ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> མེ་སྟོན་ཤེས་རབ་འོད་ཟེར།
མེ་སྟོན་ཤེས་རབ་འོད་ཟེར།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན།] [ཟླ་ཚེས། 11-05-26] [ཀློག་གྲངས། ]

      མཁྱེན་པའི་སྟོབས་ཀྱིས་ཤེས་བྱ་མ་ལུས་གཟིགས། །བརྩེ་བའི་ཐུགས་རྗེས་འགྲོ་བའི་སྡུག་བསྔལ་སེལ། །མཐའ་ཡས་འགྲོ་ལ་ལམ་སྟོན་གདམས་པའི་མཛོད། །འདོམས་ལ་འཇིགས་མེད་སྨྲ་བའི་དབང་བོར་འདུད། །རྨད་བྱུང་དགེ་མཚན་བྱེ་བས་མཛེས་པའི་སྐུ། །ལེགས་བཤད་གཞུང་བརྒྱ་མ་ལུས་སྟོན་པའི་གསུང་། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་ཐུགས། །སུམ་ལྡན་བླ་མས་དུས་ཀུན་ཤིས་པ་སྩོལ། །ཅེས་མཆོད་པར་བརྗོད་དེ་གང་གླེང་བར་བྱ་བ་ནི། ཇི་སྐད་དུ་ལུང་ལས། དྲན་པ་ནམ་མཁའི་སྤྲུལ་བ་ནི། །མེ་ལ་གནམ་གྲགས་བྱ་བ་འབྱུང་། །ཞེས་དང་། རྫུ་འཕྲུལ་ཡེ་ཤེས་རང་སྤྲུལ་ཞལ་ལུང་ལས། ཁ་བ་གངས་བཟང་ཤར་མགུལ་དུ། །ཤེས་རབ་འོད་ཟེར་བྱ་བ་འོང་། །དེ་ཡང་ང་ཡི་བྱིན་རླབས་སུ། །ཞེས་ལུང་དུ་མས་བསྔགས་ཤིང་མེ་སྟོན་ཤེས་རབ་འོད་ཟེར་ཞེས་སྙན་པའི་གྲགས་པ་གངས་ཅན་མཁས་གྲུབ་བྱེ་བའི་དབུས་ན་རླུང་ལྟར་གྲགས་པའི་སྐྱེས་མཆོག་དམ་པ་འདི་ཉིད་ནི། ཡར་འབྲོག་གི་ས་ཆ་སྟག་ལུང་ར་བ་དམར་པོ་ཞེས་སུ། མེ་ཉག་གི་གདུང་ལ་དད་པ་དང་སྙིང་རྗེ་ལྡན་པའི་ཡབ་གཡུང་དྲུང་གཉན་དང་ཡུམ་གུར་ཟ་དར་རེ་གཉིས་ལ། སྲས་གཉིས་བལྟམས་པའི་ཆུང་སྲས་ཀྱི་ཚུལ་དུ། རབ་བྱུང་དང་པོའི་ས་ཁྱི་སྟེ་སྤྱི་ལོ1058ལོར་འཁྲུངས། ཆུང་དུས་མིང་ལ་གནམ་གྲགས་ཞེས་སུ་བཏགས། དགུང་ལོ་དྲུག་བདུན་ནས་རང་གི་མེས་པོའི་མདུན་དུ་འབྲི་ཀློག་སོགས་སྦྱངས་པ་མཛད། དགུང་ལོ་བཅུ་གཉིས་སྟེང་ཞིང་བསྲུང་ས་ཆར་རྟ་སྟོན་དམ་པའི་མདུན་ནས། རིག་གནས་ཀྱི་སྐོར་དང་གཞུང་ལུགས་དུ་མར་གསན། དགུང་ལོ་བཅུ་དྲུག་སྟེང་སྐུ་མཆེད་གཉིས་གཙང་དུ་ཕེབས་ནས། ཞུ་སྐྱེ་སེའི་མདུན་དུ་གདམས་ངག་མང་དུ་ཞུས་ནས་རང་ཡུལ་དུ་ཕེབས། སླར་དགུང་ལོ་ཉེར་གཅིག་སྟེང་གཙང་དུ་བྱོན་སྐབས། ཞུ་སྐྱེ་སེ་ཆེན་པོ་དགོངས་པ་མཁའ་སྤྱོད་ཀྱི་གནས་སུ་གཤེགས་ཚུལ་བསྟན་པར་འཕྲད་པས། ཞུ་སྒྲོལ་བའི་མདུན་དུ་བྱང་སེམས་གབ་པ་དང་། སེམས་ཕྲན། མཛོད། ས་ལམ་སོགས་གཞུང་བཅུ་གསུམ་དང་། རིག་གནས་ཀྱི་སྐོར་ལ་མཁྱེན་ཚད་ལོ་གསུམ་ལ་རྟོགས་ནུས་ཀྱང་ཡུན་ཐུང་ཟེར་ནས། ལོ་བདུན་བར་དུ་གྲྭ་སར་བཞུགས་ཏེ་ཐོས་བསམ་མཛད་པ་མ་ཟད། ཞུ་སྒྲོལ་བའི་གདམས་པ་ཡོངས་རྫོགས་ཡི་གེར་བྲིས་ཏེ། མདོ་དབུས་ཁམས་གསུམ་ལ་ཁྱབ་པར་བྱས་སོ། །དགུང་ལོ་ཉེར་བདུན་ནས་སྤྱོད་ལམ་རྣལ་འབྱོར་བ་བྱས་ཏེ། སྐབས་རེར་དགོན་པ་དང་སྐབས་རེར་ལྡོམ་བུ་པའི་ཚུལ་གྱིས་དགེ་སྦྱོར་ཉམས་ལེན་བསྐྱངས། དེ་ནས་རྗེ་དགོངས་མཛོད་ཆེན་པོ་ཤངས་ཀྱི་ཕུག་ལེར་བཞུགས་ཡོད་པ་མཁྱེན་ནས། མདུན་དུ་བྱོན་ཞིང་གདམས་ངག་ཞུས་པས། གནས་ལུགས་ཀྱི་རྒྱུན་བསྐྱངས་ནས་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་ལྷང་ལ་ཤར། རྗེ་བཙུན་རི་ཁྲོད་པའི་ཞལ་ནས། བཙུན་པ་དང་རྣལ་འབྱོར་གཉིས་གཅིག་བཀག་གཅིག་བླངས་བཟང་ངན་དུ་བལྟས་ན་བདག་འཛིན་རྣམ་རྟོག་ཡིན་པས་འཁྲུལ་བ་སྤོངས། མདོ་སྔགས་གཉིས་ཟུང་དུ་འབྲེལ་བ་གོང་མའི་ཕྱག་ལེན་ཡིན་ཞེས་གསུངས་པས། དགུང་ལོ་ཉེར་བརྒྱད་སྟེང་འུ་ཡུག་ཡོན་པོ་རུ་རྗེ་བཙུན་དམ་པའི་མདུན་ནས། གཙང་ཁྲིམས་ཉེར་ལྔ་ཐུགས་སུ་བཞེས་ནས་ཤེས་རབ་འོད་ཟེར་ཞེས་མཚན་གྱི་ཅོད་པན་གནང་། དེར་ཁོང་གིས་བླ་མའི་གསུང་ཐམས་ཅད་ཡི་གེར་བྲིས་པ་སྤྱན་གཟིགས་སུ་ཕུལ་བས། རྗེ་བཙུན་དམ་པ་ཉིད་ཐུགས་ཤིན་ཏུ་དགྱེས་ནས། ངས་ལོ་བཅུ་གཉིས་ལ་བསྒོམས་པའི་འབྲས་བུ་རྣམས་ཁྱོད་ཀྱིས་ལོ་གཉིས་ལ་རྟོགས་ཞེས་གསུངས། འཁོར་གྱི་དབུས་སུའང་ཁྱོད་ཀྱིས་གདམས་ངག་ཐམས་ཅད་ཡི་གེར་བཏབ་ནས་འགྲོ་བར་འདུག ད་དུས་གཏན་དུ་བདག་གི་གམ་དུ་སྡོད་དགོས། མི་འདུག་ན་ང་རང་ཡང་གཏན་དུ་མི་འདུག་པར་མ་ཟད་གདམས་ངག་ཀྱང་གཏན་དུ་མི་འོང་། རང་དོན་དུ་སྒོམ་སྒྲུབ་དང་། གཞན་དོན་དུ་འཆད་ཉན། རང་གཞན་གཉིས་ཀའི་དོན་དུ་གསུང་རབ་རྣམས་ཕྲིས་ཤིག་ཅེས་གདམས་སོ། །དེར་ཁོང་གིས་རེ་ཞིག་བླ་མར་དགོངས་པ་ཞུས་ཏེ་རང་ཡུལ་ལ་ལྡོག་ནས། གཞི་དང་ཁང་ཁྱིམ་ས་ཞིང་རྣམས་གཅེན་པོར་ཕུལ། འཁོར་བར་བློ་ལྡོག་གི་བསླབ་བྱ་སོགས་གཅེན་པོ་ལ་དགེ་སྐུལ་ཡང་ཡང་གནང་བས། སྐུ་མཆེད་གཉིས་ཀྱིས་སྤོང་ཐག་ཐེངས་འགར་མཛད། ར་དམར་བྲག་ནས་མི་ཡི་འབྲེལ་བ་བཅད་ནས་ཡེངས་མེད་རྩེ་གཅིག་ཏུ་སྒྲུབ་པ་ཉམས་ལེན་མཛད། ཁོང་ཉིད་ཀྱིས་སྟག་ལུང་ནས་དད་ལྡན་ཀུན་ལ་བོན་སྦྱིན་གྱི་འཁོར་ལོ་ཐེངས་གསུམ་བསྐོར། དེ་ཡང་རྗེ་བཙུན་རི་ཁྲོད་པར་བཀའ་བབས་ཀྱི་སློབ་མ་བཞི་བྱུང་བ་ལས། ནུབ་ཏུ་སྐྱེ་མེད་དྲང་སྲོང་ལ་སྤྱོད་པ་ཆགས་མེད་ཀྱི་བཀའ་བབས། ཤར་དུ་བཞག་སྒོམ་ཆེན་འབར་བ་ལ་རྟོགས་པ་ལྷུན་འགྲུབ་ཀྱི་བཀའ་བབས། བྱང་དུ་ཕོ་སྒོམ་ཞིག་པོ་ལ་ཏིང་ངེ་འཛིན་སྒོམ་པའི་བཀའ་བབས། ལྷོ་རུ་ཡར་འབྲོག་མེ་སྟོན་ལ་ཚིག་དོན་སྒྱུ་མར་དབང་བའི་བཀའ་བབས་པ་ལྟར། མེ་སྟོན་ཉིད་ནི་འཆད་རྩོད་རྩོམ་གསུམ་གྱི་བཀའ་བབས་པའི་སློབ་མ་གཙོ་བོ་ཡིན་ཞིང་། མཁས་གྲུབ་དུ་མའི་དབུས་ནས་ཀྱང་རྗེ་བཙུན་སྨྲ་བའི་སེང་གེ་ཉིད་ངུར་སྨྲིག་གི་ཟློས་གར་བསྒྱུར་བའི་ཚུལ་དུ་རོལ་ཅིང་། ཕྱི་ནང་གི་གྲུབ་མཐའ་སྤྱི་དང་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ཐམས་ཅད་ལ་ཐོས་བསམ་སྒོམ་གསུམ་གྱི་གྲུབ་པའི་གོ་འཕང་མཐོན་པོར་བརྙེས་པས། འཆད་པའི་དུས་སུ་ཉིན་རེར་ཁྲིད་ཐེངས་དགུ་ནས་བཅོ་ལྔའི་བར་སློབ་མ་རྣམས་ཀྱི་རེ་འདོད་ལྟར་ཟབ་རྒྱས་ཀྱི་གདམས་ངག་ཆར་བཞིན་བསྙིལ་ཅིང་། རྩོམ་པའི་སྒོ་ནས་བསྟན་པའི་རྗེས་བཞག་ལའང་ཀློང་རྒྱས་གཞུང་འགྲེལ། རྣམ་དག ཀུན་རིག ཀུན་སྣང་། སྤྱི་སྤུངས་རབ་གནས་ཕྱག་བཞེས་སོགས་ཀྱི་སྐོར། ཁམས་འབུམ་རྒྱས་འབྲིང་བསྡུས་གསུམ། ཁྱད་པར་དུ་ལྟ་བའི་དོན་དུ་བྱང་ཆུབ་ལམ་རིམ་སུམ་བརྒྱ་བ། སྤྱོད་པའི་དོན་དུ་འདུལ་བ་ཀུན་བཏུས་དང་མདོར་བསྡུས་གཉིས། སྒོམ་པའི་དོན་དུ་དབུ་མ་བདེན་གཉིས་དང་ཚིག་བཞི་བོན་འཁོར། གཞན་ཡང་འདུལ་བའི་ལས་ཆོག་དང་རྗེ་བཙུན་རི་ཁྲོད་པའི་རྣམ་ཐར་ལ་སོགས་བསྟན་བཅོས་ཟབ་པ་དང་རྒྱ་ཆེ་བ་མང་དུ་བཞུགས། རྗེས་འཇུག་གྲོལ་ཚུལ་ནི། ཐོག་མའི་སློབ་མ་སུམ་པ་ཇོ་ཚུལ་དང་། གདམས་པའི་མཛོད་འཛིན་གཤེན་སྟོན་ནམ་མཁའ་རྒྱལ་མཚན། ཞུ་ཆེན་ཡེ་ཤེས་རིག་འཛིན། མེ་ཟུག་དྲང་སྲོང་འོད་ཟེར། སྤྲ་སྟོན་མཁས་པ་འོད་གསལ་རྒྱལ་མཚན་སོགས་གནས་ལུགས་མངོན་སུམ་དུ་རྟོགས་ཤིང་བསྟན་དང་འགྲོ་ལ་ཕན་པའི་སློབ་མ་མང་དུ་བྱུང་། མཐར་རབ་བྱུང་གཉིས་པའི་ཆུ་བྱི་སྤྱི་ལོ1132ལོ་སྟེ་དགུང་ལོ་དོན་ལྔའི་སྟེང་འཆད་ཁྲིད་ཀྱི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་མོ། །

 སྨྲས་པ།

བདག་སོགས་དགེ་འདིས་ཚེ་འདིར་བློ་ལོག་སྟེ། །

བདག་མེད་ལྟ་བ་རྒྱུད་ལ་ལེགས་འཆར་ནས། །

བདག་འཛིན་ཉོན་མོངས་ནད་རྣམས་རྩད་བཅོམ་ཞིང་། །

བདག་གཞན་གཉིས་མེད་མཉམ་པའི་དོན་རྟོགས་ཤོག །

 ༼བོད་ཀྱི་སློབ་གསོའི༽དཔེ་ཚོགས་ལས་༼སྔ་རབས་བོན་གྱི་ལོ་རྒྱུས་མི་སྣའི་སྐོར༽ལས་དྲངས།

 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག