རྗེ་བཙུན་ཁྲོ་ཚང་འབྲུག་ལྷའི་རྣམ་པར་ཐར་པ་མུ་ཏིག་ཕྲེང་བ།
རྗེ་རྩོད་མེད་གྲུབ་ཐོབ་འགྲོ་བའི་མགོན། །མཚན་ཡོངས་སུ་གྲགས་པའི་འབྲུག་ལྷ་དེ། །དུས་གཤེན་རབ་གསུང་གི་བསྟན་པ་ལ། །གནས་ཁྱད་པར་འཛམ་གླིང་སོག་ཁ་རུ། །སྐུ་མེ་ཏོག་ཨུད་འབར་ཚུལ་དུ་འཁྲུངས། །བསྟན་འདུལ་འཛིན་ཁྱིམ་སྤང་རབ་ཏུ་བྱུང༌། །ལས་བསླབ་གསུམ་དགེ་སྤྱོད་རྒྱན་གྱིས་སྤྲས། །ཐུགས་ སྤྲོས་བྲལ་དགོངས་པ་མཁའ་ལྟར་དག །དོན་འཁོར་འདས་གཉིས་ལ་རང་སར་གྲོལ། །ནང་གནས་ལུགས་རྟོགས་པའི་ངོ་བོ་ནི། །ཕྱི་གཞན་སྣང་ལོག་ལྟ་ཟིལ་གྱིས་གནོན། །གྲོགས་ཀེང་ཙེ་ཕྱྭ་ཡིས་ལུང་བསྟན་ནས། །བཀའ་བྱང་གཏེར་བོན་གྱི་དངོས་གྲུབ་བསྙེམས། །རི་གངས་ཅན་རྒྱུད་དུ་རྫུ་འཕྲུལ་བསྟན། །མཚན་སྙན་པ་བོད་ཀྱི་ཡུལ་དུ་གྲགས། །རྗེ་འགྲན་གྱི་ཟླ་མེད་ཁྱེད་ལ་བསྟོད།།
རྗེ་འབྲུག་གི་རྣམ་ཐར་ནི། རིགས་བཟང་ཁུངས་བཙུན་ནམ་འཕང་ལྡིང་གི་ནང་ནས། དར་ཚ་ཚོ་བཞི་ཡོད་པའི་ཁྲོ་ཚང་ཅིག་ཡིན་པར་གདའ། རྗེ་འབྲུག་གི་མེས་པོ་ནི་གཉན་ལ་རྒྱལ་བྱ་བ་ཡིན། དེ་ལ་སྲས་གཅིག་སྐྱེས། སློབ་དཔོན་ཐོག་གསས་དབང་གིས་མིང་གསས་མཁར་གཉན་བྱ་བ་བཏགས། གསས་མཁར་གཉན་དེ་ནོར་ལུག་ཉ་ར་དང་སོ་ནམ་མི་བྱེད་པ་ཅིག་བྱུང༌། མི་རྣམས་ཀྱིས་སོ་ནམ་མི་བྱེད་པ་ཅི་བཞིན་བྱས་ཙམ་ན། ང་ལྷས་འཚོ་བ་ཡིན་ཅེས་ཟེར། དེ་ནས་མིང་ཡང་ལྷ་འཚོ་རུ་བཏགས། ལྷ་འཚོས་ཞང་ཞུང་ཐོག་གསས་དབང་ལ་གེ་ཁོད་ཡང་སྙིང་དང༌། མན་ངག་གསེར་གྱི་ལི་ཚེ་ཞུས་ནས་བསྒྲུབ་པ་མཛད་པས། གེ་ཁོད་མངོན་སུམ་དུ་གྲུབ་ནས་སྨྱོས་པ་དང་སྲི་བུ་སོས་པ་གཅིག་བྱུང༌། གནག་རྟ་ལུག་གསུམ་དང་གསེར་གཡུ་མང་པོ་ཡོན་དུ་བསྡུས་ནས། དར་ཟ་སྒྲོན་མ་ལྡན་ཁབ་ཏུ་བཞེས། སྲས་གཉིས་ཡོད་པའི་ཆེ་བ་དེ་ཁྲོ་ཚང་ཐུབ་པ་ཡིན། ཆུང་བ་དེ་རྗེ་འབྲུག་ལྷ་ལགས་པར་གདའ། ཐུབ་པ་ལ་སྲས་བཞི་ཡོད་པའི་ཆུང་བ་དེ་རྗེ་བཙུན་རྩེ་མོ་ཡིན། ཚད་མེད་འོད་ཀྱི་ཐུགས་རྗེ་དང་ལྡན་ཞིང་སྔོན་གྱི་སྨོན་ལམ་ཤུགས་ཀྱིས། དུས་སྙིགས་མའི་གདུལ་བྱ་རྣམས་ཐུགས་རྗེས་འདྲེན་པའི་དུས་ལ་བབ་པས། བོད་ཁ་བ་ཅན་གྱི་ཞིང་ཁམས་འདིར་འགྲོ་བའི་དོན་ལ་དགོངས་ནས་བྱོན། རྗེ་འབྲུག་སྤྲུལ་པའི་སྐུ་དེས་རྫུ་འཕྲུལ་བསྟན་པའི་དང་པོ་ནི། ཡུམ་གྱི་ལྷུམས་སུ་བཞུགས་པའི་དུས་ན། གཤེན་ཚད་མེད་འོད་ལྡན་གྱི་སྤྲུལ་པ་འགྲོ་བའི་དོན་ལ་བྱོན་པའི་རྟགས་སུ་ཐེག་པ་ ཆེན་པོའི་བོན་རྣམས་ཁོང་གི་ཐུགས་རང་བཞིན་གྱིས་ཤར། ཁྱད་པར་བྱང་སེམས་གབ་པའི་ལྟ་དགོངས་ཀྱི་དོན་ཚིག་གི་གསུང་བསྒྲགས།
རྫུ་འཕྲུལ་གྱི་མངའ་བདག་རྗེ་འབྲུག་དེས་སྐྱེ་བ་བཞེས་པའི་རྣམ་ཐར་ནི། སྤྲུལ་བའི་སྐུ་འགྲོ་བའི་དོན་མཛད་པ། འཇིག་རྟེན་ཁམས་ན་གྲངས་མང་ཡང༌། ཁོང་གི་གྲུབ་རྟགས་དང་རྫུ་འཕྲུལ་ལ་སོགས་གདུལ་བྱ་ལ་མངོན་སུམ་དུ་བསྟན་ཅིང༌། གཞན་ལས་ཁྱད་པར་དུ་འཕགས་པའི་རྟགས། མེ་ཕོ་འབྲུག་གི་ལོ་ལ། ལོ་གསར་སྟག་གི་ཟླ་ཚེས་སུ་བཅོ་ལྔའིདུས་ཚོད་ཀྱི་དང་པོ་ནམ་ལངས་པ་དང་ཤེལ་ཚ་རྒྱལ་མོའི་གངས་ཀྱི་རྩེ་ལ་ཉི་མ་སེར་ལྷག་གེར་ཤར་བ་དང༌། བར་སྣང་ལ་འཕྱོ་བའི་གཡུ་འབྲུག་གཅིག་གིས་མུ་མེད་ནམ་མཁའི་དབྱིངས་སུ་དབྱངས་སྙན་པ་ཐེངས་གསུམ་བསྒྲགས་པའི་རྟིང༌། རྗེ་འབྲུག་སྐུ་འཁྲུངས་པ་དང་དུས་མཉམ་དུ་བྱུང༌། ཡུམ་སྒྲོན་མ་ལྡན་གྱིས་གཟིགས་པས། ཚེམས་དཀར་སུམ་བཅུ་རྩ་གཉིས་ཚང་ཞིང༌། ཁྱད་པར་གཟི་མདངས་དང་ལྡན་པ་གཅིག་གདའ། ཞང་ཞུང་གི་གཤེན་པོ་ཐོག་གསས་དབང་གིས། མངོན་ཤེས་སལེ་མངའ་བ། ཡབ་ཀྱིས་ཞེ་ས་ཕུལ་ནས་ཞུས་པ། ངེད་ཀྱི་བུ་འདི་ཡོད་པའི་དུས་ཚོད་ནི་དུས་ཁྱད་པར་ཅན་དུ་སྣང་བས། སྔ་དྲོའི་དང་པོ་ནམ་ལངས་པ་དང༌། རི་རྩེ་ལ་ཉི་མ་ཤར་བ་དང༌། སྒྲ་སྙན་པ་ཀུན་ཏུ་གྲགས་པ་དང༌། ཚེམས་དཀར་སུམ་བཅུ་རྩ་གཉིས་ཚང་ཞིང་འདུག་པས། འདི་རྣམས་ཅི་ཡི་རྟགས་ཡིན་ཞུས་པས། སློབ་དཔོན་ཐོག་གསས་དབང་གི་ཞལ་ནས། མཚན་དང་ལྡན་པའི་སྐྱེས་བུ་གཅིག དུས་འདིར་སྐུ་འཁྲུངས་ནས་འདུག་པས། བདེ་བར་གཤེགས་པའི་རྣམ་སྤྲུལ་ཅིག་འགྲོ་བའི་དོན་ལ་བྱོན་པའི་ཡིན། ལོ་སར་སྟག་གི་ཟླ་བའི་དུས་ཚོད་ཀྱི་དང་པོ་ནམ་ལངས་པ་ནི། གཤེན་རབ་ཀྱིས་སྐྱེ་བ་བཞེས་པའི་དུས་ཡིན་པས། འགྲོ་དོན་མཐའ་རུ་ཕྱིན་པའི་རྟགས་ཡིན། ཤེལ་ཚ་རྒྱལ་མོའི་གངས་ཀྱི་རྩེ་ལ་ཉི་མ་ཤར་ཙམ་ན་སྐུ་འཁྲུངས་པ་དེ། རི་བོ་གངས་ཅན་གྱི་རྒྱུད་འདིར་སྐུའི་བཀོད་པ་དང༌། རྣམ་སྤྲུལ་གྱིས་འགྲོ་བའི་དོན་མཛད་པའི་རྟགས་ཡིན། ཚེམས་དཀར་བཞི་བཅུ་རྩ་གཉིས་ཚང་ཞིང་ཁྱད་པར་གཟི་མདངས་དང་ལྡན་པ་དེ། གཞན་སྣང་ཟིལ་གྱིས་གནོན་པའི་རྟགས་ཡིན། བར་སྣང་ལ་འཕྱོ་བའི་གཡུ་འབྲུག་གིས་མུ་མེད་ནམ་མཁའི་དབྱིངས་སུ་དང་པོ་གསུང་སྙན་ པ་ཐེངས་གཅིག་བསྒྲགས་པ་དེ་སྤྲུལ་པའི་སྐུ་བོད་ཡུལ་དབུས་སུ་འགྲོ་བའི་དོན་ལ་བྱོན་ཟེར་བ་ཡིན། བར་དུ་ཐེངས་གཅིག་བསྒྲགས་པ་ནི། མཚན་སྙན་པ་བོད་ཡུལ་དུ་བསྒྲགས་ཤིང༌། རྫུ་འཕྲུལ་སྟོན་པ་གཅིག་བྱུང་ཟེར་བ་ཡིན། རྟིང་ལ་ཐེངས་གཅིག་བསྒྲགས་པ་དེ་དབྱིངས་ནས་ཡེ་ཤེས་ལྷའི་ལུང་སྟོན་གདུལ་བྱ་ལ་བྱོན་པའི་གསུང་བསྒྲགས་པ་ཡིན་པས་ཁོང་གི་མཚན་འབྲུག་ལྷའི་ལུང་བསྟན། དུས་དེར་ལས་དག་པའི་སྐྱེས་བུ་སློབ་མ་ལས་འཕྲོ་ཡོད་པའི་གང་ཟག་རྣམས་མཚན་ཐོས་པ་ ཙམ་གྱིས་སྤྲོ་བ་སྐྱེས་སོ། དེ་ནས་རེས་གཅིག་རྗེ་འབྲུག་གིས་དགུང་ལོ་གཅིག་བཞེས་པའི་དུས་སུ་ཉིན་གཅིག་ཡུམ་མ་ཁོམ་ནས། ནམ་ལངས་ནས་ཉི་མ་མ་ཐག་གི་བར་དུ་གསོལ་བ་དྲང་ཙམ་ན། ཅི་ཡང་མི་གསུང་བར་གཞི་གནས་༼ལུགས་༽ཀྱི་ངང་ལ་སྔ་དྲོ་ཞལ་གཟིགས་པ་ན་ཕྱེ་འབྲེལ་གྱི་གཟིགས་ནས་སྣང༌། ཡུམ་གྱིས་ཅི་འདྲ་བལྟམས་ནས་ཞག་འགའ་ལ་གསོལ་བ་མ་དྲང་ཙམ་ན་ཅི་ཡང་མི་གསུང་བར་ལྷོད་དེ་བཞུགས་ནས་སྣང༌། རྗེ་འབྲུག་དགོངས་པའི་ངང་ལ་བཞུགས་ཙམ་ན་འཚོ་བ་མ་གསོལ་ཡང་ཁོང་ལ་བཀྲེས་སྐོམ་མི་མངའ་བར་གདའ། ཡང་རེས་གཅིག་རྗེ་འབྲུག་ཡུམ་སྲས་གཉིས་སྦྲའི་ན་གཟིམས་ནས་ཡོད་ཙམ་ན། ནམ་ཕྱེད་ཙམ་ན་ཁོང་མི་སྣང༌། ཡུམ་གྱིས་རུ་བའི་ལྷས་ཁོང་དང་གཡས་གཡོན་ཀུན་ཏུ་བཙལ་བས་མ་རྙེད། ཁོང་གིས་རུ་ཞབས་ན་རབ་ཚུགས་མི་ཚུགས་ཙམ་གྱི་ཆུ་ཆེན་པོ་ཞིག་ཡོད་པའི་ཕར་ཁ་ན་ཨ་མ་ང་འདི་ན་ཡོད་ཟེར། དེར་ཡུམ་གྱིས་ཐེ་ཚོམ་མ་ཟོས་པར་སོང་ནས་ཁོང་བླངས་ནས་འོངས། ཡང་རེས་གཅིག་རྗེ་འབྲུག་གིས་དགུང་ལོ་བཅུ་ལོན་པའི་དུས་སུ་ཁོང་གི་ཡུམ་གྲོངས།
རྗེ་འབྲུག་གི་ཞལ་ནས་ཡུམ་གྱི་སྤུར་བཞུ་བའི་ཤིང་ང་རང་གིས་བཙལ་བས་ཆོག་གསུངས་ནས། དེ་ནུབ་བཞུད་ནས་ཐལ་ཙམ་ན། ནངས་པར་ཡུལ་དེ་ན་མེད་པའི་ཙན་དན་ཁུར་པོ་གཅིག་ཕོག་ནས་འདུག ཡབ་ཀྱི་ཞལ་ནས་འདི་ཡིས་མི་ཚོས་ལས་ཆེ་གསུངས་པས། རྗེའི་ཞལ་ནས། ངས་དོ་ནུབ་སྟག་གཟིག་ཡུལ་ནས་བླངས་ནས་འོངས་པ་ཡིན། འདི་ཙམ་རེས་ཚོས་པའི་ཚད་ཡིན་གསུངས་ནས། ནངས་པར་ཡུམ་གྱི་སྤུར་བཞུས་པས་ཚོས་པའི་ཚད་བྱུང༌། ཡུམ་གྱི་དགེ་རྩ་རྣམས་མཐར་ཕྱིན་པར་མཛད། དེ་ནས་ལྷ་འཚོས་ཞབས་ཐོག་པ་ལ་འབྲོང་ཟ་ཁྲི་བཙུན་བཙལ། ཁྲི་བཙུན་ལ་སྲས་གཅིག་འཁྲུངས། སློབ་དཔོན་ཐོག་གསས་དབང་གི་ཞལ་ནས། མི་རིགས་རྒྱུད་ཅན་ལ་མིང་བཟང་པོ་འདོགས་དགོས་པ་ཡིན་པས་མཚན་གཡུང་དྲུང་རྒྱལ་ཐོགས་གསུངས། དེའི་རྗེས་ལ་བུ་མོ་གཅིག་ཡོད་དེ། དེ་ལ་མིང་དད་པ་ཤེས་རབ་ཏུ་བཏགས། ཕྱིས་ཁྲོ་༼ཚང་༽བཙུན་མ་བྱ་བ་དེ་ཡིན། ཡང་རེས་གཅིག་རྗེ་འབྲུག་གིས་བྱང་སེམས་གབ་པ་ལ་སོགས་ཐེག་པ་ཆེན་པོའི་བོན་རྣམས་ཁོང་རང་གི་ཐུགས་ལ་མངའ་ཡང༌། ར་ལྗག་བླ་ཆེན་ལ་གདུལ་གཞན་གྱི་སྣང་ངོ་རུ། སེམས་ཕྱོགས་བོན་རྣམས་གསན་པའི་ཚུལ་མཛད། ས་དེ་ན་མེ་ཤིང་དཀོན་པ་ལ། ཁོང་གི་ཞལ་ནས། ཉན་གསན་བྱེད་པའི་གྲོགས་པོ་རྣམས། ཁྱོ་རྣམས་ཉན་གསན་མཛད་པའི་རིང་ལ་མེ་ཤིང་བདག་གིས་སྤྲད་པས་ཆོག་གསུངས། རོགས་རྣམས་ཀྱིས་ནམ་བཞུད་མ་ཚོར་བར་རྫུ་འཕྲུལ་གྱིས་སྡོང་སྐམ་བླངས་ནས་དེར་འཚོགས་པའི་གང་ཟག་རྣམས་ལ་མེ་ཤིང་ཁོང་གིས་སྦྱར་ནས་གདའ། ཡང་རེས་གཅིག་ཡབ་ཀྱི་ཞལ་ནས། མི་དྲག་པ་གཅིག་ལ་གསེར་གཡུ་མང་པོ་བྱིན་ནས། གཉེན་གཅིག་བྱ་དགོས་གསུངས་པས། རྗེ་འབྲུག་གི་ཞལ་ནས། འཁོར་བའི་གདོས་ལ་བཏག་ན་སྡུག་བསྔལ་གྱི་རྒྱུ་ཡིན། འཁོར་བ་ལ་འབགས་ན་ངན་སོང་གི་གཞི་ཡིན་པས་ཐར་པའི་འབྲས་བུ་ཐོབ་ པ་དཀའ། ང་ནི་འཁོར་བ་ལ་མི་འབགས། དལ་འབྱོར་མི་ལུས་ཐོབ་པའི་གང་ཟག་དད་པ་ཅན་རྣམས་འཛམ་བུ་གླིང་དུ་སྐྱེས་དུས་འདིར་འཁོར་བའི་འདམ་རྫབ་སྤངས་ནས་ཁྱིམ་སྤང་རབ་ཏུ་བྱུང་ན་ཐར་པའི་འབྲས་བུ་ཐོབ་པ་ཡིན། ང་ཡང་རྟེན་རབ་ཏུ་བྱུང་དགོས་གསུངས་ནས་དགུང་ལོ་བཅུག་གཅིག་ལོན་པའི་དུས་སུ་སྡོམ་པ་ལེན་པ་ལ་བྱོན། མཁན་པོ་གཉོས་ལག་དྲུག་གི་དྲུང་དུ་དྲང་སྲོང་ཆིག་རྫོགས་མཛད་ནས། དག་པ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་ལ་ཉེས་པའི་སྐྱོན་གྱིས་མ་གོས་པར་ སྤྱན་གྱི་འབྲས་བུ་བཞིན་དུ་བསྲུངས་སོ། ཡང་རེས་གཅིག་རྗེ་འབྲུག་གི་ཞལ་ནས། ཁྱེའུ་ཆུང་ཁྱེད་གང་ནས་འོངས། གར་འགྲོ་སུ་ལ་དོན་ཞུས་ཙམ་ན། ཁྱེའུ་ཆུང་དེའི་ཞལ་ནས། །ང་ནི་རི་རབ་ཀྱི་རྩེ་ནས་འོངས། །ཕྱྭ་ཀེང་ཙེ་ལན་མེད་བྱ་བ་ཡིན། །བདག་གིས་ཁྱེད་ལ་དངོས་གྲུབ་སྦྱིན། །རྒྱ་བོ་ཁྱུང་ལྡིང་ཡང་རྩེ་ན། །མ་ཐང་ཤེལ་གྱི་གསང་ཕུག་ཏུ། །ཐ་རམ་ལྕགས་ཀྱི་སྒམ་བུའི་ནང་ན། །གཡུང་དྲུང་བོན་གྱི་གཏེར་མཛོད་ཡོད། །ཁྱོད་ལས་ཅན་ཡིན་པས་དངོས་གྲུབ་ལོངས། །གསང་སྒྲུབ་གསང་བའི་མན་ངག་ནི། །ཤིན་ཏུ་གསང་ལ་ཐུགས་ལ་སྤྱོད། །གསང་བའི་བཀའ་རྒྱ་མ་ཉམས་ན། །འབྲས་བུ་དངོས་གྲུབ་མྱུར་དུ་ཐོབ། །སྐྱེ་བ་འདི་ཡི་ཡང་སྔ་ལ། །ཕྱྭ་ཡུལ་གསལ་བ་གོང་ཐང་ནས། །སློབ་དཔོན་གཅིག་པའི་མཆེད་གྲོགས་ཡིན། །བདག་གི་རྐང་མཐིལ་གཡས་པ་ན། །རྐང་མགྱོགས་རླུང་གི་འཁོར་ལོ་ཡོད། །དེ་ཡང་བདག་གིས་ཁྱེད་ལ་བཞིན། གསུངས་ནས་རྐང་མགྱོགས་ཀྱི་རྫུ་འཕྲུལ་དེ་དུས་ཐོབ་ནས་ཤེལ་རྡོ་སྦྲེལ་བའི་ལམ་ལ་ བཞུད་ནས། མ་ཐང་ཤེལ་གྱི་གསང་ཕུག་ཏུ་བྱོན། ཐ་རམ་ལྕགས་ཀྱི་སྒམ་བུའི་ནང་ནས། གཡུང་དྲུང་གི་བོན་རྣམས་གཏེར་ནས་གདན་དྲངས་ནས། བསྟན་པ་སྐུའི་དཔེའུ་རྩེ་དང༌། བསྒྲགས་པ་གསུང་གི་དཔེའུ་རྩེ་དང༌། བསྒྲུབ་པ་ཐུགས་ཀྱི་དཔེའུ་རྩེ་དང༌། དཔེའུ་རྩེ་རྣམ་པ་གསུམ་དང། ཞི་བ་ལྷ་ཁུག་དང༌། ཁྲོ་བོ་ཕྲིན་ལས་ཁུག་དང། ཨ་དྲུག་གནད་ཁུག་ལ་སོགས་ཏེ། ཁུག་སྨད་བཅོ་བརྒྱད་ཀྱི་སྐོར་དང༌། གཤེན་ལྷ་མཚན་བཅས་མཚན་མེད་དང༌། དབང་གི་ཁྱུང་མོ་དམར་མོ་དང༌། དབལ་མོ་ལས་ཀྱི་ཐིག་ལེ་དང༌། སྲོག་གི་སག་རྡར་ཆེ་ཆུང་དང༌། གཉན་གྱི་སྙིང་བཅོས་དཀར་ནག་དང༌། དེ་རྣམས་ཞལ་ཕྱེ་ནས། དབལ་མོ་ལས་ཀྱི་ཐིག་ལེ་དང༌། སྲོག་གི་སག་རྡར་ཆེ་ཆུང་དང༌། གཉན་རྗེ་གོང་སྔོན་གྱི་ཕྱི་བསྒྲུབ་དང། ཨ་མ་དྲེད་དེའི་ནང་བསྒྲུབ་རྣམས། བསྟན་པ་བསྲུང་ཕྱིར་སོ་སོར་སྤེལ། དཔེའུ་རྩེ་རྣམ་གསུམ་དང་ཁུག་སྨད་བཅོ་བརྒྱད་ཀྱི་བོན་སྐོར་ནི། ལོ་གཅིག་གསང་ནས་ཀུན་ལ་སྤེལ། ལུང་སྟོན་བྱུང་བའི་དུས་སུ་ཡང་གསང་གསུངས་པ་དང༌། གསང་སྒྲུབ་གསང་བའི་མན་ངག་ནི། མ་སྤེལ་ཐུགས་ཀྱི་དཀྱིལ་དུ་གབ། ཀུན་ལ་གསང་ནས་ཡི་དམ་མཛད། མཁས་པ་མི་བཞི་ལ་སོགས་རིག་འཛིན་རྣམས་ཀྱིས་བོན་གཏེར་དུ་སྦས་ཚུན་ཆོད་ལ། བོད་ཁ་བ་ཅན་གྱི་ཞིང་ཁམས་སུ་བོན་གཏེར་ལ་རྗེ་འབྲུག་ལས་སྔ་བ་མེད་པར་གདའ།
དེ་ནས་བླ་མ་གཤེན་ལ་སོགས་སྤྲུལ་པའི་སྐུ་རྣམས་ཀྱིས། ལྷོ་གཏེར་དང་བྱང་གཏེར་ལ་སོགས་གཏེར་ཁ་ རྣམས་རིམ་གྱིས་ཞལ་ཕྱེ་ནས་བོད་ཡུལ་མུན་པའི་སྨག་རུམ་དུ་གསལ་བའི་སྒྲོན་མེ་ བཏེགས་ནས་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད། ཡང་རེས་གཅིག་རྗེ་འབྲུག་གིས་ཀུན་བཟང་གི་ཞལ་གཟིགས་ཚུལ་ནི། སྟག་ལུང་གི་གནས་མཆོག་ན། དགོངས་པ་ལ་བཞུགས་ནས་ཡོད་ཙམ་ན། རིག་པ་གསལ་སྟོང་གདངས་དང་ཆས་པ་ཉམས་དགའ་ཞིང་དྭངས་པ་སྤྲོ་བ་གཅིག་བྱུང༌། དེའི་དུས་སུ་ལས་དག་པའི་གཟིགས་ཚུལ་ལ་གཞའ་ཚོན་འཐིབས་པའི་ནང་ན་དབྱིངས་ནས་བྱུང་ བའི་ཁྱེའུ་ཆུང་སྐུ་མདོག་ཤེལ་དཀར་དྭངས་པ་འདྲ་བ། དཀར་ལ་གསལ་བའི་མདངས་ཆགས་པ། དར་དཀར་གྱི་རལ་ཁ་སྐུ་ལ་གསོལ་བ། མཛེས་པ་ཤེལ་གྱི་རྒྱན་ཆ་ལ་འོད་ཟེར་སྣ་ཚོགས་ཀྱིས་སྤྲས་པ། ་པར་གཟི་མདངས་དང་ལྡན་ཞིང་གསལ་༼ལ་༽འཚེར་བའི་འོད་འཕྲོ་བ། མདུན་གྱི་ནམ་མཁའ་ལ་མ་སྒྲིབ་པར་ལྷག་གེར་བཀྲ་ལ་གསལ་བར་སྣང༌། ཞལ་གཟིགས་པ་ཙམ་གྱིས་སྤྲོ་བ་བསྐྱེད། ཁྱེའུ་ཆུང་དེའི་ཞལ་ནས། བདག་ནི་འོག་མིན་གནས་མཆོག་ནས་འོངས། །འགྲོ་བའི་དོན་མཛད་ལས་ཅན་ཁྱོད། །སྔོན་གྱི་ལས་ཀྱི་འཕྲོ་སད་ནས། །ད་ལྟ་བདག་དང་མཇལ་བ་ཡིན། །གནས་འདིར་འགྲོ་དོན་རྫོགས་པ་དང༌། །དེ་ནས་འོག་མིན་གནས་སུ་བཞུགས། །སྐྱེ་བ་མི་ལེན་མངོན་སངས་རྒྱས། །ཞེས་གསུངས་ནས་སྐལ་ཅིག་ལ་ཁྱེའུ་ཆུང་དེ་ནམ་མཁའི་དབྱིངས་སུ་འཇའ་ཚོན་གྱི་འོད་དུ་ཡལ་ནས་སོང་ངོ༌།
ཡང་རེས་གཅིག་ཙམ་ན། ཡབ་རྫ་མཁན་སྣང་བྱེད་དང་ཡུམ་བྲམ་ཟེ་མ་གཉིས་ཀྱི་སྲས་དམ་པ་རྒྱ་གར་བྱ་བའི་གྲུབ་ཐོབ་དེ། བོད་ཡུལ་དུ་ལན་གསུམ་བྱོན་པའི་སྔ་རེས་ལ། མངའ་རིས་ཀྱི་ས་ཆ་ལ་བྱོན། རྗེ་འབྲུག་སྟག་ལུང་དུ་བཞུགས་ནས་ཡོད་ཙམ་ན། ཉི་མ་ནུབ་ཕྱོགས་ནས་འོད་དཀར་པོ་གཅིག་ཤར་བ་ཐུགས་ལ་བྱུང༌། དེ་ནས་རྗེ་འབྲུག་ལ་སྟོད་བྱང་ནས་ཡར་བྱོན་ཞང་ཞུང་གླིང་གི་རུ་བ་ལ་ཕེབས་ནས་ཡོད་ཙམ་ན། དམ་པ་རྒྱ་གར་བཞུགས་ནས་འདུག རྗེ་འབྲུག་གི་ཐུགས་ལ་མཐའི་ཨ་ཙ་ར་འདི་ལ་ལྟ་དགོངས་ཇི་ཙམ་ཡོད་སྙམས་ནས། ཁོང་རྣམ་གཉིས་ཞལ་མཇལ་བ་དང༌། དམ་པའི་ཞལ་ནས་རྗེ་འབྲུག་ལ་ཁྱེད་ཀྱིས་ཅི་ཤེས་པ་གཅིག་ཡིན་ཟེར། རྗེ་འབྲུག་གི་ཞལ་ནས། ངས་ཉུང་ངུ་དང་ཕྲ་མོ་ལ་མང་པོ་སྤྲོ་ཤེས་པ་གཅིག་ཡིན། དུ་མ་ཐམས་ཅད་གཅིག་ཏུ་དྲིལ་ཤེས་པ་གཅིག་ཡིན། གཅིག་པོ་དངོས་མེད་དུ་གཏོང་ཤེས་པ་གཅིག་ཡིན་ཟེར། དམ་པའི་ཞལ་ནས་འོ་ན་ཁྱོད་ཀྱིས་ང་ལ་དུ་མའི་མངོན་ཤེས་གཅིག་མངོན་སུམ་དུ་སྟོན་ དང་གསུངས། རྗེ་འབྲུག་གིས་ལྷོ་བོད་གཉིས་ཀྱི་སོ་མཚམས་སུ་བྲག་སེང་གེ་དགུང་དུ་མཆོང་བ་འདྲ་བའི་རྩེ་ལ་བྱོན། རྔ་གཡུ་འབྲུག་འཁྱིལ་བ་ལ་བཅིབས་ནས་ནམ་མཁའི་ཁམས་ནས་ཡར་འུར་སྒྲ་ཆེན་པོ་གཅིག་དང་བཅས་ནས་འཕུར། དོག་མོ་ས་ཡི་སྟེང་དུ་ཕེབས་ཙམ་ན། བྱ་བབས་པ་བཞིན་དུ་འཕུར་སླེབ་སྣང༌། དམ་པའི་ཞལ་ནས། ཁྱེད་ཀྱི་དེ་ནན་ཏར་ངོ་མཚར་ཆེ། ངས་ཀྱང་གཅིག་ཨེ་འོང་ངམ་ལྟས་གསུངས་ནས། ཁྲུ་བདུན་གྱི་ནམ་མཁའ་ལ་དཀྱིལ་མོ་དྲུང་བཅས་ནས་གྲོ་གཅིག་གསོལ་བར་ཙམ་ལ་བཞུགས། རྗེ་འབྲུག་གི་ཞལ་ནས་དམ་པ་ཁྱེད་ཀྱིས་ཅི་ཤེས་པ་གཅིག་ཡིན་གསུངས། དམ་པའི་ཞལ་ནས་ངས་རྡུལ་ཞི་བྱེད་ཤེས་གསུངས། ཁོང་རྣམ་གཉིས་འགྲོགས་ནས་བྱང་སྟག་ལུང་དུ་བྱོན། རྗེ་འབྲུག་གིས་གཡུང་དྲུང་ལྷ་སྐད་དང་ཞང་ཞུང་གི་༼སྐད་༽མང་དུ་བཙུག་༼བཅུག་༽ནས་ སྒྲོན་མ་རྣམ་གསུམ་བཀོད། དམ་པས་ཞི་བྱེད་ཀྱི་བཀའ་བབ་དང་པོ་གསུངས། ཁོང་རྣམ་པ་གཉིས་སྟག་ལུང་དུ་ཡུན་རིང་དུ་བཞུགས།
ཡང་དམ་པའི་ཞལ་ནས་ངེད་རང་གཉིས་ཚོགས་འཁོར་ཅིག་བྱེད་དགོས་གསུངས། ཁོང་རྣམ་པ་གཉིས་ཀྱིས་ཚོགས་འཁོར་གྱི་ཡོ་བྱད་རྣམས་བཤམས་ནས་ཚོགས་ལས་རྣམས་ཚར་ཙམ་ན། དམ་པས་ཚོགས་ཀྱི་ཡོ་བྱད་ཁྱེར་ནས་ནམ་མཁའ་ལ་བྲོས། རྗེ་འབྲུག་གིས་རྔ་ལ་བཅིབས་ནས་བར་སྣང་ལ་དེད། ནམ་མཁའི་མཐོངས་སུ་སླེབས་ནས་དམ་པ་རྩིར་གྱིས་བཟུང༌། དེ་གཉིས་ཀ་གདན་ལ་བཞུགས་ནས་ཚོགས་ཀྱི་དངོས་གྲུབ་བླངས། དམ་པའི་ཞལ་ནས་རྫུ་འཕྲུལ་གྱི་རྩེད་མོ་དེ་ཡང་ལེགས་པར་བྱུང་གསུངས། ཡང་དམ་པ་དང་རྗེ་འབྲུག་གཉིས་འགྲོགས་ནས་བྱོན་ཙམ་ན། ལམ་ལ་མཛེ་པོ་གཅིག་གི་རོ་དང་འཕྲད། དམ་པའི་ཞལ་ནས་ཁོ་ལས་ཅན་ཅིག་བྱུང༌། འོ་སྐོལ་གཉིས་ཀྱིས་ཁོའི་ཤ་ཟོས་ཤིང་སྨོན་ལམ་བཏབ་ན་ཁོ་ངན་སོང་དུ་མི་ལྟུང་ངོ་གསུངས་སོ། རྗེ་འབྲུག་གི་ཞལ་ནས། ང་ནི་མི་ཤ་མི་ཟ་ཁྱོད་རང་ཟོས་གསུངས་ནས་བཞུགས་མ་ཉན་པར་སྔོན་ལ་བཞུད་ནས་སོང༌། དམ་པས་གྲི་བཏོན་ནས་ཤ་ཁམ་པ་འགའ་ཅིག་བཅད་ནས་གསོལ་ཙམ་ན། བྱ་རྒོད་ཅིག་འཕུར་ནས་བྱུང༌། མཛེ་པོའི་ཤ་དེ་ལ་ཁམ་པ་འགའ་བཟོས། དེ་ནས་ཕ་བོང་གཅིག་གི་སྟེང་དུ་བབ་ནས་སྣང༌། དམ་པས་རྗེ་འབྲུག་ཡིན་པར་མཁྱེན་ནས་ཚུར་བྱོན་དང་མི་འདི་ལ་སྨོན་ལམ་ཅིག་བཏབ་གསུངས། རྗེ་འབྲུག་གིས་རྫུ་འཕྲུལ་བཤིགས་ནས་དམ་པའི་རྩར་བྱོན། རྗེ་འབྲུག་གི་ཞལ་ནས། སྲིན་པོ་ནི་མ་ཡིན་མིས་གྲི་བཏོན་ནས་མིའི་རོ་ལ་བཅད་ཅིང་ཟོས་པའི་དཔེ་མེད། མི་ཤ་ཟ་ན་ང་ཡི་ལུགས་འདི་བཞིན་གྱིས་གསུངས། ཡང་རེས་གཅིག་རྗེ་འབྲུག་དང་དམ་པ་གཉིས་ལྷན་ཅིག་ཏུ་བཞུགས་ནས་ཡོད་ཙམ་ན། ཆར་དྲག་པོ་ཆེན་པོ་ཅིག་བབས། དམ་པ་རིལ་མ་གཅིག་གི་སེར་ཁ་ན་བཞུགས་ནས་རྗེ་འབྲུག་ལ་སེམས་ཤོང་ན་ལུས་ཤོང༌། ཁྱེད་ཀྱང་བྱོན་དང་ངེད་རང་གཉིས་ཆར་ཡིབ་བྱེད་གསུངས། རྗེ་འབྲུག་གིཐུགས་ལ་དམ་པས་ཀྱང་འདས་མ་འོང་ད་ལྟར་གསུམ་ག་མི་མཁྱེན་པ་ཡིན་ནམ་ དགོངས་ནས་ཤོ་མོ་འདབས་གཅིག་གི་འོག་ཏུ་བཞུགས། དར་ཅིག་ཙམ་ན་ཤྭ་འུད་གཅིག་བྱུང་ནས་རིལ་མ་ཁྱེར། རྗེ་འབྲུག་ལའོ་རྒྱུག་ང་ཆུ་ཡིས་ཁྱེར་གསུངས། རྗེ་འབྲུག་བྱོན་ནས་རིལ་མ་དེ་ཆུའི་ནང་ནས་བཏོན།
ཡང་རེས་གཅིག་ཁོང་རྣམ་གཉིས་སྟག་ལུང་དུ་བཞུགས་ནས་ཡོད་ཙམ་ན། ནུབ་ཕྱོགས་བདེ་ཆེན་གྱི་ཡུལ་ནས་ཡོང་བའི་གཡུ་ལོ་མ་བྱ་བའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ གཅིག་གིས་དམ་པའི་ཕྱག་རྒྱ་མ་མཛད་ཅིང་ཡོད་ཙམ་ན། རེས་གཅིག་ན་གཡུ་ལོ་མ་དེས་དམ་པ་ལ་ཕྱག་རྒྱ་མོ་མ་དགའ་ནས། སེང་འཚེར་མོ་གཅིག་ལ་སྤྲུལ་ནས་གངས་རིའི་རྩེ་ལ་མཆོང་བ་རེ་བྱས་ནས་ཨོ་རྒྱན་གྱི་ཡུལ་དུ་བྲོས། རྗེ་འབྲུག་གིས་མཁྱེན་ནས་དམ་པའི་རྩར་བྱོན། དམ་པའི་ཞལ་ནག་ཏིང་ངེ་སྣང༌། རྗེ་འབྲུག་གི་ཞལ་ནས། དམ་པ་ལྟ་བ་གཅིག་མཛད་པར་ཞུ་བྱས་ཙམ་ན། ལྟ་བ་ཅི་ཡོད་པ་ཡང་གཡུ་ལོ་མའི་ཕྱི་ལ་སོང་གསུངས། དམ་པ་སྒོམ་པ་གཅིག་མཛད་པར་ཞུ་བྱས་ཙམ་ན། སྒོམ་པ་ཅི་ཡོད་པ་ཡང་གཡུ་ལོ་མའི་ཕྱི་ལ་སོང་གསུངས། དམ་པ་སྤྱོད་པ་གཅིག་མཛད་པར་ཞུ་བྱས་ཙམ་ན། སྤྱོད་པ་ཅི་ཡོད་པ་ཡང་གཡུ་ལོ་མའི་ཕྱི་ལ་སོང་གསུངས། གཡུ་ལོ་མ་ཨོ་རྒྱན་ཡུལ་དུ་སོང་བ་ལ་དམ་པ་མ་མཉེས་ལགས་སམ་ཞུས་ཙམ་ན། ཐབས་ཤེས་རབ་ཡ་བྲལ་བ་ཡིན་གསུངས། རྗེ་འབྲུག་བྱ་ཁྱུང་སུམ་གྲུས་གཅིག་ཏུ་སྤྲུལ་ནས་ནམ་འཕང་རླབས་ཀྱིས་བཅད་ནས་བདས། ཨུ་རྒྱན་ཅུང་མ་སླེབས་པའི་གངས་རི་གཅིག་གི་ཁ་རུ་སེང་གེ་བབས་ནས་སྣང༌། བྱ་ཁྱུང་གི་སྡེར་མོས་སེང་གེ་དེའི་གཡུ་རལ་བསྡུས་ནས་ཕྱིར་ཁྲིད་ནས་འོང༌། དམ་པའི་རྩར་སླེབ་ལ་ཁད་ནས། གཡུ་ལོ་མས་བྱེའུ་གཅིག་ཏུ་སྤྲུལ། རྗེ་འབྲུག་གིས་ཁྲ་གཅིག་ཏུ་སྤྲུལ། ཁྲས་བྱེའུ་དེད་བཅིམས་ནས་དམ་པའི་པང་དུ་གཙང་སེལ་ཀྱིས་དེད་ནས་འོང༌། རྗེ་འབྲུག་གི་ཞལ་ནས། དམ་པ་ལྟ་བ་དང་གཡུ་ལོ་མ་གཉིས་འདི་རེད། དམ་པ་སྒོམ་པ་དང་གཡུ་ལོ་མ་གཉིས་འདི་རེད། དམ་པ་སྤྱོད་པ་དང་གཡུ་ལོ་མ་གཉིས་འདི་རེད་གསུངས། དམ་པ་ཡང་ཐུགས་མཉེས་སོ།
ཡང་རེས་གཅིག་རྗེ་འབྲུག་དང་དམ་པ་གཉིས་ལྷན་དུ་བཞུགས་ནས་ནང་མོ་ཚ་བ་སྐོལ་རེས་མཛད། ནངས་གཅིག་རྗེ་འབྲུག་བཞེངས་ནས་ཚ་བ་སྐོལ་བ་ལ་བྱོན་ཙམ་ན། དམ་པ་ག་ཤོད་ནས་བཞུད་ནས་སོང༌། ཚ་བ་ཁོལ་ཙམ་ན་བྱོན་ནས་བྱུང༌། རྗེ་འབྲུག་གིས་དམ་པ་ཁྱེད་གར་བཞུད་ཞུས་ཙམ་ན། ངེད་མཆོད་རྟེན་གཅིག་བཞེངས་སུ་སོང་བ་ཡིན་གསུངས། དེའི་བར་ལ་ཐབས་དང་རྫུ་འཕྲུལ་གྱིས་སྟག་ལུང་གི་རི་གདོང་ན་མཆོད་རྟེན་ཆེན་པོ་ གཅིག་བཞེངས་ནས་གདའ། ཕྱིར་ནང་དམ་པ་བཞེངས་ནས་ཚ་བ་སྐོལ་བ་ལ་བྱོན་ཙམ་ན། རྗེ་འབྲུག་ག་ཤོད་ཅིག་ལ་བཞུད་ནས་སོང༌། ཚ་བ་ཁོལ་ཙམ་ན་བྱོན་ནས་བྱུང༌། དམ་པའི་ཞལ་ནས། རྗེ་འབྲུག་ཁྱེད་གར་བཞུད་ཞུས་ཙམ་ན། ངེད་ཀྱང་མཆོད་རྟེན་གཅིག་བཞེངས་སུ་སོང་བ་ཡིན་གསུངས། དུས་དེར་རྫུ་འཕྲུལ་གྱི་རྩལ་གྱིས་དམ་པསབཞེངས་པའི་རྩ་ན། དེ་ལས་ཅུང་ཆེར་གསལ་བ་གཅིག་བཞེངས་ནས་གདའ། དེ་ལས་སོགས་རྗེ་འབྲུག་དང་དམ་པ་གཉིས་རྫུ་འཕྲུལ་འགྲན་པའི་རྣམ་ཐར་མང་དུ་གདའ། རྗེ་འབྲུག་གིས་གསུངས་པའི་སྒྲོན་མ་རྣམ་གསུམ་དང་ངན་སྔགས་ཀྱི་སྐོར་རྣམས་སྤེལ་ བའི་དུས་ལ་མ་བབ་ནས། འབྲོང་འདྲ་བའི་རྭ་ཅོར་བཅུག་ནས་སྟག་ལུང་གི་ཤར་ཕྱོགས་སུ་གཏེར་དུ་སྦས། སྟག་ལུང་གི་བྱ་ཁྲ་མཆེད་གསུམ་དང་གཏེར་སྲུང་དྲག་རྩལ་ཅན་རྣམས་ལ་བཀའ་བསྒོས་མཛད་ནས་གཉེར་གཏད། དུས་ནམ་ཞིག་གཏེར་འདི་བརྡོལ་བའི་དུས་སུ་ལས་དང་སྐལ་བར་ལྡན་པའི་སྐྱེས་བུ་གཏང་ བཞག་གི་ཚོད་འཛིན་ཐབས་ལ་མཁས་པ་གཅིག་གིས་རྙེད་པར་ཤོག་གསུངས་ནས་སྨོན་ལམ་བཏབས། དམ་པའི་ཞལ་ནས་ང་ལན་གཅིག་རྒྱ་ཡུལ་དུ་འགྲོ་གསུངས། རྗེ་འབྲུག་གིས་དམ་པ་ལ་གསེར་སྲང་གསུམ་ཕུལ། དམ་པ་ཡང་རྒྱ་གར་ཡུལ་དུ་བཞུད་དོ། རྗེ་འབྲུག་ཤངས་ཀྱི་གུར་ཞོགས་སུ་བྱོན་ཙམ་ན། རྨེའུ་རོག་དབལ་པོ་བྱ་བ། ཕུར་པ་ཡི་དམ་དུ་བྱེད་པ། ལོ་བདུན་ཅུ་ལོན་པ་གཅིག་གདའ། ཁོང་ལ་ཇོ་མོ་སུམ་པ་ཟ་དད་དེ་བྱ་བ་རྒན་མོ་ལོ་དྲུག་ཅུ་ལོན་པ་གཅིག་འདུག ཁོང་གཉིས་ལ་སྲས་མེད་ནས་རྨངས་ནས་འདུག་པ་ལ། རྗེ་འབྲུག་གི་ཞལ་ནས། ངས་ཁྱེད་གཉིས་ལ་ཐུན་མོང་གི་དངོས་གྲུབ་ཅིག་བཞིན་གསུངས་ནས་དད་དེའི་ལག་མཐིལ་དུ་མགུལ་ལུད་གཅིག་བླུག་ནས་འདི་འཐུངས་གསུངས། དད་དེས་དེ་འཐུངས་པ་དང༌། སང་ཕོད་ད་ཙམ་ན་ཁྱོད་ལ་སྲས་སྐྱེ་བ་ཡིན། མཚན་ལྷ་རི་གཉེན་པོར་ཐོགས། འགྲོ་བ་ལ་ཕན་ཐོགས་པ་གཅིག་འོང་གསུངས། ཕྱི་ལོ་སྲས་གཅིག་འཁྲུངས་པ་དེ་རྫེ་ལྷ་རི་གཉེན་པོ་བྱ་བ་སྤྲུལ་སྐུ་ཆེན་པོ་དེ་ ལགས་པར་གདའ། དེ་ནས་རྫེ་འབྲུག་ཤངས་སུ་བྱོན་ནས་ལྷ་ཁང་མ་རུར་དར་ཅིག་བཞུགས། ནམ་ཟླ་དཔྱིད་ཁ་གཅིག་ལ་ཡུལ་ཕུ་པ་རྣམས་ཀྱི་ཞིང་ལ་ཆུ་མ་རྫོགས་ཀྱི་བར་དུ། མདའ་པའི་ཡུལ་པ་རྣམས་ཁས་དམན་ནས། ཞིང་ལ་ཆུ་ཆུས་དབང་མ་བྱུང་ཙམ་ན། རྗེ་འབྲུག་གི་ཞལ་ནས། སང་ཉིན་ཆུ་འདྲེན་ཆིས་གྱིས་དང༌། ངས་ཐབས་ཅིག་བྱས་པས་ཆོག་གསུངས། ནང་བར་རྗེ་འབྲུག་གིས་ལུང་པ་དེའི་ཕུ་ན་ཤ་བ་འཐིང་པོ་གཅིག་ཏུ་སྤྲུལ་ནས་བཞུད་ཙམ་ན། ཕུ་པའི་མི་རྣམས་ཀྱིས་ཆུ་བཞག་ནས་ཤ་བ་དེ་ཉིན་རྩེར་བདས། སླེབས་ལ་ཁད་ཙམ་ན་འཐིང་ནས་བྲོས། དགོང་ཁ་ཉི་མ་ཐལ་ཙམ་ན་ཤ་བ་དེ་རི་ལ་འཛེགས་ནས་སོང༌། མདའ་པ་རྣམས་ཀྱིས་ཞིང་ལ་ཆུ་ལེགས་པར་ཁྲོམ་ནས་གདའ། དེ་ནས་རྗེ་འབྲུག་ཤངས་ཕུའི་ཚྭ་ཐོག་དིང་གི་བྲག་ཕུག་ཏུ་བྱོན་ཙམ་ན། སྤྲང་འབར་བ་རྒྱལ་པོ་བྱ་བ་ལ་བུ་སྤྲང་ཕག་བྱ་བ་མི་གཞོན་གཅིག་ཡོད་པ་ཤི། ཚ་བོ་དབང་གི་རྒྱལ་པོ་བྱ་བ་བུ་ཚ་ཆུང་ངུ་གཅིག་ལུས། འབར་བ་རྒྱལ་པོའི་བུས་སྤུར་ཞེན་པས། ས་བདག་གཉན་པོ་དང་ཐུག་ནས་རྐང་ལག་ཞ་ནས་གུམ་པོ་རུ་སོང༌། བུ་ཡིས་སེམས་ཁྲལ་དང་ན་ཚ་འཛོམས་ནས་ནན་ཏར་སྡུག་གི་ཡོད་ཙམ་ན། རྗེ་འབྲུག་དང་ཞལ་མཇལ། བྱིན་རླབས་མཛད་པས་ནད་སང་ནས་ན་ཚ་རང་ཞིར་སོང༌། གདམས་ངག་བསྟན་པས་བུའི་མྱ་ངན་སངས་ནས་སྡུག་བསྔལ་རང་ཞིར་སོང༌། ཚེ་དང་ཡོ་བྱད་གཉིས་ཀའི་དངོས་གྲུབ་ཐོབ། འབར་བ་རྒྱལ་པོས་ཞབས་ཐོག་མཛད་ནས་དིང་གི་བྲག་ཕུག་ཏུ་དར་ཅིག་བཞུགས། དེ་ནས་རྗེ་འབྲུག་ཤངས་ཀྱི་རྩད་དཀར་དུ་བྱོན་ནས་སྟོན་པ་སྒོ་ཚེ་དབང་དང་ཞང་ཞུང་ གཉན་སྲས་གཉིས་ཀྱིས་ཞབས་ཐོག་མཛད་ནས་བྲག་མཛོ་འདྲ་བའི་བྲག་ཕུག་ཏུ་དར་ཅིག་ བཞུགས།
དེ་ནས་བྱང་སྟག་ལུང་དུ་བྱོན་ནས་དགོངས་པ་རུ་དར་ཅིག་བཞུགས། དེ་ནས་རྗེ་འབྲུག་གངས་དཀར་ཆགས་སེ་ལ་བྱོན་ནས། ཆགས་སེ་གངས་ལ་ཡུན་རིང་དུ་བཞུགས། ལྟ་དགོངས་ཀྱི་དོན་མཐིལ་དུ་ཕེབས་ནས། ལྷག་པར་དུ་ཏིང་འཛིན་གསལ་ཞིང་དགོངས་པའི་ངང་ལ་བཞུགས་ནས་ཡོད་ཙམ་ན། ཁོང་གི་ཚ་མོ་གཉན་ལྕམ་དཀར་མོ་བྱ་བ་རྗེ་འབྲུག་ལ་མཇལ་དུ་འགྲོ་ཟེར་ནས་སྟག་ལུང་དུ་སོང་ཙམ་ན་ཁོང་མི་བཞུགས་པར་འདུག རྗེ་འབྲུག་གིས་ཚ་མོ་སྟག་ལུང་དུ་འོང་བ་མཁྱེན་ནས། ཆགས་སེའི་གངས་ན་ཚུར་བྱོན་ཙམ་ན། ས་ཡི་སེར་ཁ་གཅིག་ན་དུ་བ་འཐུལ་ནས་སྣང༌། ནང་ནས་ཡར་བབས་ནས་བྱོན་ཙམ་ན། མི་གཅིག་གིས་རི་དྭགས་བསད་ནས་གདའ། ཤ་ཟ་ཞིང་ཁ་སྐྱིད་དུ་ཡིན་ཟེར་འདུག རྗེ་འབྲུག་དར་ཅིག་བཞུགས་ནས་མི་དེ་ལ་སྒྲིབ་སྦྱོང་གི་གདམས་ངག་བསྟན། དེ་ནས་སྟག་ལུང་དུ་བྱོན་ཙམ་ན། ཚ་མོ་དེ་ཤི་ནས་འདུག རྗེ་འབྲུག་གི་ཞལ་ནས། ཆགས་སེ་གངས་ནས་འོང་བའི་དུས། འདབ་ཆགས་གཅིག་ཏུ་སྤྲུལ་ནས་འོང་ན། མོ་མ་ཤི་བ་ལ་སླེབ་པ་ཡིན། ལམ་མི་དེ་དང་འཕྲད་པའི་ལན། ཚ་མོ་དེ་འཁོར་བ་རུ་མི་འཁྱམས་པ་གཅིག་བྱ་དགོས་གསུངས་ནས། ཕུང་པོ་དེ་བསྲེགས་ནས་རུས་པ་དེ་ལ་ཚ་ཚ་བཏབས། སྟག་ལུང་གི་བྲག་ཁོང་ནང་ན་ཚ་མོའི་དོན་དུ་ལོ་གྲངས་ཀྱི་མཆོད་རྟེན་བཞེངས་ནས་གདའ།
རྗེ་འབྲུག་གིས་རྫུ་འཕྲུལ་གྱིས་མཆོད་རྟེན་གཅིག་བཞེངས་པ་དང་མཆོད་རྟེན་གཞན་ རྣམས་དུས་གཅིག་ཚར་ནས་གདའ། ཡང་རེས་གཅིག་རྗེ་འབྲུག་སྟག་ལུང་དུ་བཞུགས་ནས་ཡོད་ཙམ་ན། འདའ་ར་ནམ་གསལ་བྱ་བ་སྙིང་རླུང་ཞུགས་ནས་སེམས་མི་བདེ་བའི་ནད་པ་གཅིག་ཡོད། རྗེ་འབྲུག་དྲུང་དུ་བྱིན་རླབས་ཞུ་བ་ལ་འོང༌། ཁོང་གིས་བྱིན་རླབས་མཛད་པས་ཁོ་ནད་ལས་གྲོལ་ནས་ཡོད་ཙམ་ན། ཁོང་གི་གཅུང་པོ་གཡུང་དྲུང་རྒྱལ་མཚན་སྟག་ལུང་དུ་སླེབས་ནས་བྱུང༌། འོ་སྐོལ་གྱི་ཡབ་སྙུང་གིན་ཡོད་པསཁྱེད་ལན་གཅིག་བྱོན་པར་ཞུ་ཟེར། རྗེ་འབྲུག་གི་ཞལ་ནས། སྙུང་བ་རང་གིས་ཤེས་ཏེ། ཁ་སང་འོང་སྙམ་པ་ཡིན་ཏེ། མི་འདི་ལ་བྱིན་རླབས་བྱེད་དགོས་བྱུང་ནས་མ་ཁོམ། ད་ཁོའི་ནད་སོས་ནས་ཡོད་པས། ཁོ་རང་ཁྱམས་རྩར་དུ་བཏང་བའི་ཆོག འོ་སྐོལ་གཉིས་འགྲོ་གསུངས། ནང་བར་རྗེ་འབྲུག་གི་ཞལ་ནས། ཁྱོད་རྟིང་ལ་ཚུར་ཤོག་དང་ང་སྔོན་ལ་འགྲོ་གསུངས་ནས་སྤྱང་ཁུ་གཅིག་ཏུ་སྤྲུལ་ནས་བཞུད་དོ། ཉི་མ་ཕྱེད་ཡོལ་ཙམ་ནས་ཕེབས། ཡབ་ལ་སེམས་ཀྱི་གདམས་པ་དང་བར་དོ་གཅིག་ཆོད་ཀྱི་གདམས་པ་བསྟན། ཡབ་ཀྱི་ཞལ་ནས། བུ་སྐྱེས་པ་བྱ་བ་ཁྱེད་ལ་ཟེར་བ་ཡིན། ད་ང་རང་འཆི་བ་ལ་མི་འཚེར། ངས་སེམས་སྐྱེ་འཆི་མེད་པའི་དོན་རྟོགས་གསུངས། གཡུང་དྲུང་རྒྱལ་མཚན་ཀྱང་སླེབས།
རྗེ་འབྲུག་ལ་ཁྱེད་བྱོན་ནས་ཞག་དུ་སོང་ཞུས་པས། རྗེ་འབྲུག་གི་ཞལ་ནས། ང་སླེབས་ནས་ཞག་ལྔ་སོང་གསུངས་སོ། དེ་ནས་ཞག་འགའ་ཙམ་ནས་ཡབ་གྲོང། སྤུར་བཞུས་ཚར་བ་དང་ཐུབ་པ་མཆེད་རྣམས་ཀྱིས། འོ་སྐོལ་ལ་ཟས་ནོར་དང་གསེར་གཡུ་མང་པོ་ཡོད་པས། ཁྱེད་རང་འཚོ་བའི་རྒྱུ་ལྡེང་བ་ཟུང༌། ཡབ་ཀྱི་ཕྱོགས་སུ་ཡང་ཐོངས་ཟེར། རྗེ་འབྲུག་གི་ཞལ་ནས། ང་ལ་ཟས་ནོར་མི་དགོས། དགོས་མཆེད་ལ་ནས་ཁལ་གཅིག་ཟི་བའི་ཟོག་ཀྱང་སྡུག་བསྔལ་གྱི་རྒྱུ་ཡིན་གསུངས། ཁོང་སྐུ་མཆེད་ཀྱིས་ཟས་ནོར་གྱི་ཕྱེད་དང་གསེར་གཡུ་འགའ་རེ་བཙོང་བའི་རིན་གྱིས་ཡབ་ཀྱི་ཕྱོགས་སུ་དགེ་རྩ་རྒྱ་ཆེར་མཛད། དེ་ཚར་བ་དང་གཡུང་དྲུང་རྒྱལ་མཚན་གྱིས་གསེར་སྦྲམ་ཆེན་པོ་གཅིག་རྗེ་འབྲུག་ལ་ཕུལ་ནས་ངེད་སྤུན་མ་སླེབ་པ་ལ་ཁྱེད་གྲོང་ན་གདུང་ལ་ཞབས་ཏོག་བྱེད་མི་མི་འོང་བས་འདི་ལེགས་པོར་ཉ་ར་མཛོད་ཟེར། རྗེ་ཡི་ཞལ་ནས་འོ་སྐོལ་སྤུན་གཉིས་ཀྱི་བར་ན་ལོ་མང་པོའི་ཁྱད་ཡོད་ཀྱང་ཁྱེད་ཀྱི་ སྔོན་ལ་ང་འཆི་ངེས་མེད་དེ་ལན་གཅིག་ཁྱོད་དགའ་བཅུག་ན་གསེར་འདི་ངས་བཟུང་བའི་ཆོག སྟག་ལུང་དགོན་པའི་ལྷོ་ཕྱོགས་ན་ཕ་འོང་གཡག་ཙམ་གཅིག་ཡོད་པ་དེའི་འོག་ཏུ་སྦས་ལ་བཞག སང་གནངས་སྐུ་མཆེད་མ་མཇལ་ན་ཁྱེད་རང་དེ་ན་ཐོན་གསུངས། གཡུང་དྲུང་རྒྱལ་མཚན་གྱིས། ངན་སྔགས་ཀྱི་གདམས་ངག་དེ་སྤུན་རྣམས་ལ་སྟོན་དགོས་ཟེར། རྗེ་འབྲུག་གི་ཞལ་ནས། གདམས་ངག་དེ་བྱེད་པ་ལ་རང་གི་རིག་པ་ལ་དབང་ཐོབ་པ་གཅིག་དགོས་པ་ཡིན་གསུངས། དགེ་སྡིག་མི་དྲན་པ་རྣམས་ལ་བསྟན་ན་འཇིག་རྟེན་ལ་མེ་བཀྱེ་བ་དང་འདྲ། གཞན་ལ་བསྟན་ན་སྡིག་པ་ཤིན་ཏུ་ཆེ་གསུངས་ནས་མ་གནང༌། དེ་ནས་རྗེ་འབྲུག་བྱ་རྒོད་གཅིག་ཏུ་སྤྲུལ་ནས་བྱང་སྟག་ལུང་གི་དགོན་པར་གཤོག་ རླབས་གཅིག་གིས་འཕུར་ནས་བཞུད་དོ། གསེར་དེ་ཕ་འོང་གཅིག་གི་འོག་ཏུ་ཞབས་སུ་སྦས་སོ། དུས་རེས་གཅིག་ཙམ་ན། དམ་པ་རྒྱ་གར་བོད་ཡུལ་དུ་ལན་གསུམ་པ་བྱོན་པའི་བར་མ་དྲེགས་པ་ལ་དང་པོ་མངའ་རེས་ ཀྱི་ས་ལ་བྱོན། དེ་ནས་སྟག་མོ་ཤར་ཁ་དང་བྱང་ཐུལ་ལ་ལམ་བྱུང་ནས། རྗེ་འབྲུག་དང་ཁོང་རྣམ་པ་གཉིས་དར་ཅིག་དགོན་པ་ལ་བཞུགས། ནང་མ་གཅིག་དམ་པའི་ཞལ་ནས། ངས་ཡབ་རྫ་མཁན་སྣང་བྱེད་གྲོང་ནས་འདུག ང་ཐེངས་ཅིག་རྒྱ་གར་དུ་འགྲོ་དགོས། འདི་རུ་ལན་ཅིག་ཁྱེད་དང་མཇལ་བ་ཡིན་གསུངས། རྗེ་འབྲུག་གིས་ཕ་འོང་འོག་ཏུ་གསེར་བཏོན་ནས་དམ་པ་ལ་ཕུལ། དམ་པ་ཡང་རྒྱ་གར་ཡུལ་དུ་བྱོན་ཙམ་ན་ཡབ་གྲོང་ནས་འདུག གསེར་སྦྲམ་དེ་བཙོང་ནས་པཎྚི་ཏ་མང་པོ་ལ་ཡབ་ཀྱི་ཚོགས་བསགས་མཛད་དོ། རྗེ་འབྲུག་གིས་འབྲོམ་གྱི་རྔོན་པ་ཀུན་གྲུ་ཚུགས་ས་བྱ་བ་ལ་གདམས་མག་བསྟན་པས་བླ་མའི་ཐུགས་རྗེས་ཁོང་གྲོལ་ལོ། ཡང་རེས་གཅིག་རྗེ་འབྲུག་སྟག་ལུང་ན་བཞུགས་ནས་ཡོད་ཙམ་ན། སྣང་རི་བོན་པོ་དང་སེ་བོན་པོ་གཉིས་ཀྱིས་ནས་ལུག་རྒྱབ་རེ་ཕུལ། གཅིག་ཆང་དུ་བཙོས་ནས་བདལ་ཙམ་ན་ཕེབས་མི་སྣང༌། རྗེ་འབྲུག་ཕུག་རོན་གཅིག་ཏུ་སྤྲུལ་ནས་ཤངས་ཀྱི་ཁ་ཚ་ལུང་དུ་བྱོན་ནས་དབང་གི་ རྒྱལ་པོ་ལ་ཕབ་བླངས་ནས་ཚུར་ལ་ཕུག་རོན་གཅིག་ཏུ་སྤྲུལ་ནས་བྱོན་ཙམ་ན། ལམ་ན་ཁྲ་གཅིག་གིས་བདས། དེ་ནས་ངང་བ་གཅིག་ཏུ་སྤྲུལ་ནས་ཕར་སྡེར་མོས་བཟུང་ནས་སྟག་ལུང་དུ་བྱོན། རྗེ་འབྲུག་གི་ཞལ་ནས། ཕུག་རོན་འདི་ཡང་བྱ་མགྱོགས་པ་གཅིག་སྣང་སྟེ། ཁས་དམན་པ་གཅིག་འདུག ང་ཚུར་ལམ་རོན་དུ་སྤྲུལ་ནས་འོང་ཙམ་ན། ལམ་དུ་ཁྲས་བདས་ནས་དིང་བྲག་ཏུ་གབ་དགོས་པ་བྱུང༌། དེ་ནས་ངང་པ་གཅིག་ཏུ་སྤྲུལ་ནས་འོང་བ་ཡིན་གསུངས། ཆན་ཁ་ཕྱེད་ཙམ་ན་མ་གྲངབར་སྣང༌། ཕབ་བཏབ་ནས་མལ་དུ་སྙལ། ལང་བ་དང་རྐྱལ་དུ་བླུག་ནས་སྨིན་དུ་བཅུག ཁོལ་རྫོགས་པ་དང་ཟ་མ་རེ་ལ་ཞལ་བུ་རེ་བཙུགས་ནས་གསོལ། ཞག་འགའ་ཟུང་རེད་ཙམ་ན། ཤེལ་ཚ་རྒྱལ་གྲིས་ཀྱི་ཞོལ་ན། ཡས་འབྲོག་པའི་རི་དྭགས་པ་དང་བརྒྱ་བའི་ཇག་པ་རྣམས་སོ་འཕྲད་ནས་འཁྲུག་པ་ཆེན་པོ་བྱུང༌། རྗེ་འབྲུག་བར་ལ་བྱོན་ཙམ་ན། ཉི་མ་ཅེར་གྱི་མགོར། དགོང་ཀ་བྲག་ཕུག་ཏུ་བྱོན་ནས་ཞལ་སྐྱེམས་ནས་ཆང་བཙག་ཏུ་སོང་ཙམ་ན་རྐྱལ་པ་མི་ སྣང༌། ནང་བར་བལྟས་༼ ཚེ་ ༽རྐྱལ་པ་གཅན་གཟན་གྱིས་དྲུད་ནས་ལོ་ར་རིང་མོ་རྩ་ན་རྐྱལ་པ་བཀྲལ་ཆང་ཕོ་ནས་སྣང༌། ཚེ་སྔ་མ་ལ་མིའི་་ཟས་སྐོམ་འཕྲོག་པའི་རྣམ་སྨིན་ཡིན་པ་ཐུགས་ལ་ཤར། ཡང་རེས་གཅིག་རྗེ་འབྲུག་སྟག་ལུང་དུ་བཞུགས་ནས་ཡོད་ཙམ་ན། ནམ་ཟླ་སོས་ཀར་ཁོང་གི་ཞལ་ནས། དབྱར་འདིའི་དགོན་པ་ན་ཡོད་པ་རྣམས། དཀར་ཆུ་འཐུང་རྒྱུ་ཡོད་པ་གཅིག་བྱེད་དགོས་གསུངས་ནས་བྲག་ཁུང་མདུན་གྱི་ལོ་ཞིང་གི་སྟོད་སྨད་གཉིས་སུ་རྡོ་རིང་གཉིས་བཙུགས་ནས་དེ་ལ་ནོར་གདང་བཏགས། ཉིན་གཅིག་རྗེ་འབྲུག་རྔ་ལ་ཆིབས་ནས་བཞུད་ཙམ་ན། འབྲོང་ཁྱུ་གཅིག་བབ་ནས་བྱུང༌། ལྕམ་མོ་ལ་བེལ་རྣམས་བལ་མ་གསོ་བར་བཟུང་ལ་ཐོགས་གསུངས། ལྕམ་མོས་བེལ་རྣམས་བཏགས། ལན་གཅིག་ཅུང་ཟད་ཆད་ནས་ངལ་གསོས་ཙམ་ན། འབྲོང་ཀུན་འདྲོག་ནས་སོང༌། བེལ་མང་པོ་ཐོགས་ནས་འདུག དེའི་མ་རྣམས་ཆགས་ནས་འདུག དབྱར་ངོས་གཅིག་ལ་འབྲོང་རྣམས་བཞོས་ནས་དཀར་ཆུའི་འཚོ་བ་མཛད། ནམ་ཟླ་སྟོན་ཁ་ཙམ་ན། རྗེ་ཡི་ཞལ་ནས། མིའི་ནོར་ནི་མིས་རྟག་ཏུ་བཀོལ་སྤྱོད་བྱེད་པ་མི་འཐད། འབྲོང་འདི་རྣམས་རི་ལ་བདའ་དགོས་གསུངས་ནས། ནང་གཅིག་ཁྲུས་མཛད་ནས་འབྲོང་ཁྱུ་དེ་རྣམས་གཏོར་ཙམ་ན་དུས་གཅིག་ལ་ཀུན་འདྲོག་ནས་སོང་ངོ༌། ཡང་རེས་གཅིག་ན་རྗེ་འབྲུག་སྟག་ལུང་ན་བྱ་བཞུགས་ནས་ཡོད་ཙམ་ན། བྱང་ཕུག་ན་རི་དྭགས་པ་འགའ་འདུག་པ་རི་དྭགས་མ་བསོད་ནས་ཡུལ་ཁ་ཅིག་ཏུ་ཨེ་སླེབ་ལྟ་བ་མ་སོང་དུས། རྗེ་འབྲུག་གིས་མཁྱེན་ནས་མི་དེ་རྣམས་ཀྱི་རྩར་བྱོན་ནས་ཁྱེད་རྣམས་མུ་འཆི་དོགས་མི་དགོས། བྱང་ཁ་ན་རི་དྭགས་མང་བ་ཡིན་པས་ཐེལ་འདྲ་ཡང་རྙེད་པ་སྲིད་གསུངས་ནས་ཁོང་སྔོན་ལ་བཞུད་ནས་སོང་ཙམ་ན། བྱང་ནོར་ཁྱུ་གཅིག་འདུག་པའི་ནང་ན་སྤྱང་ཁུ་གཅིག་གིས་འབྲོང་མ་འདྲ་བ་གཅིག་དེད་ནས་བྱུང༌། ཁོང་རྣམས་ཀྱིས་མཐོང་ནས་སླེབ་ན་བསད། མི་དེ་རྣམས་ཀྱིས་འབྲོང་དེ་བཤས། ཤ་བཙོས་ནས་ཟས་ཙམ་ན། མི་གཅིག་གིས་རྗེ་འབྲུག་གི་ཚེམས་བར་ན་རྩིད་པ་ཉག་གཅིག་སྣང་བ་མཐོང་ནས། ཁོས་སེམས་ལ་རྗེ་འབྲུག་འདི་ལ་རྫུ་འཕྲུལ་ཡོད་པ་ཨེ་ཡིན་བསམ། སྤྱང་ཁུ་དེ་ཁོང་ཡིན་སྙམ་པ་བྱུང་བ་དང༌། རྗེ་འབྲུག་གིས་མཁྱེན་ནས་འབྲོང་དེའི་ཤ་རྣམས་རུས་པ་ཀུན་བསགས་ནས་ཀོ་བའི་ལྟེབ་ཏུ་བསོགས། དེའི་སྟེང་དུ་མགོ་དེ་བཞག་ནས་ཐུ་ལྕག་གཉིས་རྒྱབ་ཙམ་ནས། འབྲོང་དེ་ལང་ནས་ནོར་ཁྱུའི་སྟེང་ དུ་ངུར་ཞིང་སོང༌། རྗེ་ཡི་ཞལ་ནས། མི་དེ་ལ་ངས་འབྲོང་དེ་བསླང་ནས་མ་བཏང་ན། ཁྱོད་ང་ལ་དད་པ་ལོག་ནས་འདུག ཁྱོད་མིན་ན་འབྲོང་དེ་དུད་འགྲོའི་ལུས་བོར་ནས་ཐར་པའི་གོ་འཕང་ཐོབ་པ་ཡིན་གསུངས། མི་དེ་རྣམས་ཀྱིས་ཤ་དེ་དྲོ་ལ་བཟུང་ནས་སོང་བས་ཁོང་རྣམས་ཡུལ་དུ་སླེབས་སོ།
ཡང་རེས་གཅིག་གཙང་ལག་གི་རབ་ཁ་ན་མཛེ་མོ་གཅིག་འདུག་པ་ལ། རབ་བྱུང་རྐྱ་བ་མི་ལྔ་བྱུང༌། མཛེ་མོ་དེས་རྐྱ་ལྔ་ལ་རྟ་རྔ་གཡོར། ཕ་རིའི་སྐམ་ལ་བཏོན་པར་ཞུ་ཟེར། མི་དེ་རྣམས་ཀྱིས་རྟ་རྔ་གཡར་མ་ཉན་པར་ཁོང་རང་རྣམས་བུད་ནས་སོང༌། རྗེ་འབྲུག་གིས་མཛེ་མོ་དེ་ཁུར་ནས་ཕ་རི་སྐམ་ལ་བཏོན། ལས་ངན་མའི་སྡིག་སྒྲིབ་དེ་ད་ལྟ་ཉིད་དུ་དག་པར་ཤོག་གསུངས་ནས་སྣ་རྩར་ཐལ་ལྕག་གཅིག་རྒྱབ་ཙམ་ན། སྣ་ཁྲག་མང་པོ་སྐྱུག་ནས་མཛེ་མོའི་ནད་སོས་སོ། རྗེ་འབྲུག་གི་མཛད་སྤྱོད་ལ་རབ་བྱུང་༼རྣམས་༽དད་པ་སྐྱེས་ནས་བྱིན་རླབས་ཞུས་ཙམ་ན། རྗེ་འབྲུག་གི་ལ་ནས། བྱིན་རླབས་རང་གི་སེམས་ལ་ཞུས། །སྦྱིན་པ་དབུལ་འཕོང་ཅན་ལ་གཏོང༌། །བཟོད་པ་ཁྲོ་གཏུམ་ཅན་ལ་བསྒོམ། །སྙིང་རྗེ་མ་ནུས་པ་ལ་བསྐྱེད། །ལུས་ངག་ཡིད་གསུམ་དགེ་བ་རྣམས། །རང་བས་གཞན་གྱི་དོན་ཕྱིར་སྤྱོད། །བྱིན་རླབས་དགོས་ན་དེ་ལ་མཛོད། གསུངས། རྗེ་འབྲུག་གི་བྱིན་རླབས་ཀྱིས། རབ་བྱུང་དེ་རྣམས་རྟོགས་པ་ཤར་ནས་དྲི་མ་མེད་པའི་ཆོས་མཛད་དུ་གྱུར། ཡང་ནམ་ཟླ་སོས་ཁ་གཅིག་ལ་ཆར་བ་ཆེན་པོ་གཅིག་བྱུང་ནས་ཆུ་ཐམས་ཅད་སྐྱེས་ནས་ཡོད་ཙམ་ན། མི་གཅིག་སྟག་ལྕམ་གྱི་ཆུ་ལ་བརྒལ་བས། ཁོ་ཆུས་ཁྱེར་ནས་སྐད་ངན་ཙེ་རེ་རེ་བྱས། རྗེ་འབྲུག་གིས་རྔ་ལ་གྲུ་མཛད་ནས་ཆུ་གཞུང་ལ་བདས། མི་དེ་བཟུང་ནས་ཚུ་རུ་སྐམ་ལ་བཏོན། ཡང་རེས་གཅིག་རྗེ་འབྲུག་གི་མཆེད་ཡ་ཐུབ་པའི་སྲས། རྩེ་མོས་སླག་པ་སོ་མ་བཙེམ་ནས། ཚ་བོས་ཁོང་གི་སྤར་ཆས་རྣམས་ཁུར་ནས་ཁུ་དབོན་གཉིས་འགྲོགས་ནས་བྱོན་ཙམ་ན། གྲོང་ཁྱེར་གཉིས་ ཀྱི་མཚམས་སུ་ལམ་དུ་ཁྲམ་པ་གསུམ་དང་འཕྲད་ནས་རྩེ་མོ་བརྡུང་ནས་སླག་པ་འཕྲོག རྗེ་འབྲུག་གིས་དེ་ལ་ཐུགས་འཁྲོས་ནས་ཚ་བོས་ཅི་ཡང་མ་བྱས་སོ། དམ་ཅན་བོན་སྐྱོང་ར་མདའ་ལོག །འདི་གསུམ་དེ་རིང་ཉིད་དུ་སྒྲོལ། གསུངས་ནས་ཕྱག་གཉིས་ཀྱིས་ཐལ་མོ་བརྡབ་པས། ཁོང་གི་ཞལ་ནས། ཁྲམ་པ་ཁྱོད་གསུམ་ཚེ་ཟད་གསུམ་འདུག ཁྱོད་རང་གསུམ་མ་ཡན་པར་ཁྱིམ་དུ་སོང་གསུངས། རྗེ་འབྲུག་གིས་བོན་སྐྱོང་མཐུ་རྩལ་ཅན་དང་སྣང་སྲིད་ཀྱི་ལྷ་འདྲེ་དྲེགས་རྩལ་ཅན་ རྣམས་དམ་ལ་ཐོགས་ནས་ཀུན་གྱིས་བཀའ་ཉན་ཅིང་ལས་བྱེད་པ་ན། ཁྲམ་པ་དེ་གསུམ་རང་ཁྱིམ་དུ་མ་སླེབས་པར་ལམ་དུ་ཁྲག་སྐྱུགས་ནས་ཤི དེང་སང་དབུས་གཙང་རུ་བཞི་ན་མཐུ་མྱུར་བའི་ཚད་དེ་ལ་བྱེད་པར་གདའ།
ཡང་རེས་གཅིག་ཡོན་བདག་བཟང་པོ་གཅིག་གིས་སུམ་ཐོག་སྟེང་ཁང་དུ་རྗེ་འབྲུག་ བཞུགས་ སུ་བཅུག་ནས་ཞབས་ཏོག་མཛད། ཉིན་གཅིག་ཡོན་བདག་གིས་མར་ཁུ་གཅིག་ཁྱེར་ནས་དྲོ་འདྲེན་དུ་སོང་ཙམ་ན། ཁོང་སྟེང་ཁང་གི་ནང་ན་མི་སྣང༌། བཞུགས་གདན་གྱི་སྟེང་ན་ཆུ་སྔོ་ལྡེམ་མེ་བ་གཅིག་འདུག སྲིན་ལག་གིས་མར་ཁུ་གཅིག་བླངས་ནས་ཆུ་དེ་ལ་མཆོད་པ་གཅིག་བྱས། ཕྱིར་ལོག་ནས་ནང་དུ་འོང༌། ཁོང་སྟེང་ན་མི་བཞུགས་པར་འདུག་ཟེར། ཡོན་བདག་དེ་སྟེང་དུ་ལྟས་འོང་ཙམ་ན་ཁོང་གཟིམས་ནས་བཞུགས་འདུག ངས་ད་ལྟ་དྲོ་འདལཕན་དུ་འོང་ཙམ་ན་མི་བཞུགས་པར་འདུག་ལགས་ཞུས་པས། ང་ཆུའི་ཏིང་ངེ་འཛིན་ལ་ཡོད་ཙམ་ན་ཡོན་བདག་གིས་མར་ཁུ་གཅིག་ཁྱེར་ནས་མཆོད་པ་ གཅིག་བྱས་ནས་སོང་གསུངས་སོ། ཡང་རེས་གཅིག་རྗེ་འབྲུག་སྟག་ལུང་དུ་བཞུགས་ཙམ་ན། དར་དང་ཁྲོ་ཚང་གཉིས་ལ་འཁྲུག་པ་ཆེན་པོ་བྱུང༌། གཙོ་བོ་མང་པོས་ཁོང་གཉིས་སྡུམ་ཙམ་ན་མ་དུམ། འཁྲུག་པ་ལན་མང་དུ་བྱས། རྗེ་འབྲུག་གི་ཞལ་ནས། དར་དང་ཁྲོ་ཚང་སྡུམ་དགོས་གསུངས་ནས་ཆུ་བསྐོར་གཅིག་གི་ཡ་ཐོད་ལ་འབྲེང་ཞགས་གསུམ་འཐུད་ནས་བཏགས། དར་དང་ཁྲོ་ཚང་གཉིས་ཀྱི་དམག་མིའི་ནང་དུ་བྱོན། ཐབས་དང་རྫུ་འཕྲུལ་ཤུགས་ཀྱིས་ཆུ་དག་ཀླད་ལ་བསྐོར། དར་དང་ཁྲོ་ཚང་དབྱལ་ཆ་ཅན། གཉིས་ཀ་ལྡེམ་གྱི་བཏང་བན་ཟེར། དར་དང་ཁྲོ་ཚང་གི་དམག་མི་རྣམས་ཀྱིས་གོ་མཚོན་ཕུལ་ནས་གུས་པར་བཏུད། ཕྱིན་ཆད་འཁྲུག་པ་མི་བྱེད་ཟེར། རྗེ་འབྲུག་གི་ཐུགས་རྗེས་གཉིས་ཀ་བློ་ཡིད་སོ་སོར་ཞི་ནས་སྙིང་དུམ་ཁྱད་པར་འཕགས་ པ་བྱུང༌། ཡང་རེས་གཅིག་ལོ་གསར་སྟག་ཟླའི་ཚེས་བཅོ་ལྔའི་ཉིན་པར་ཆུ་བོ་པཀྵུ་འབབ་པའི་ཡར་ ཟུར་རུ་ལག་ཁྲམ་པ་རུ། རྗེ་འབྲུག་གི་རྩ་བའི་ཡོན་བདག་གཅིག་གི་ཁྱིམ་དུ་བདེ་བར་གཤེགས་པ་སྟོང་རྩ་ བརྒྱད་ལ་བསོད་ནམས་ཀྱི་ཚོགས་བསགས་པའི་དོན་དུ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་ ཕུལ། ཁྲི་གདུགས་དེའི་ཉིན་པར་ཡར་ཆབ་གཙང་པོའི་གཡས་ཕྱོགས། གཡས་རུ་ཤངས་སུ་རྗེ་འབྲུག་བྱོན། རྩ་བའི་ཡོན་བདག་གཅིག་གི་ཁྱིམ་དུ་འཕལ་རྐྱེན་བར་ཆོད་བསལ་བ་དང༌། ཡུན་གྱི་སྒྲིབ་པ་སྦྱོང་བའི་དོན་སླད་དུ་་རིག་རྒྱས་པའི་སྦྱིན་སྲེག་མཛད་ནས་ གསལ་བ་རྒྱུན་ལྔའི་ལྷ་ཚོགས་རྣམས་ལ་ཞལ་ཟས་ཕུན་སུམ་ཚོགས་པའི་མཆོད་པ་ཕུལ། ལྷ་སྲིན་སྡེ་བརྒྱད་རེ་བ་སོ་སོར་བསྐངས། རིགས་དྲུག་སེམས་ཅན་ཀུན་ལ་ཚིམ་པར་མཛད། དེ་ལས་སོགས་ཏེ་རྗེ་འབྲུག་གིས་གཉིས་སྣང་མཛད་པའི་ལོ་རྒྱུས་མང་དུ་གདའ།
ཡང་རེས་གཅིག་རྗེ་འབྲུག་གི་ཞབས་ཀྱིས་འབྱུང་བ་བཞི་ལ་ཐོགས་པ་མེད་པས་ཞང་ཞུང་གི་ཡུལ་དུ་བྱོན་ནས་སྟག་དང་སེང་གེ་ལས་སོགས་ལ་གཅན་གཟན་གྱི་ལུས་སུ་སྤྲུལ་པ་དང༌། རྫུ་འཕྲུལ་དང་རྟེན་འབྲེལ་གྱིས་ལུང་པ་དམག་གིས་ཁེངས་པ་དང༌། དེ་ལས་སོགས་རྫུ་འཕྲུལ་གྱི་བོན་ཁྱད་པར་ཅན་རྣམས་དང༌། ཕྱི་རབས་གང་ཟག་གི་དོན་དུ་ཞང་ཞུང་གཤེན་པོ་རྣམས་ལ་ཞུས་ནས་ཞང་ཞུང་དར་མའི་ཡུལ་ ནས་བོད་ཡུལ་དུ་སླེབས་ནས་འདུག་གོ ཡང་རྗེ་འབྲུག་གི་འདུལ་བརྒྱུད་འཛིན་པའི་སློབ་མ་མང་དུ་བྱུང་སྟེ། བྲུ་ཁྱུང་གི་རྒྱལ་མཚན་དེ་གཡས་རུ་སྲིན་པོ་རི་ལ་བཞུགས་དུས་རྗེ་འབྲུག་དེ་རུ་བྱོན་ནས་སེམས་ཕྱོགས་ཀྱི་གསན་པ་འགའ་རེ་མཛད། བྲུ་ཡིས་རྗེ་འབྲུག་ལ་རྐང་མགྱོགས་ཀྱི་གདམས་ངག་དེ་ཞུ་དགོས་གསུངས་པས། རྗེ་འབྲུག་གི་ཞལ་ནས། གདམས་ངག་སླ་མོ་གཅིག་ཡིན་ང་འགྲོ་ཁར་བསྟན་པས་ཆོག་གསུངས། དེ་ནས་རྗེ་འབྲུག་བཞུད་ཁ་ལ་ཁྱུང་རྒྱལ་གྱིས་གདམས་ངག་དེ་ཞུ་དགོས་གསུངས་པས། རྗེ་འབྲུག་གི་ཞལ་ནས། འཁོར་བའི་གདོས་ཀྱིས་མ་བཏགས་ན། རང་གང་འདོད་ས་ལ་སླེབ་ནས་འོང༌། ང་ཡང་འཁོར་བའི་གདོས་ཀྱིས་མ་ཐོགས་ནས་གང་འདོད་སར་སླེབ་པ་ཡིན་གསུངས། ཁྱུང་རྒྱལ་གྱི་ཐུགས་ལ་ཁྱིམ་ཐབས་སྤོངས་གསུངས་འདུག་སྙམ་ནས། ཕྱག་གསུམ་བཙལ་ནས་སྡོམ་པ་གཅིག་གནང་བ་ཞུ་ཞུས་པས། རྗེ་འབྲུག་གིས་ཁྱུང་རྒྱལ་ལ་རྩ་བ་བཞིའི་སྡོམ་པ་ཕོག་ནས་གདའ་འོ། གཞན་ཡང་འདུལ་བརྒྱུད་འཛིན་པའི་སྡོམ་སློབ་མ་སྡེ་གཉིས་བྱུང་འདུག་སྟེ། གཅིག་ནི་རྣམ་བཙུན་སྔོན་མོ། དེའི་མཁན་བུ་གསེར་ར་དྲང་སྲོང༌། དེ་ཡི་མཁན་བུ་གསེར་དབུས་འདུལ་འཛིན། དེའི་མཁན་བུ་ཉག་ཚེ་ཚུལ་ཁྲིམས་ལས་སོགས་མང་དུ་བྱུང་ནས་འདུག་གོ འདུལ་འཛིན་གྱི་སྡེ་ནི་ལ་སྟོད་ན་འོལ་སྒོམ་རྒྱལ་མཚན་བྱ་བ་སྔོན་གྱི་ལས་འབྲེལ་གྱིས་རྗེ་འབྲུག་གི་རྣམ་ཐར་དང་མཚན་ཐོས་པ་རྩུབ་མོས་འགོག་པཡིས་དད་པ་བསྐྱེད། ཁོང་གི་དྲུང་དུ་འགྲོ་ལ་དྲང་སྲོང་གི་སྡོམ་པ་གཅིག་བླང་བསམ་ཙམ་ན། དེ་རྗེ་འབྲུག་གིས་མཁྱེན་ནས་སློབ་མ་སྡོམ་པ་བླང་བ་གཅིག་ལ་སྤུ་གྲི་བསྐུར་ནས། ངེད་རྩར་འོང་མི་དགོས། སྤུ་གྲིས་སྐྲ་བཞོར་ལ་སྡོམ་པ་མ་ཉམས་པར་བསྲུང༌། ངའི་བྱིན་རླབས་ཞུགས་ནས་ཡོད་པའི་ཆོག འོལ་སྒོམ་རྒྱལ་མཚན་གྱིས་སྤུ་གྲི་དེས་ཁོ་རང་གི་དབུ་ལོ་བསིལ་ནས་དག་པ་དྲང་ སྲོང་གི་ ཁྲིམས་ཉིས་བརྒྱ་ལྔ་བཅུ་མ་ཉམས་པར་ཚུལ་བཞིན་དུ་བསྲུང༌། དེའི་མཁན་བུ་འོལ་སྒོམ་བསམ་གཏན་བྱ་བ་རྫུ་འཕྲུལ་སྣ་ཚོགས་ལ་ཐོགས་དཔེ་མི་མཐུན་མེད་པ་གཅིག་བྱུང༌། དེ་ལས་སོགས་ཏེ་སྟོད་ན་འདུལ་འཛིན་སྡེ་གཅིག་ཡོད་པར་གདའ། རྗེ་འབྲུག་གི་ཞལ་མཇལ་བའི་སློབ་མ་ནི་བླ་མའི་ཐུགས་རྗེས་ཟིན་ནས་གདམས་ངག་བསྟན་པ་ཙམ་གྱིས་གྲོལ་བ༌། ཤངས་ཕུའི་ཇོ་མོ་ཉི་མ་ལས་སོགས་གྲུབ་ཐོབ་འགའ་རེ་ཚར་ནས་གདའ། རྗེ་འབྲུག་གིས་བྱིན་གྱིས་རླབས་པའི་སློབ་མ་ནི། འགྲོ་བ་ལ་ཕན་ཐོགས་པ་དང་བསྟན་པའི་འདུལ་ཞིང་ཆེ་བ་ནི་སྤྲུལ་སྐུ་ལྷ་གཉེན་པོ་དང་ རྗེ་དགོངས་མཛད་འདུལ་བ་འཛིན་པ་ཆེན་པོ་དང་གཉིས་ཡིན་པར་གདའ། སྒོས་སུ་རྗེ་འབྲུག་གི་བྱིན་རླབས་ཞུགས་ཤིང་སེམས་ཕྱོགས་འདུལ་བའི་བརྒྱུད་གཉིས་ཀ་ལ་བཀའ་དྲིན་ཆེ་བ་དང་སྐུ་གདུང་རིང་སྲེལ་བསྟན་པ་བཞག་པའི་གནས་དེ་རྗེ་རི་ཁྲོད་པ་ཆེན་པོ་ཡིན་པར་གདའ། ཡང་རེས་གཅིག་རྗེ་འབྲུག་གི་ཐུགས་ལ། ལུས་འབྱུང་བ་བཞི་ལ་རང་དབང་ཐོབ་པས་ད་རེས་ཀྱི་སྐྱེ་བ་འདི་ལ་སྒྱུ་ལུས་ཀྱི་ཕུང་པོ་བཞག་པའི་ཚུལ་མི་སྟོན་པར། ཕུང་པོ་ལྷག་མེད་དུ་བཏང་དགོས་དགོངས་ནས་པད་ལོ་རིས་དྲུག་སྐུ་ལ་གསོལ། པད་ཆ་པད་ཁུག་ཕྲག་ལ་བཀལ། ཧོས་རུ་དང་བ་ཕྱག་ན་བསྣམས་ནས་མཆོད་རྟེན་ལ་བསྐོར་བ་མཛད་ནས་གདངས་བཀྱེད་ནས་སལེ་ འོད་གསུངས། བོད་ལ་ཞབས་ས་ལ་མ་རེག་པར་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོ་ལ་བཞུད་ཙམ་ན། ཁོང་གི་ལྕམ་མོ་གཅིག་གིས་ན་བཟའ་ལ་འཇུས་ནས་ང་ཡང་ཐུགས་རྗེས་འཛིན་པར་ཞུ་ཟེར། རྗེ་འབྲུག་ནམ་མཁའ་ནས་དོག་ལ་ཕེབས། ལྕམ་མོ་མིན་ན་དེ་ཉིན་དུ་ཕུང་པོ་ལྷག་མེད་ལ་འོག་མིན་གྱི་གནས་སུ་བཞུད་མཆིས་སུ་ འདུག་གོ དེ་ནས་རྗེ་འབྲུག་ཤངས་ཀྱི་རྩ་དཀར་དུ་བྱོན། བྲག་མཛོ་འདྲ་བའི་ཕུག་པར་དར་ཅིག་བཞུགས། སྟོན་པ་སྒོར་ཚེ་དབང་ལ་མགུར་མ་གསུངས། དེ་ནས་དིང་གི་བྲག་ཕུག་ཏུ་བྱོན་ནས་དར་ཅིག་བཞུགས། ནང་གཅིག་རྗེ་འབྲུག་གི་ཞལ་ནས། ད་ནངས་སྔ་དྲོ་ངའི་རྩར་ཁྱོད་རྣམས་མ་འོང་གསུངས་ནས་གནམ་སྒོ་རྡོ་ལེབ་ཀྱིས་བཀབ་ནས་བཞག་གོ ཁྲོ་བཙུན་མ་དང་དབང་གི་རྒྱལ་པོ་གཉིས་ཀྱི་སེམས་ལ་དེ་སྔ་དེ་འདྲ་མ་གསུངས་པ་ཅི་ ཡིན་སྙམས་ནས་གནམ་སྒོ་བཏེགས་ནས་སོང་ཙམ་ན། རྗེ་འབབཚུག་གི་སྐུ་ལ་བྱ་འུར་ཐུལ་བ་སྣང༌། འཇའ་ཚོན་སྣ་ལྔ་འོད་དུ་ཡལ་ནས་ཕུང་པོ་ལྷག་མེད་ལ་བཞུད་མཆིས་སུ་འདུག་ཙམ་ན། ཁྲོ་བཙུན་མ་དང་དབང་གི་རྒྱལ་པོ་གཉིས་ཀྱིས་ན་བཟའ་ལ་འཇུས་ནས་ཁྱེད་འོག་མིན་གྱི་ གནས་སུ་གཤེགས་ཀྱང་ཕྱི་རབས་ཀྱི་གང་ཟག་རྣམས་ལ་མོས་གུས་ཀྱི་རྟེན་ཁྱད་པར་ཅན་ བཞག་པར་ཞུ་བྱས་ནས་གསོལ་བ་བཏབས་པས། རྗེ་འབྲུག་གི་ཞལ་ནས་བུ་ཆུང་ལོ་བཅོ་ལྔ་བ་གཅིག་ལ་སྤྲུལ་ནས་སེམས་ཅན་གྱི་དོན་ བྱེད་པའི་ཐབས་ཀྱང་ཡོད་གསུངས་གདའ་སྟེ། དུས་སྙིགས་མའི་སེམས་ཅན་རྣམས་དད་པ་ཆུང་བ་དང་དྲུང་ན་ཡོད་པའི་སློབ་མ་རྣམས་རིག་ པ་བརྟུལ་ནས་ཞུ་མ་ཤེས་ནས་འདུག་གོ ཡང་རྗེ་འབྲུག་གི་ཞལ་ནས། ང་ད་རེས་ཀྱི་སྐྱེ་བ་འདི་ལ་འཇིག་རྟེན་མིའི་ཡུལ་ན། དེ་རིང་རོ་བསྲེགས་ཟེར་ནས་དུ་བ་མང་པོ་དེ་མི་བྱི་བསམ་པ་ཡིན་ཏེ། ཁྱེད་སློབ་མ་རྣམས་ནན་ཆེར་ཙམ་ན་ངའི་གདུང་དེ་གདན་དྲངས་ལ་ཐང་ཐོག་མ་ཀི་ན་བཞུས། སྟོང་པ་ཉིད་ཡིན་པས་སྐུ་ནི་མི་བྱོན། གདུང་རིང་བསྲེལ་འདྲ་བྱོན་ན་དུས་ནམ་ཞིག་ཙམ་ན་བཙུན་༼པ་༽གཞོན་ནུ་རབ་ཏུ་བྱུང་བ་ འདུལ་ཁྲིམས་རྣམ་པར་དག་པ་བསྲུང་བ། ལྷག་ཏུ་ང་ལ་མོས་གུས་བྱེད་པའི་ལས་ཅན་གྱི་སྐྱེས་བུ་གཅིག་འོང་བས། དེ་ལ་གཏོད་གསུངས་ནས་ཞལ་ཆེམས་བཞག་གོ དེ་གསུངས་ཚར་བ་དང་རི་རྒྱལ་གྱི་རྩེ་ལ་ན་བུན་ཡལ་བ་ལྟར་རིག་པ་སྟོང་གསལ་བོན་ཉིད་ཀྱི་ངང་དུ་ཡལ། དེ་ནས་འོག་མིན་གྱི་གནས་སུ་བཞུད་དོ། སྐྱེ་བ་མི་ལེན་མངོན་སངས་རྒྱས་གསུངས་འདུག་པ་དང་མཐུན་པར་རིག་འཛིན་མཁའ་འགྲོ་རྣམས་ཀྱིས་སྒྲ་སྙན་པ་དང་རོལ་མོ་སྣ་ཚོགས་ཀྱིས་བསུས་ནས་འོག་མིན་གྱི་གནས་སུ་ གཤེགས་སོ།
དེ་ནས་སྟོན་པ་སྒོར་ཚེ་དབང་དང་དབང་གི་རྒྱལ་པོ་ལས་སོགས་གང་ཟག་དད་པ་ཅན་ རྣམས་ ཀྱིས་གར་ད ང་རོལ་མོས་སྣ་དྲངས་ནས།གདུང་ཁང་ཚ་ལུང་གི་ཐང་ཐོག་ཏུ་གདན་དྲངས། དགེ་བསྐོས་བཞུགས་པ་མང་པོ་འཚོགས་ནས་གདུང་བཞུས། གདུང་ལ་འཇའ་ཚོན་གྱི་གུར་ཕུབ། ནམ་མཁའ་ལ་མེ་ཏོག་གི་ཆར་བ་བབས། བར་སྣང་ལ་གསལ་བའི་འོད་ཤར། ས་གཞི་གཡོ་ཞིང་རྡེག་པ་དང༌། བར་སྣང་ལ་ངོ་མཚར་བའི་རྟགས་ཁྱད་ཅན་མང་པོ་བྱུང༌། དེར་འཚོགས་པའི་མི་རྣམས་ཀུན་ཀྱང་ཤིན་ཏུ་སྤྲོ་བ་སྐྱེས། ཕྱི་ནང་གདུང་རུས་གདན་དྲངས་ཙམ་ན། དབུ་བྱང་ལ་གདུང་ཤ་རི་རམ་ཁ་དོག་རྣམ་པ་དྲུག་དང་ལྡན་པ་གསུམ་བྱོན་ནས་གདའ་འོ།
ཁྲོ་བཙུན་མ་ན་རེ། རྗེ་འབྲུག་གི་ཞལ་ནས་གདུང་རིང་བསྲེལ་འདྲ་བྱོན་ན་དུས་ནམ་ཞིག་ན་ལས་ཅན་གྱི་སྐྱེས་བུ་གཅིག་འོང་བས་དེ་ལ་གཏོད་གསུངས་པ་ཟེར་ནས། སུ་ལ་ཡང་བཞིན་མ་ཉན་པར་གང་ཟག་དད་པ་ཅན་རྣམས་ཀྱིས་གདུང་རུས་དེ་གདན་འདྲེན་བྱས་ ཙམ་ན། དབང་གི་རྒྱལ་པོས་རྗེ་འབྲུག་གི་རྩ་བའི་སློབ་མ་ང་ཡིན། ཁོང་དང་མཇལ་ཚུན་ཆོད་ང་ལ་ཚེ་དང་ལོངས་སྤྱོད་གཉིས་ཀའི་དངོས་གྲུབ་བྱུང༌། ཁྱོད་རྣམས་ལ་མོས་གུས་ཀྱི་རྟེན་བྱིན་ན་ང་ཡི་དངོས་གྲུབ་ཡལ་ནས་འགྲོ་ཟེར་ནས་ གཅིག་ལ་ཡང་བཞིན་མ་ཉན། གདུང་རུས་རིན་པོ་ཆེའི་བུམ་པར་བླུག་ནས་མཆོད་རྟེན་གྱི་རྟེན་དུ་བཞུགས་སུ་བཅུག སྟེང་དུ་སྐུ་ཚད་ཀྱི་མཆོད་རྟེན་ལེགས་པ་གཅིག་བཞེངས། སྟོན་པ་སྒོར་ཚེ་དབང་གི་ལོ་ཉི་ཤུ་རྩ་བརྒྱད་ལོན་པའི་དུས་སུ་རྗེ་འབྲུག་གི་སྐུ་ཡལ། དགུང་ལོ་བརྒྱ་དང་ཉི་ཤུ་རྩ་བརྒྱད་བཞུགས་ནས་གདའ། མཐར་དངོས་གྲུབ་ཐོབ་ཚུལ་ནི། རྗེ་རི་ཁྲོད་པ་ཆེན་པོས་རྗེ་འབྲུག་གི་སྐུ་འབུམ་གྱི་དྲུང་དུ་ལོ་གསུམ་བཞུགས་ནས་མོས་གུས་བསྐོར་བ་མཛད་པས། སྔོན་གྱི་ལས་འཕྲོ་དང་སྨོན་ལམ་གྱི་ཤུགས་ཀྱིས་གདུང་ཤ་རི་རམ་གསུམ་པོ་ཕྱག་ཏུ་བྱུང༌། གཅིག་གདུང་ཁང་གི་དབུས་སུ་བཅུག་ནས་གཙུག་གི་ནོར་བུ་བཞིན་དུ་འགྲོ་དོན་མཛད། གཅིག་ཧོས་རུ་བུམ་པའི་ནང་དུ་བཞུགས་སུ་བཅུག་ནས་ཕྱག་དང་བསྐོར་བའི་ཞིང་ས་མཛད། གཅིག་ནི་སྨད་ཀྱི་སྙ་ཕར་ཕྱིན་ཚང་ལ་བཞུགས་ནས་འགྲོ་དོན་མཛད། གདུང་རུས་ལ་ལོ་པཎ་ཤེལ་གྱི་མཆོད་རྟེན་དབུ་གསུམ་པ་གཅིག་བཞེངས་ནས་མར་མེ་དང་མཆོད་པ་རྒྱུན་དུ་ཕུལ། མོས་གུས་ཀྱི་རྟེན་ཁྱད་པར་ཅན་རྣམས་རྗེ་རི་ཁྲོད་པ་ཆེན་པོ་ལ་དངོས་གྲུབ་བབས་ནས་འགྲོ་དོན་ཉི་མའི་ཟེར་ལྟར་དེང་སང་ཡན་ཆད་རྒྱས་པར་གྱུར་ཏོ། མཚན་ཐོས་སམ་མཐོང་བ་ཙམ་གྱིས་འཁོར་བ་ངན་སོང་གི་སྡུག་བསྔལ་ལས་སྐྱོབས་པར་ནུས་ ཤིང་ས་གནོན་གྱི་སེམས་དཔའ་ཆེན་པོར་གྱུར་པའོ།།
ཁྲི་གཡུང་དྲུང་གི་ཟིན་བྲིས་༼བསྭོ་དམར་ཚང་༽ལས་བཤུས།