ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> མཁའ་འགྲོ་བློ་གྲོས་བཟང་མོ།
མཁའ་འགྲོ་བློ་གྲོས་བཟང་མོ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྩོམ་པ་པོ་སུ་ཡིན་མ་ཤེས།] [ཟླ་ཚེས། 11-05-11] [ཀློག་གྲངས། ]

ཉག་སྟོད་ཚེ་དབང་འགྱུར་མེད་རིན་པོ་ཆེའམ་བྱུང་ཆུབ་རིག་རྩལ་གླིང་པའི་གཏེར་གྲོགས་དམ་པ་མཁའ་འགྲོ་བློ་གྲོས་བཟང་མོ་མཆོག་ནི་རབ་བྱུང་བཅོ་ལྔ་པའི་ཆུ་ཡོས་ལོར་ཉག་སྟོང་དཔོན་བཞི་ཡི་ཡ་གྱལ་རྒྱ་ར་གཤིས་པའི་མངའ་སྡེ་མར་ཆད་ཡུལ་ལུང་ཞེས་པའི་སྡེ་བར་ཁྱིམ་གཞིས་དཀྱིས་མ་ཞིག་ཏུ་་སྐུ་འཁྲུངས། ཆུང་བྱིས་པའི་སྐབས་ནས་ལྷན་སྐྱེས་ཀྱི་བྱང་སྙིང་རྗེ་དང་དད་དག་སྣང་སོགས་དམ་པའི་ཡོན་ཏན་མངའ་བ་ཞིག་ཡིན། འོན་ཀྱང་ཡུལ་ལུགས་ཀྱི་གོམས་གཤིས་ཞིག་གིས་ཕ་མ་གཉིས་ནས་གནས་ལ་རྫོངས། ཡིན་ནའང་མཁའ་འགྲོ་མ་ནི་འཇིག་རྟེན་འཁོར་བའི་ལས་དང་ཁྱིམ་གཞིས་འཛིན་པ་ལ་མཁྲིས་ནད་ཅན་ལ་སྣུམ་སྟེར་བ་ནང་བཞིན་ཞེན་པ་གཏིང་ནས་ལོག་པ་ཞིག་བཞུགས་པས་ཞག་ཤས་ལས་མ་བཞུགས་པར་རི་་་ཁྲོད་ཞིག་ཏུ་ཕྱིན་ནས་ཆོས་སྒོར་ཞུགས།དེ་ནས་གཏེར་ཆེན་གསང་སྔགས་གླིང་པ་ལ་སོགས་རྩ་བའི་བླ་མར་བསྟེན་པ་དང་་་བསྟན་འཛིན་སྐྱེས་ཆེན་མང་པོ་ཞིག་གིས་བུ་མོ་འདི་མཁའ་འགྲོ་མའི་རྣམ་སྤྲུལ་ཁྱད་པར་ཅན་ཞིག་ཡིན་པར་ལུང་བསྟན་ཅིང་བྱང་ཆུབ་རིག་རྩལ་གླིང་པའི་ངེས་པ་དོན་གྱི་གསང་གྲོགས་ཡིན་པའང་དམ་པ་ཁོང་གི་ཞལ་གྱིས་བཞེས་ཏེ་གདན་སར་གྲོགས་སུ་བསུས། དེ་ནས་ཉག་སྟོད་ས་ནག་རི་ཁྲོད་དང་གོང་རྒྱལ་གནས་ཀྱི་སྒྲུབ་ཕུགས་སོགས་སུ་གཏན་བཞུགས་མཛད་ནས་གཡུང་དྲུང་གི་བོན་རིན་པོ་ཆེ་ཕྱིོ་ནང་གསང་བའི་་དབང་ལུང་ཁྲིད་དང་མན་ངག་རྒྱ་ཆེར་བཞེས་གནང་མཛད་ཅིང་སྔོན་འགྲོ་འབུམ་དགུའི་བསགས་སྦྱོང་ལན་གྲངས་དང་དངོས་གཞི་ངོ་སྤྲོད་ཁྱད་པར་ཅན་དང་འབྲེལ་ཡང་དག་དོན་གྱི་ཉམས་ལེན་་ཚད་མེད་མཛད་པས་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཞིང་དད་པའི་ཡུལ་དུ་གྱུར།སྐབས་དེ་དག་ཏུ་ཡི་དམ་ལྷ་ཡི་ཞལ་མཇལ་བ་དང་རྡོ་ཟན་ལྟར་བཅང་ཏེ་གྲུབ་རྟགས་བཞག་པ་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད་པ་སོགས་་་བསམ་ཡུལ་ལས་འདས་པའི་རྟགས་ཚད་བྱུང༌།དེ་ནས་བཅོས་་་སྒྱུར་དང་རིག་གསར་སྐབས་ལའང་དམ་པ་ཉིད་བྱ་བྲལ་ཀུན་སྤངས་བ་ཡིན་སྟབས་རྒྱུ་ཟས་ནི་ཅུང་ཟད་ཙམ་ཡང་མེད་པས་་སྐུ་ཚེགས་ཀྱང་མྱོང་མ་དགོས་པ་ཡིན། འོན་ཀྱང་ཉག་ཁོག་གི་བླ་སྤྲུལ་ཆེ་ཁག་ཐམས་ཅད་རི་ནུབ་རྫོང་ལྷ་ར་མགོར་བསྡུས་སྐབས་མཁའ་འགྲོ་མ་ཡང་དེར་བྱོན་དགོས་བྱུང་ཡང་ཡུན་རིང་པོར་བཞུགས་མ་དགོས་པར་སྡེ་བའི་འགོ་ཁྲིད་ལྷག་བསམ་ཅན་འགའ་ཡི་དྲིན་གྱིས་གྲོང་པའི་ཞིང་སྲུང་བ་ཞིག་གི་མིང་བཏབ་་སྟེ་མཆོག་དགེ་རི་ཁྲོད་བཞུགས་བཅོལ་བ་ཡིན་པས་རྒྱུན་དུས་་ཀྱི་ཉམས་ལེན་དང་ཞལ་འདོན་སོགས་ཀྱང་ཆག་མ་དགོས་པ་་དང་འགྲོ་བ་གསོན་གཤིན་ཀུན་གྱི་མགོན་སྐྱབས་གཅིག་པུར་གྱུར། དེ་ཡང་དམ་པ་ཉིད་རི་ཁྲོད་དུ་བཞུགས་པའི་དྲུང་དུ་རི་དྭགས་རིགས་དང་གཅན་གཟན་སྟག་གཟིག་དོམ་དང་སྲོག་་ཆག་སྦྲུལ་དང་བྱ་རིགས་ཀུན་གྱིས་དད་པའི་ཚུལ་གྱིས་རྟག་ཏུ་མཁའ་འགྲོ་ཉིད་ལ་འཁོར་ཏེ་མཉམ་བཞུགས་མཛད་པས་ལ་ལས་ཁྱེད་ལ་འཇིགས་སྐྲགས་མི་འདུག་གམ་ཞུས་པ་དང་ལས་ལས་ཧ་ལས་ཏེ་དད་པ་ལྷང་གྱིས་སྐྱེ་བ་སོགས་ཡ་མཚར་བའི་མཛད་པ་གནང༌། དེ་འདྲའི་ཐོག་ནས་བྱང་ཆུབ་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་ཐུགས་རབ་ཏུ་འབྱངས་པ་དང་སོར་བྱང་སྔགས་ཀྱི་སྡོམ་པ་འགལ་མེད་དུ་མཛད་པས་མི་མ་ཡིན་པའི་འགྲོ་བ་རྣམས་དང་མི་དང་མི་བཞིན་དུ་ཐུག་ཅིང་ཞལ་ཏ་སོགས་ཀྱང་གནང་བར་འདུག རི་ཁྲོད་དེ་ནགས་ཚལ་ཧ་ཅང་ཆེན་པོ་ཞིག་དང་ཉེ་བས་གཅན་ཟན་སྟག་ནི་ཁྱིམ་བདག་་གི་སྒོ་ཁྱི་དང་འདྲ་བར་རྒྱུན་ཏུ་མཁའ་འགྲོ་མ་ལ་འཁོར་འདུག་་པས་ཡོན་བདག་རྣམས་ནམ་ཡིན་སྐབས་ཁོང་གི་རི་ཁྲོད་དུ་འགྲོ་དཀའ་བར་བཤད་དོ། །དེ་ནས་དགུང་ལོ་དོན་ལྔ་བ་སྤྱི་ལོ་༡༩༧༧ལོར་དགོངས་པ་བོན་དབྱིངས་སུ་ཐིམ་སྐབས་ཀྱང་་ནམ་མཁའ་ལ་འཇའ་ཚོན་གྱི་རི་མོས་གང་ཞིང་ཡུལ་ཁམས་སུ་་དྲི་ཞིམ་གྱིས་ཁྱབ་པ་དང་ཤིན་ཏུ་སྙན་པའི་སྒྲ་ཡི་རྟགས་ཀྱིས་ཀུན་གྱིས་མཁའ་འགྲོ་མ་དག་ཞིང་དུ་བྱོན་སོང་བ་མ་ཡིན་ནམ་་ཞེས་སྒྲགས་མི་དགོས་པར་གོ་བར་གྱུར་པ་སོགས་གཞན་དང་མི་འདྲ་བའི་རྟགས་ཀྱིས་འཇིེག་རྟེན་གང་བར་མཛད་པ་དང་ཆབས་ཅིག་ཏུ་མི་ནུབ་དགོན་དང་ཡེ་ཤེས་དགོན་པའི་བླ་གྲྭ་རྣམ་པས་ཚོགས་མཆོད་དང་སྐོང་བ་ཚར་གྲངས་མང་པོ་བྱས་ཤིང༌། སྡེ་བ་དག་གིས་ཀྱང་སྐུ་གདུང་རིན་པོ་ཆེའི་མཇལ་རྟེན་དུ་སྲོག་བླུ་ཚེ་ཐར་བརྒྱ་སྟོང་ཁྲི་ཁར་ལངས་བར་བྱས་པ་དང་དགོན་གྲོང་ཀུན་གྱིས་འཇིག་རྟེན་སྲིད་པའི་ཉི་མ་ནི་ནུབ་སོང་ཞེས་སྨྲེ་ངག་ཁར་མི་ཐོན་པར་བྱེད་ཅིང་སྡུག་བསྔལ་ཁུར་གྱིས་་རབ་ཏུ་ལྕི་བར་བྱས་པ་དང་བླ་སྤྲུལ་རྣམ་པས་ཀྱང་མཁའ་འགྲོ་མའི་ཡང་སྲིད་མྱུར་འབྱོན་འོང་བའི་ཐུགས་སྨོན་རྒྱ་ཆེར་མཛད་ཅིང་རིམ་གྲོ་ཡང་ལན་གྲངས་གནང་ངོ༌།།།

གྲོགས་པད་མ་ཆོས་གྲགས་ལགས་ནས་མཁོ་འདོན་གནང་།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག