྱོད། །ཨུ་རྒྱན་སི་དྷུའི་མཚོ་ཁར་སླེབས་མ་ཐག །
མེ་ཏོག་སྣ་ཚོགས་བཀྲ་བས་ཁྱོན་ཁེངས་ཏེ། །ནམ་མཁའ་བར་སྣང་འཇའ་འཁྲིགས་ཕྱོགས་ཀུན་ཏུ། །
དྲི་བསུང་འཐུལ་ཞིང་ཁྱེའུ་བུ་མོའི་ཚོགས། །དུ་མས་འཁྲིལ་ལྡེམ་བཞད་འཛུམ་གླུ་གར་སོགས། །
སྒྲ་སྙན་མང་བོ་སྒྲོག་ཅིང་མདུན་ནས་བསུས། །ལྷ་ཡུལ་དོག་འདིར་བབ་འདྲའི་སྐྱིད་ཉམས་ཤར། །
ད་ཙམ་ཞིག་ན་དངོས་མཚན་ཀུན་དེངས་ཏེ། །པང་ངེ་འབོལ་ལེ་ལྷན་ནེ་གནས་ཙམ་ན། །
སྲས་ཉིད་གར་གཤེགས་མ་ཤེས་མ་བཞུགས་ཚེ། །ཡུམ་གྱི་ཐུགས་ལ་དུས་གསུམ་མཁྱེན་པས་ན། །
རེས་ཤིག་ལྡེམས་དགོངས་ངང་དུ་བོར་ཚུལ་སྟོན། །སྲས་ཉིད་བྱེའུ་ཁུག་རྟར་སྤྲུལ་ནས་སུ། །
ཡབ་ཀྱི་དྲུང་དུ་ཕྱོད་ཀྱིས་བསྐྱོད་དེ་བཞུགས། །ཡུམ་ཉིད་ཀུན་ལ་མ་ལྟར་བརྩེ་ལྡན་པས། །
སྙིང་ནས་གཅེས་པའི་སྲས་མཆོག་ཁྱེད་མཁྱེན་མཁྱེན། །ཐང་ཅིག་མཁའ་སྤྱོད་ཞིང་དུ་གཤེགས་ནའང་། །
སླར་ཡང་སྤྲེལ་གྱི་གནམ་ལོ་ངོམ་པའི་སྐབས། །བསྟན་དང་འགྲོ་བའི་དཔལ་དུ་ཡུལ་ལྗོངས་འདིར། །
པད་སྡོང་འཛུམ་པའི་དབུས་ནས་གཤེགས་སུ་གསོལ། །ཞེས་པའི་དམོད་གཙུགས་རང་གི་ཡུལ་དུ་ཕྱིན། །
ཡུམ་ནི་ཀུན་ཏུ་བཟང་མོ་ཐུགས་རྗེ་བྱམས། །བསྐལ་བ་བཟང་མོ་བཟང་ཟ་རིང་བཙུན་ནམ། །
སྲིད་པ་རྒྱལ་མོ་རྣམས་ཀྱི་སྤྲུལ་བ་ཡིན། །ཡབ་ཉིད་ཀུན་བཟང་ཁྲི་བཞི་ནམ་ཏིང་ངམ། །
འཆི་མེད་གཙུག་ཕུད་སོགས་ཀྱི་སྤྲུལ་བ་ཡིན། །ཕུ་བོ་གསང་བ་འདུས་པའི་བྱིན་གྱིས་བརླབས། །
ནུ་བོ་སྟག་མེ་འབར་གྱི་བྱིན་གྱིས་བརླབས། །ཡེ་ནས་རྫུ་འཕྲུལ་མཐུ་ལ་མངའ་བསྙེམས་ཀྱང་། །
ད་དུང་ཡབ་དྲུང་སྐད་རིགས་ཉེར་གཅིག་སོགས། །ཕྱི་ནང་གསང་བའི་ཞལ་གདམས་མནོ་དགུ་ཞུས། །
སྲས་ཁྱོད་མ་ཡི་རིགས་སུ་གཏོགས་འདུག་པས། །ཕྱིས་སུ་པདྨ་འབྱུང་གནས་ཞེས་པར་འགྱུར། །
ལྷོ་ནུབ་སྲིན་པོ་འདུལ་བའི་གདེང་དགོས་པས། །མཐུ་དབང་རྩལ་གྱི་དངོས་གྲུབ་སྟེར་རོ་གསུངས། །
དགུང་སྙིང་བཅུ་གསུམ་ཤིང་སྤེལ་ལོ་ཤར་ཚེ། །སྔོན་ལས་དབང་གིས་འགྲོ་དོན་དུས་བབ་ཚེ། །
སྲས་ཁྱོད་གང་ལ་མཐུ་དང་རྩལ་ཆེ་ཡང་། །དམ་པའི་ཆོས་འཁོར་བསྐོར་དུ་ད་རན་གསུངས། །
དེ་ཚེ་མཁའ་ལ་གློག་འགྱུ་ལྟར་གཤེགས་ནས། །ལྷོ་ནུབ་ཨུ་རྒྱན་དྲི་མེད་མདངས་ལྡན་མཚོ། །
ཆུ་བོའི་ཁ་ལ་པད་སྡོང་བཞད་པའི་དབུས། །བྱིས་པ་ཆུང་ངུའི་ཚུལ་སྟོན་འཛུམ་དམུལ་གྱིས། །
ལྷན་ནེ་བཞུགས་པར་སྔོན་ལས་འཕྲོ་བཙན་པས། །ཟ་ཧོར་རྒྱལ་བོ་ཨེན་དྲ་བྷོ་དྷིས་རྙེད། །
ཁོང་ལ་སྲས་མེད་སྲས་སུ་མངའ་གསོལ་ཏེ། །རྒྱལ་མཁར་ཡང་རྩེར་གདན་དྲངས་དཀར་མངར་ཟས། །
བདའ་དགུའི་འཚོ་བ་ཕུལ་ནས་ཐམས་ཅད་ཀྱིས། །ཞེ་ས་བཀུར་བསྟི་མཛད་ཅིང་དགའ་སྟོན་བགྱིས། །
པདྨའི་རྒྱལ་བོའམ་པདྨ་འབྱུང་གནས་ཞེས། །མཚན་གྱི་གྲགས་སྙན་ཀུན་ནས་དྲིལ་བསྒྲགས་མཛད། །
དབྱར་ཁའི་སྤང་ལ་གཅིག་ལས་གཅིག་མཛེས་པའི། །མདངས་ལྡན་མེ་ཏོག་སྣ་བརྒྱ་བཀྲ་ན་ཡང་། །
སྐྱེ་གནས་ངེས་པ་ས་གཞི་གཅིག་ལས་མེད། །དེ་བཞིན་〈སྲིད་གྲུ་མཐའ་〉འདྲ་མིན་གྱི། །
ལེགས་བཤད་མཚན་འགྱུར་གྲངས་མེད་སྤྲོས་ན་ཡང་། །དོན་གྱི་འབྱུང་གནས་བོན་སྐུ་ཉིད་ལས་མེད། །
དེ་ཕྱིར་གང་འདུལ་ཐབས་ཀྱི་ཕྲིན་ལས་མཛད། །བོན་ཆོས་ངོ་བོ་གཅིག་ཀྱང་གཉིས་ཚུལ་སྟོན། །
དེ་ལྟར་བསྟན་པའི་ཁ་འཛིན་གཉིས་སུ་སྤྲོས། །གཉིས་སུ་སྤྲོས་མོད་གཉིས་འཛིན་རྟོག་པ་བྲལ། །
གང་ལ་ཅི་འདུལ་ངེས་པ་དེ་སྟོན་མཛད། །ཆོས་ལུགས་སྣ་ཚོགས་སྨན་གྱི་སྒྲོམ་བུ་ཡིན། །
ཉི་ཟླ་གླིང་བཞིའི་མགོན་དུ་ཤར་ན་ཡང་། །གླིང་བཞི་དུས་ཅིག་གསལ་བ་མི་སྲིད་ན། །
རེས་འཆར་རེས་ནུབ་སྤེལ་མའི་ཚུལ་དུ་ངེས། །དྭངས་གསལ་མཁའ་ལ་ཉི་མ་ཤར་བཞིན་པར། །
པདྨའི་གཉེན་དུ་ཕྱོགས་རིས་མ་མཆིས་ཀྱང་། །སྤྲིན་གྱིས་ཤར་ཡུལ་རིས་སུ་ཆད་ལྟར་སྟོན། །
དམ་པའི་ཐུགས་ལ་བདག་ཕྱོགས་མི་མངའ་ཡང་། །གདུལ་བྱ་རང་ཐད་ལས་དང་བསྟན་པའི་སྐལ། །
ངང་ངམ་ཤུགས་འབྱུང་འོས་བབ་དེ་ཚུལ་སྟོན། །རེས་འགའ་ཆོས་ཀྱི་བསྟན་པའི་མགོན་མཛད་ཀྱང་། །
རེས་འགའ་བོན་གྱི་བསྟན་པའི་མགོན་ཡང་མཛད། །ཅེས་པ་འདི་དག་དྲན་པ་བཀའ་ཐང་ལས། །
གསུངས་བཞིན་ཟུར་དུ་ཕྱུང་སྟེ་བྲིས་པའོ། །གཞན་ཡང་ཞོར་བྱུང་ཙམ་དུ་འདི་སྐད་དེ། །
པད་འབྱུང་དགུང་ལོ་ཆིག་སྟོང་དྲུག་བརྒྱ་དང་། །ཉེར་བདུན་བཞེས་པ་དུས་ཚིགས་ས་སྟག་ལོར། །
དམ་ཆོས་བོད་དུ་དར་བའི་དུས་བབ་ཚེ། །བྷོ་ཏི་སྭ་ཏོས་ལུང་བསྟན་ཁྲི་སྲོང་གིས། །
ཁོང་ཉིད་སྤྱན་དྲངས་བསམ་ཡས་ལྷ་ཁང་བཞེངས། །དེ་ཚེ་གང་དགོས་དམ་ཆོས་མང་དུ་གསུངས། །
ཆོས་ལུགས་ཀུན་འདུས་རིན་ཆེན་གཏེར་མཛོད་ཅེས། །གླེགས་བམ་དྲུག་ཅུ་ཡོད་པ་དེ་དག་དང་། །
བོན་ལུགས་ངེས་པ་རྫོགས་ཆེན་གསེར་ཞུན་སོགས། །གང་ལ་གང་འདུལ་ཐབས་ཀྱི་བོན་འགའ་གསུངས། །
ལོ་ནི་རེ་དྲུག་བཞུགས་ནས་ཤིང་སྤྲེལ་ལོར། །པད་འབྱུང་སྲིན་ཡུལ་ན་གནོན་མཛད་ལ་གཤེགས། །
དོན་དུ་བླ་ཆེན་ཡབ་སྲས་ཡུམ་བཞི་ནི། །འཕོ་ཆེན་འཇའ་ལུས་བཞེས་པ་ཤ་སྟག་ཡིན། །
ཇི་སྲིད་འཁོར་བ་མ་སྟོང་བར་དུ་ནི། །དེ་སྲིད་བསྟན་འགྲོའི་མགོན་པོར་མངོན་པ་བཞུགས། །
རྣམ་པ་བཞི་ཡིས་བློ་ལྡན་སྙིང་བོ་ལ། །རང་རེས་ཐད་ཀྱི་མ་འོངས་ལུང་བསྟན་གསུངས། །
གཞན་ཡང་ལེགས་བཤད་མཛོད་ལས་ལུང་དྲངས་ལྟར། །དུས་ཀྱི་མཐའ་མར་བོན་བསྟན་དར་བའི་དུས། །
བོན་པོའི་ཚོགས་རྣམས་རིག་པའི་ཁྱུང་ཆེན་འཕྱོ། །གུ་རུ་བདག་ཀྱང་བོན་གྱི་བསྟན་པ་འཛིན། །
ཞེས་གསུངས་ད་ལྟའི་དུས་འདིར་བབ་པ་ངེས། །དེས་ན་ལོག་ལྟ་བྱེད་ན་རང་ཉིད་འཁྲུལ། །
དཔོན་གསས་རིག་འཛིན་དྲི་མེད་ལྟུང་བཤགས་དང་། །མ་རྒྱུད་སྐྱེ་སྒོ་སོགས་ནས་དབྱེར་མེད་མཛད། །
ཀྱེ་མ་བདག་འདྲ་སྙིགས་མའི་སེར་གཟུགས་ཚོ། །དམ་པ་དམན་པར་བཟུང་ན་རྨོངས་ཚབས་ཆེ། །
དད་པས་དག་སྣང་བསྐྱེད་ན་དེའི་ཡོན་ཏན། །ཚེགས་མེད་རང་གིས་ཐོབ་པར་གདོན་མི་ཟ། །
བོན་དང་རྙིང་ཆོས་འདྲེས་པར་གསར་མ་ཟེར། །དེ་ཕྱིར་ཤར་རྫའི་གསུང་འབུམ་མཛོད་ལྔ་སོགས། །
རྙིང་མའི་ཆོས་ཀྱིས་སྤུ་ཙམ་མ་བསླད་ཀྱི། །བོན་རྙིང་གཤའ་མ་ཡིན་པས་རྗེས་འཇུག་དག །
ཡིད་ཆེས་གནས་སུ་བཟུང་ལ་ཉམས་ལེན་མཛོད། །ཤེས་སླ་ཚེགས་ཆུང་སངས་རྒྱས་མྱུར་འཐོབ་ངེས། །
ཞེས་པ་འདི་བསྐུལ་རང་སློབ་བློ་བཟང་ངོར། །ལུང་མཐུན་འདི་སྐད་དུས་མཐའི་དགེ་བྱེད་པ། །
བགྲེས་པོ་བསྟན་བློ་རང་ལོ་དོན་དྲུག་ཐོག །ཕྱི་རབས་པ་ལ་ཕན་པའི་སེམས་ཀྱིས་བྲིས། །
ཉེས་འགལ་ནོངས་མཆིས་སྐྱབས་ཡུལ་གཉན་ལ་མཐོལ། །དགེ་འབྲས་འགྲོ་ཀུན་བྱང་ཆུབ་རྒྱུ་རུ་བསྔོ། །
ཐམས་ཅད་དགེ་ལ་འབུངས་པའི་བཀྲ་ཤིས་ཤོག །
༼མུ་ཁྲི་བཙན་པོ༽སྤྱི་དེབ་བཞི་བ་ལས་བཤུས།