ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> སེ་བོན་ཤ་རི་དབུ་ཆེན།
སེ་བོན་ཤ་རི་དབུ་ཆེན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན།] [ཟླ་ཚེས། 11-05-23] [ཀློག་གྲངས། ]

      སྐད་གཉིས་སྨྲ་བའི་ལོ་ཙཱ་པ་ཆེན་པོ་སེ་ལྡེ་མེ་གསུམ་ཞེས་སེ་བོན་ཤ་རི་དབུ་ཆེན། ལྡེ་བོན་གྱིམ་ཚ་རྨ་ཆུང་། མེ་ཉག་ལྕེ་ཚ་མཁར་བུ། སློབ་དཔོན་སྟོང་རྒྱུང་མཐུ་ཆེན་བཅས་ལ་ཞང་བོད་ཀྱི་མཁས་པ་མི་བཞི་ཞེས་སྙན་པའི་གྲགས་པ་འཛིན་མའི་ཁྱོན་ལ་ཁྱབ། དེ་ལས་སེ་བོན་གྱི་གདུང་ལ་འཁྲུངས་པའི་མཁས་པ་ཤ་རི་དབུ་ཆེན་ནི། ཤ་རི་ཞེས་པ་ཞང་སྐད་དུ་དཔལ་ལྡན་དང་། དབུ་ཆེན་བོད་སྐད་དུ་བསྒྱུར་ན་གསང་ཆེན་ཞེས་པའི་དོན་ཡིན་པར་གསུངས། དཔལ་ལྡན་གསང་ཆེན་ཞེས་ཁོང་གི་འཁྲུངས་ལོ་གསལ་བོ་མི་ཤེས་ཀྱང་སློབ་དཔོན་སྟོང་རྒྱུང་མཐུ་ཆེན་དང་དུས་མཉམ་ཡིན་པར་མཁས་པ་ཡོངས་ཀྱིས་བཞེད། བདལ་འབུམ་ལས། ཡུལ་བྱེ་མ་གཡུང་དྲུང་དུ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས་བོད་ཤ་རི་དབུ་ཆེན་ལ་བོན་སྡེ་ཁྲིད་བཤད་ཅིང་བསྒྱུར། ཞེས་གསུངས་པ་བཞིན་སྟོང་རྒྱུང་གི་སློབ་མ་ཡིན་པ་ཤེས་ཐུབ། ཁོང་གིས་འཛམ་གླིང་མཁས་པ་རྒྱན་དྲུག་གི་ཞབས་ལ་གཏུགས་ནས་བོན་སྒོ་ཐམས་ཅད་ལ་སྦྱངས་པ་མཛད་ཚུལ་ཡང་། ལེགས་བཤད་མཛོད་ལས། གསེར་ཐོག་ལྕེ་འབྱམས་ཀྱིས་གེ་སར་རྔམ་པ་ལྕེ་རིང་། སུམ་པ་མི་སྤུངས་གསལ་ཏང་། བོད་ཤ་རི་དབུ་ཆེན། མེ་ཉག་ལྕེ་ཚ་མཁར་བུ་རྣམས་ལ་བརྒྱུད་དེ་རང་རང་སྐད་དུ་བསྒྱུར་ནས་དར་རོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་མདོ་སྔགས་སེམས་གསུམ་གྱི་བོན་སྒོ་མཐའ་དག་ཐུགས་སུ་ཆུད་ནས། མང་མཁར་ལྕགས་འཕྲང་སོགས་སྒྲུབ་གནས་རྣམས་སུ་འགྲིམས་ཏེ། གྲོགས་སུ་རྒོད་ལྕམ་མཁའ་འགྲོའི་མཚན་རྟགས་ལྡན་པའི་ལྷ་ལྕམ་འོད་འཕྲོ་མ་བསྟེན་ནས། གསང་སྔགས་མ་རྒྱུད་ཤེས་རབ་རྫོགས་རིམ་གཙོ་བོ་ཉམས་སུ་བླངས་ཏེ་འབྱུང་བཞི་རང་སར་ཟད་ཅིང་། གདོས་བཅས་ཟག་པ་མེད་པའི་གཉུག་མའི་འོད་ལུས་སུ་གྲུབ་པར་གསུངས། རྒྱ་གར་བན་དེ་དང་བོན་པོ་གཉིས་རྩོད་པ་བྱེད་དུས། ཤ་རི་དབུ་ཆེན་དང་བྷོ་ཏི་ས་ཏྭ་གཉིས་ཀྱིས་རྩོད་པ་བྱས་ཚུལ། མཁའ་འགྲོའི་རྣམ་ཐར་ལས། དེ་ལ་དང་པོ་ཤ་རི་དབུ་ཆེན་གྱིསཿ ཀྱེཿ བོད་རྒྱལ་གོང་ན་བཞུགས་ཟུར་དུ་རྒྱ་གར་བཿ ཆོས་ཉིད་བདེན་པ་ཆེ་ཡང་བོན་ལ་ཐུགཿ བོན་ལས་མ་བྱུང་ཆོས་ཤིག་ཡོད་པ་འགལཿ དགྲ་བཅོམ་རྣམ་མཁྱེན་སྟོན་པ་སངས་རྒྱས་ཀྱིསཿ བསྟན་པའི་བཀའ་ལ་བོན་ཆོས་རྩིས་དཔྱད་བཞིཿ བསྟན་པ་གཅིག་ལ་སོ་སོར་རྩོད་མི་འཐདཿ གཡུང་དྲུང་བོན་གྱི་ཆེ་བའི་ཡོན་ཏན་ནིཿ བོན་སྒོ་བརྒྱད་ཁྲི་བཞི་སྟོང་ཐེག་རིམ་དགུཿ ཕྱི་ནང་གསང་གསུམ་ཚད་གསུམ་ཟུང་དུ་འབྲེལཿ མདོ་སྔགས་ཁྱད་པར་རྒྱུ་དང་འབྲས་བུ་གཉིསཿ ཐབས་ཤེས་ཁྱད་པར་ཡོད་དང་མེད་པ་གཉིསཿ འཁོར་འདས་ཁྱད་པར་རིག་དང་མ་རིག་གཉིསཿ ཚད་མ་གསུམ་གྱིས་ཡང་དག་དོན་ལ་བསྡུརཿ བོན་གྱི་མཐའ་ནི་གྲུབ་མཐས་ཆོད་པ་དཀའཿ དམ་ཆོས་བཟང་ཡང་ཐོས་ཆུང་ལོ་ཙཱ་ཕམཿ སངས་རྒྱས་བསྟན་པ་མི་ཚུགས་གནོད་མ་སྐྱེལཿ བོད་ཀྱི་ཡུལ་དུ་བསྟན་པ་སྔ་དར་བོནཿ ཆོས་ཀྱང་བོན་གྱི་ཟུར་སྡོང་འདུ་བར་གྱིསཿ སངས་རྒྱས་བསྟན་པ་ཐམས་ཅད་གཅིག་པའི་ཕྱིརཿ དེ་སྐད་གསུངས་ནས་འཛུམ་མུ་ལེར་བཞུགསཿ ཞེས་གསུངས་པ་བཞིན་བན་བོན་གཉིས་ཀྱི་ཚད་མས་རྩོད་པ་བདེན་གཉིས་མཐུ་འགྲན་པ་སོགས་ཀྱི་རྣམ་ཐར་སྐོར་མཁའ་འགྲོའི་སྙིང་ཐིག་སོགས་ན་གསལ། གསུང་རྩོམ་སྐོར་ནི། མཁས་བཞི་མཛོད་འགྲེལ། མཁས་བཞི་གབ་འགྲེལ། ཤ་རིའི་སྒྲ་མདོ། ཤ་རིའི་གལ་མདོ། ཤ་རིའི་སྒྲ་འགྲེལ་སོགས་དང་། ཕྱི་ནང་གསང་བ་ཡང་གསང་གི་བོན་སྒོ་འཆད་པ་དང་རྩོད་པ། རྩོམ་པ། སྐད་བསྒྱུར་ལོ་ཙཱ་མཛད་པ་སོགས་ཀྱིས་གཡུང་དྲུང་བོན་གྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པའི་བཀའ་དྲིན་ཤིན་ཏུ་ཆེ་བར་གསུངས་སོ། །

སྨྲས་པ།

མཛད་འཕྲིན་རྒྱ་མཚོའི་དྲག་རླབས་མཁའ་ལམ་ན་འཕྱུར་བའི། །

ཀློང་ནས་བཏུས་པའི་རྣམ་ཐར་ཆུ་ཐིགས་ཀྱི་ནོར་བུ། །

ཚེ་རབས་ཀུན་ཏུ་བྱང་ཆུབ་ལམ་སྟོན་ལ་བསྒོམས་ན། །

བདག་སོགས་འགྲོ་རྣམས་གཏན་བདེའི་ས་ཆེན་ལ་ཁོད་ཅིག །

༼བོད་ཀྱི་སློབ་གསོའི༽དཔེ་ཚོགས་ལས་༼སྔ་རབས་བོན་གྱི་ལོ་རྒྱུས་མི་སྣའི་སྐོར༽ལས་དྲང

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག