ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> ནམ་མཁའ་སྣང་བ་མདོག་ཅན།
ནམ་མཁའ་སྣང་བ་མདོག་ཅན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་བློ་གྲོས་རབ་གསལ།] [ཟླ་ཚེས། 11-03-28] [ཀློག་གྲངས། ]

  ཡབ་ཀོང་ཚ་གཡུང་དྲུང་དབང་ལྡན་དང་། ཡུམ་བཙུན་མོ་བཀྲ་ཤིས་ལྷ་མོ་གཉིས་ཀྱི་སྟངས་དབྱལ་ལས་ངོ་མཚར་གྱི་རྨི་ལམ་དང་བཅས་ཏེ་སྐུ་འཁྲུངས། མཚན་དུ་ནམ་མཁའ་སྣང་བ་མདོག་ཞེས་གསོལ། དགུང་ལོ་ཆེར་སོན་པ་དང་རི་རྒྱལ་དབེན་པའི་ཡང་ཕུག་ཏུ་གསང་བ་བྱས་ནས་སྒྲུབས་པ་བཞུགས་སྐབས། སྔ་དྲོ་ཕ་འབབ་གཏོར་ས་བྱ་རོག་གཅིག་ལས་གཞན་གང་ཡང་མེད། ཉིན་ཞིག་བྱ་དེ་ལོགས་སུ་ཕྱིན་པས་ཕ་འབབ་གཏོར་སར་མི་ཡོང་སྟབས་ཕ་འབབ་གཞན་ཞིག་ལ་གཏོར། བྱ་དེ་ལོག་ལྟ་སྐྱེས་ཏེ་ནུབ་ཕྱོགས་མུ་སྟེགས་གྲོང་དུ་སོང་ནས། མུན་པའི་ཁྲོ་བདག་ཅེས་པ་ཕྱི་རོལ་གྱི་གྲུབ་མཐའ་ལ་མངའ་བརྙེས་ཤིང་མཐུ་དང་རྫུ་འཕྲུལ་མཐར་ཕྱིན་པ་ཞིག་ཡོད་པ་དེ། སྣང་བ་མདོག་ཅན་དྲུང་དུ་བྱ་བུ་རོག་པོ་ཞིག་ཏུ་སྤྲུལ་ནས་ཉུལ་མར་ཡོང་བའི་ཚེ། གཤེན་གྱི་ཐུགས་རྗེ་ཆེན་པོས་སྦྱིན་པ་མང་ཙམ་སྟེར་ཡང་མ་སོང་བར་དམག་གི་དཔུང་དང་བཅས་ཏེ་གསེར་སློང་དུ་བྱུང་བས་ཀུན་ལ་གསེར་སྟེར། མཐར་གང་ཡོད་སྟེར་བས་མ་སོང་བར་གྲུབ་མཐའི་རྩོད་པ་བྱས། ཁོ་སུན་ཕྱུང་ཡང་རྫུ་འཕྲུལ་དང་གྲུབ་རྟགས་དུ་མ་འགྲན། གཤེན་པོས་དེ་དག་ལ་དཔག་ཏུ་མེད་པས་གྲུབ་རྟགས་སུམ་བརྒྱ་དྲུག་ཅུ་བསྟན་ཡང་། ཁོས་ངན་སྤྱོད་དང་། གནོད་གཅོད་དཔག་མེད་བྱས་ཚེ། གཤེན་པོ་ཐུགས་ཆད་ནས་གསེར་གྱི་གླེགས་བམ་ནམ་མཁའ་ལ་འཕང་སྟེ། བདེན་པ་བདར་ཞིང་ནམ་མཁར་གཤེགས་པས། དེ་མ་ཐག་ཏུ་ཤེས་རབ་བྱམས་མ་ལ་ཤེས་རབ་ལྷ་བདུན་གྱི་བསྐོར་ནས་མངོན་སུམ་དུ་མཇལ་ཏེ། ལུང་བསྟན་དང་ཤེས་རབ་བསྐྱེད་པའི་གཟུངས་གནང་བས། ཐོས་མ་ཐག་ཏུ་སྣང་མདོག་ལ་ཤེས་རབ་ཀྱི་རྟགས་བདུན་གྲུབ་ཅིང་བོན་ཐམས་ཅད་ཀྱི་དོན་དེ་ཁོ་ན་ཉིད་ཐུགས་སུ་ཆུད། རིགས་བཞིའི་བྱམས་མས་བསྲུང་ནས། མུན་པའི་ཁྲོ་བདག་གཙོས་པའི་མུ་སྟེགས་ཀྱི་རྒོལ་བ་ཚར་བཅད། གཞན་ཡང་ཡོངས་སུ་དག་པ་དང་། མི་ལུས་བསམ་ལེགས། ཀླུ་གྲུབ་ཡེ་ཤེས་སྙིང་བོ་སོགས་ལས་སྙན་རྒྱུད་ཟབ་མོའི་མང་འབྲེལ་དང་། མན་ངག་ཉུང་བསྡུས། སྤྱི་སྤུངས་ཞི་ཁྲོ་རྣམས་ཞུས་ཏེ། རི་རྒྱལ་ཕོ་བྲང་དུ་ལྷ་མོ་འོད་འཕྲོ་ཟེར་ལྡན་མ་གྲོགས་སུ་བཙལ་ནས་བསྒྲུབས་པ་ཆེར་བརྐྱངས། མུ་ཁྲི་བཙན་པོ་ལ་ཁྲོ་བོ་དབང་ཆེན་གྱི་རྒྱུད་གཞུང་གནང་ཞིང་། མཐར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྫུ་འཕྲུལ་དུ་མ་མངའ་ཞིང་རྔམ་གསས་ཀྱི་སྐུ་རུ་བཞེངས་པའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག