ཉག་རོང་ཡེ་ཤེས་དགོན་གྱི་དབུ་བླ་ཟབ་གསང་རྫོགས་པ་ཆེན་པོའི་འཇའ་ལུས་པ་ཁྱུང་སྲས་གཡུང་དྲུང་བདུད་འདུལ་གྱི་རྣམ་ཐར་ཐོས་པ་གྲོལ་བའི་ནོར་བུ་ཞེས་བྱ་བ་བཞུགས་སོ།།
མཆོད་བརྗོད།
༄༅།།བོན་གྱི་དབྱིངས་ལས་བཞེངས་པ་གཟུགས་ཀྱི་སྐུ།།ཞིང་འདིར་སྣང་བའི་མཛད་པ་སྣ་ཚོགས་ཀྱང་།།
གཤེན་བསྟན་རིན་ཆེན་སྲོག་གི་སྙིང་པོ་གསུངས།།ཁྱུང་པོ་གདུང་རབས་རྣམས་ལ་ཕྱག་འཚལ་ལོ།།
སྙིགས་མའི་དུས་ཀྱི་བསྐལ་པ་ཐ་མ་ན།།འགྲོ་དྲུག་སེམས་ཅན་བསླུ་བའི་དུས་སྐབས་འདིར།།
བདེན་པ་ར་སྤྲོད་སྟེར་ནུས་དམ་པ་མཆོག །རྩ་བའི་བླ་མ་གཡུང་དྲུང་བདུད་འདུལ་མཆོད།།
དམ་པའི་རང་བཞིན་གསེར་གྱི་ཀ་བ་ལ།།སྒྲོ་སྐུར་ཟངས་མའི་ལྷན་པ་མ་བརྒྱབས་པར།།
རང་བཞིན་གསོང་པོར་གླེང་བའི་བདེན་གཏམ་སྟེ།།རྣམ་ཐར་ཐོས་པ་གྲོལ་བའི་ནོར་བུ་ཡིན།།
འོན་ཀྱང་དེང་སང་དུས་ཀྱི་མར་གཤམ་ན།།ལྟ་བའི་སྙིགས་མ་བདོ་བའི་བདེན་དཔང་དུ།།
དམ་པའི་དོན་སྙིང་བྲལ་བའི་ཟོག་པོ་འགས།།རང་གིས་རང་ཉིད་ཞུད་དུ་སྒྲོག་པ་མང་།།
བདག་གི་རྩ་བའི་བླ་མ་དྲིན་པོ་ཆེ།།རེ་ཆེན་ཕྱི་མའི་སྐྱབས་ཀྱང་ལོས་ཡིན་ཏེ།།
བདག་མེད་སྡེ་མཐའ་ཉུལ་བའི་དྭ་ཕྲུག་ངའི།།ཐུགས་རྗེ་རྟགས་དུ་དྲན་པའི་རྣམ་ཐར་བཀོད།།
ཅེས་ཀུན་དུ་དགེ་བའི་བཀྲ་ཤིས་ཚིག་གི་མེ་ཏོག་ཐང་མ་སྔོན་དུ་བཀྲམ་ནས། གང་ཞིག་གླེང་བར་བྱ་བ་ནི།། མདོ་ལས། བླ་མ་མེད་པའི་གོང་རོལ་ན། སངས་རྒྱས་བྱ་བ་མིང་ཡོད་མེད། ཞེས་དང། ལུང་ལས། སློབ་དཔོན་མཚན་ཉིད་སུས་བཤད་པར། བསོད་ནམས་མཐའ་ཡས་དཔག་མེད་ཐོབ། ཅེས་དང་། རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། བསྙེན་བསྒྲུབ་བཟླས་པ་ས་ཡ་བས། བླ་མ་གསོལ་འདེབས་ལས་གཅིག་མཆོག་ཅེས་དང། རིག་འཛིན་ཆེན་པོ་ཞལ་ནས། གསོལ་བ་མྱུར་དུ་འདེབས་པ་ལས། དང་པོ་ལོ་རྒྱུས་བརྗོད་པས་དྭང་བ་འདྲེན། ཡོན་ཏན་མཐོང་བས་དད་པ་སྐྱེ། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག བློ་ཐེ་ཚོམ་དང་བྲལ་ནི་ཅི་བསམ་འགྲུབ། ཞེས་གསུངས་པ་ལྟར། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དགོས་དོན་གཉིས་ལ་གཟིགས་ནས།འདི་ཡང་ངེས་པ་དོན་གྱི་དམ་པ་ཞིག་གི་རྣམ་པ་ཐར་པ་རགས་ཙམ་དགོད་པ་འདོད་དོ། ། དེ་ནི་འོད་གསལ་རྫོགས་པ་ཆེན་པོའི་འཇའ་ལུས་པ། ཡང་གསང་གདམས་པ་རྒྱ་མཚོའི་མཛོད་འཛིན། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག མདོ་སྔགས་བོན་ཚུལ་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་དགོངས་པ་དབྱིངས་སུ་ཆུབ་པའི་མཁས་པའི་དབང་ཕྱུག་ཆེན་པོ། རྟོགས་པའི་ས་མཐོར་གཤེགས་པའི་གྲུབ་དབང་རིག་འཛིན་གྱི་རྣམ་སྤྲུལ། ལུང་རྟོགས་བཤད་སྒྲུབ་ཀྱི་བསྟན་པ་རིས་མེད་དུ་སྤེལ་བའི་བསྟན་འཛིན་གྱི་སྐྱེ་བུ་དམ་པ། མཐའ་མེད་འཁོར་བའི་སེམས་ཅན་ལ་དམིགས་མེད་སྙིང་རྗེ་ཆེན་པོའི་གཞན་དབང་དུ་སོང་བའི་བྱང་སེམས་བདག་ཉིད་ཆེན་པོ།རྒྱལ་བསྟན་གཤེན་གྱི་འཕྲིན་ལས་ཀྱི་བྱེད་པོར་ཡིད་ཆེས་ཀྱི་ལུང་དང་དགོས་སྟོབས་ཀྱི་ཚད་མས་གྲུབ་པ། མཚན་ཡོངས་སུ་གྲགས་པའི་མཚན་ནི། སྐྱབས་རྗེ་འཇའ་ལུས་པ་ཁྱུང་ཕོ་གཡུང་དྲུང་བདུད་འདུལ་རིན་པོ་ཆེ་ཞེས་ཞུ་བ་གང་གི་གསང་གསུམ་གྱི་རྣམ་ཐར་ནམ་མཁའ་བཞིན། ཚད་གཞལ་མཐའ་ལས་འདས་ཀྱང་། ལྗོངས་འདིའི་གདུལ་བྱ་མཐུན་སྣང་གི་ངོར་སྤྲུལ་པའི་སྐུའི་སྐྱེ་བ་བཟུང་ཚུལ་གྱི་མཛད་པ་ཆེ་ལོང་ཙམ་ཞིག་བདག་བློ་ཁབ་ཀྱི་བུ་གར་སྦྱར་ཏེ་ཅུང་ཟད་གླེང་བར་བྱ་བ་ལ་ལྔ། ༡ མ་འོང་ལུང་གི་ཟུར་ཚུལ། ༢ སྐྱེ་བ་བཞེས་ཚུལ། ༣ འཆད་གཉེན་མཛད་ཚུལ། ༤ འགྲོ་དོན་མཛད་ཚུལ། ༥ སྐུ་མི་རྟག་བོན་དབྱིངས་སུ་ཐིམ་ཚུལ་ལོ།།
དང་པོ། མ་འོང་ལུང་གི་ཟུར་ཚུལ།
དེའང་ཡུལ་མདོ་སྨད་ཀྱི་སྐྱེས་ཆེན་དམ་པ་སྒྲིབ་མེད་ཡེ་ཤེས་ཀྱི་གཟིགས་པ་མངའ་བའི་ཚད་མའི་སྐྱེ་བུ་དུ་མས་རྗེ་འདི་ཡི་འཁྲུངས་རབས་སོགས་ལུང་གི་བསྔགས་པ་ནི། གཏེར་སྟོན་ཆོས་དབྱིངས་རྡོ་རྗེའི་གཏེར་ལུང་ལས། ཐུགས་རྗེའི་འོད་སྟོང་འབར་བའི་གཟི་འོད་ཀྱིས། རྒྱལ་བའི་བསྟན་ལ་རམ་འདེགས་ངེས་པར་འགྱུར། ཞེས་དང་། བསམ་ལྷུན་རྩ་རྒྱུད་ལས། ཉག་ཡུལ་སྐལ་བཟང་བསྟན་པའི་རྒྱལ་མཚན་འཛིན། ཁྱུང་རིགས་གཞན་ཕན་ཉི་མ་བདུད་དཔུང་འདུལ། ཅེས་དང་། པད་མ་རྡོ་རྗེ་ལུང་བསྟན་ལས། རིག་འཛིན་གོང་མ་བྱིན་རླབས་སྲས། བདུད་དཔུང་འདུལ་བའི་མཚན་ཅན་འབྱུང་། ཉག་ཡུལ་བསྟན་པ་ཕྱོགས་བཅུ་སྤེལ། ཞེས་དང་། དབྲ་སྤྲུལ་བསྟན་འཛིན་དབང་རྒྱལ་ལུང་བྱང་ལས། ཚེ་དབང་སྤྲུལ་པ་མདོ་སྨད་བལྟམ། གསང་མཚན་རིགས་འཛིན་ཐོག་མེད་རྩལ། བདུད་དཔུང་ཉི་མ་མཚན་ལ་འཁྲུངས། ཟབ་གསང་གདམས་པ་དངོས་གྲུབ་ཐོབ། གར་ཤེལ་གྱི་ལུང་བསྟན་ལས། ཚེ་དབང་གསང་ཆེན་སྤྲུལ་པ་ནི། མདོ་ཁམས་ཉག་སྨད་ཡུལ་དུ་བལྟམ། ཁྱུང་ལ་གཡུང་དྲུང་མཚན་ཅན་འབྱུང་། འབྲེལ་ཚད་ཐར་པའི་བདེ་ལ་བཀོད། ཞེས་སོགས་ལུང་བྱང་མང་དུ་བཞུགས་ཀྱང་གཙོ་ཆེ་བ་དེ་དག་དང་། གཞན་ཡང་ཉག་གཏེར་གསང་སྔགས་གླིང་པ་དང་། འཇའ་ལུས་པ་ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་མཆོག་དང་། བྱ་བཏང་ཚེ་དབང་འགྱུར་མེད། སུ་ལ་བསྐལ་བཟང་རྒྱལ་མཚན་སོགས་ཀྱིས། སྔོན་བྱོན་ཚད་མའི་སྐྱེས་བུ་དུ་མས། བུམ་ནང་གི་མར་མེ་བཞིན་དམ་པ་འདི་ཉིད་ནང་དུ་ཉམས་དང་རྟོགས་པའི་ཡོན་ཏན་ལ་མངའ་དབང་འབྱོར་བ་མཁྱེན་ཏེ། འདི་ནི་སྐྱེ་བུ་ཕལ་ཞིག་མིན་ཞེས་མཐོང་གཟིགས་རྒྱ་ཆེར་མཛད་ཅིང་། འཁྲུལ་བ་མེད་པ་རིག་འཛིན་སྤྲུལ་པ་ལུང་གིས་བསྔགས་ཤིང་སྐྱེ་རབས་མུ་ཏིག་འཕྲེང་བ་རྣམས་ཕྱག་མཐུལ་དུ་བཟུང་བའི་སྐྱུ་རུ་ར་རློན་པ་བཞིན་གསལ་བོར་བསྟན།
ཨེ་མ་ཧོཿ
སྐྱེད་མེད་བོན་སྐུ་ཀུན་བཟང་ཐུགས་ཉིད་ཀློང་༔རིག་འཛིན་རྣལ་འབྱོར་ཚེ་དབང་རིག་པ་འཛིན༔
སྒྲ་སྒྱུར་དབང་ཕྱུག་བཱེེ་རོ་ཙ་ན་མཆོག༔གསང་གསུམ་འགྱུར་མེད་གྲུབ་ཐོབ་ཨ་དཀར་རྩལ༔
ཟབ་གསང་ཁྱབ་བདག་གཡུང་དྲུང་གླིང་པ་གར༔སྙིགས་དུས་བླ་མ་གཡུང་དྲུང་བདུད་འདུལ་ཉིད༔
བསྟན་པ་མི་ནུབ་རྒྱལ་མཚན་འཛུགས་པར་ཤོག༔
ཞེས་སོགས། གྲུབ་མཐའ་ཕྱི་ནང་གི་ལུང་དུ་མ་ལས་སྔགས་པའི་འོད་གསལ་རྫོགས་པ་ཆེན་པོའི་འཇའ་ལུས་པ་གཡུང་དྲུང་བདུད་འདུལ་དཔལ་བཟང་པོ་ནི་འགྲོ་འདྲེན་ས་ཡ་ལས་ལྷག་པའི་རིག་འཛིན་གྱི་སྤྲུལ་པ་ཞིག་ཡིན་ནོ། །
གཉིས་པ། སྐྱེ་བ་བཞེངས་ཚུལ།
མཚན་བརྗོད་པ་དཀའ་བའི་ཉག་རོང་དཔལ་ལྡན་ཡེ་ཤེས་དགོན་གྱི་དབུ་བླ་གཉིས་ལས། ཟབ་གསང་རྫོགས་པ་ཆེན་པོ་ཡི་འཇའ་ལུས་པ་ཁྱུང་སྲས་གཡུང་དྲུང་བདུད་འདུལ་མཆོག་ནི།སྟོན་པ་གཤེན་རབ་བྱིན་གྱིས་བརླབས་པའི་གནས་གངས་ཅན་ལྗོངས་ཀྱི་མདོ་སྨད་ཁམས་པའི་ས་ཕྱོགས་སུ།ཤོད་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་ཉག་ཤོད་ཨ་འཛི་རོང་དུ།སྔོན་བྱོན་ཁོད་པོ་བླ་རབས་དང་། ཁྱུང་གི་གདུང་རབས་སོགས་རིག་འཛིན་དུ་མ་བྱིན་གྱིས་བརླབས་པའི་ས་གནས། སྦུ་ཐང་གྲོང་དུ་ཁྱུང་ཕོའི་གདུང་རབས་ལས། དོན་གྱི་རྣལ་འབྱོར་པ་ཡེ་ཤེས་དགོན་གྱི་དབུ་བླ་ཡབ་ཁྱུང་སྲས་ཉི་མ་རྒྱལ་མཚན་མཆོག་དང་། ཡུམ་གཞན་ཕན་ལྷག་བསམ་དར་གྱི་གཡོ་བའི་འཕྲིན་ལས་ཀྱི་རྩ་བ་མེ་ལི་ལྷ་མཚོའི་སྐུ་ལ། བོད་རབ་བྱུང་བཅོ་ལྔ་པའི་ཆུ་གླང(1913---1996)ལོ་ལ་རྟགས་མཚན་དུ་མ་དང་བཅས་པ་སྐུ་པད་མོ་ལྗོངས་ནས་བལྟམ། དེ་ཚེ་དེར་ཡོད་ཡུལ་མི་རྣམས་ལ་མཐུན་སྣང་དུ། བར་སྣང་ཀུན་ཏུ་འཇའ་ཟེར་ཐིག་ལེ་ཆེ་ཆུང་དུ་མ་ཤར་བ་དང་། སྒྲ་དབྱངས་སྙན་ལ་འཇེབས་པ་ཞིག་གྲགས་པ་དངོས་སུ་ཐོས། ནམ་མཁའ་ནས་ཀྱང་དུང་མདོག་ཁ་བའི་མེ་ཏོག་འཐོར་བ་སོགས་དགེ་བའི་ལྟས་དང་། སྐུའི་ལྟེ་བ་གཟན་ཐག་གི་ཚུལ་དུ་བསྣམས་པ་མདངས་ལེགས་ཤིང་ཞལ་འཛུམ་བག་དང་ལྡན་པ་ཡིད་དུ་འོང་བ། ཕལ་པའི་བྱིས་པ་ལས་ཁྱད་དུ་འཕགས་པ། ཚེས15ཉིན་འཁྲུངས་པས་ཆུང་མཚན་དུ་མ་ཤར། འཇའ་ལུས་པ་འདི་ཉིད་མའི་ལུས་སྒྲམ་དུ་བཞུགས་པའི་སྐབས། ཡུམ་ལ་སྨྲ་མི་ཤེས་པའི་དགའ་བདེ་ཆེན་པོས་ཁྱབ་པ་དང་། གཞན་དུ་རྨི་ལམ་ཡར་མཚན་ཅན་འཇའ་ཚོན་འོད་ཀྱི་དབུས་སུ་བཞུགས་པ་དང་། སྐུ་བལྟམས་པའི་ཚེ་ཡང་ཡུམ་ལ་གནོད་པ་མེད་པར་བདེ་བ་དང་བཅས་ཏེ་མཛེས་སྐུའི་དཀྱིལ་འཁོར་འབྲུག་སྒྲ་དང་ཆབས་གཅིག་དུ་མངོན་པར་བལྟམས་སོ།།
སྨྲས་པ།
དམ་པ་གོང་མའི་ཁྱུང་གི་གདུང་རབས་ལས།།དཔེ་བྱེད་བརྒྱད་ཅུ་སྐུའི་རྫོགས་པའི་སྐུ།།
ཡུམ་གྱི་པད་མ་འདབ་མ་གསང་རྒྱ་གྲོལ།།བཅོ་ལྔའི་ཐོ་རེངས་མཛེས་སྐུ་མངོན་དུ་བལྟམས།།
འགྲོ་དྲུག་སྐྱབས་མཆོག་གྱུར་པའི་འགྲན་བྲལ་བ།།ཞེས་པའི་བོན་སྐྱོང་ཊཀྐི་ཚོགས་ཀྱི་བསྟོད།།
གསུམ་པ། འཆད་རྩོད་མཛད་ཚུལ།
ཟབ་གསང་དོན་གྱི་འཇའ་ལུས་པ་གྲུབ་པའི་དབང་ཕྱུག་ཆེན་པོ་འདི་ཉིད་བལྟམས་ནས་བཟུང་དགུང་ལོ་བདུན་བཞེས་པའི་སྐབས་སུ། ཉག་རོང་གཏེར་ཆེན་གསང་སྔགས་གླིང་པ་དང་། བྱ་བཏང་ཚེ་དབང་འགྱུར་མེད་སུ་ལ་པན་ཊི་ཏ་བསྐལ་བཟང་རྒྱལ་མཚན་སོགས་ཀྱི་འགྲོ་མགོན་ཚེ་དབང་རིག་འཛིན་སོགས་ཀྱི་རྣམ་སྤྲུལ་དུ་ངེས་འཛིན་གནང་བ་དང་སྐྱེ་རབས་སུ་ཕབ་པའོ།།དེ་ནས་ཡབ་ཉི་མ་རྒྱལ་མཚན་མཆོག་གི་མདུན་ནས་ཡོན་ཏན་གྱི་གཞི་མ་ཡིག་དཀར་ནག་སོགས་བསླབས་ཚུལ་མཛད། ཉིན་རེ་ཤོག་ལྡེབ་ལྔ་ཙམ་བློ་ལ་འཛིན་ཐུབ་པ་བྱུང་། དེ་ནས་དགུང་ལོ་བཅུ་བཞེངས་པའི་སྐབས། བྲག་རབ་རི་ཁྲོད་དུ་བླ་མ་གཡུང་དྲུང་དཔལ་བཟང་གི་མདུན་དུ་རིག་གནས་ཀྱི་སྐོར་དང་། སྔོན་འགྲོ་བཀའ་ལུང་རྒྱ་མཚོ། གསོ་བ་རིག་པ་འབུམ་བཞི་དང་། བན་དྷེ་རྒྱུད་བཞི་སོགས་ཁོང་དུ་ཆུད་པར་མཛད།དེ་སྐབས་རྨི་ལམ་དུ་སངས་རྒྱས་སྨན་ལྷ་སོགས་ཞལ་མངོན་སུམ་དུ་མཇལ་ནས་ལྷ་རྗེ་མཚན་ཡོངས་སུ་ཁྱབ། དགུང་ལོ་བཅུ་གསུམ་གྱི་སྐབས་སུ་མཚན་བརྗོད་པ་དཀའ་བའི་སྙིགས་དུས་ཀྱི་མགོན་པོ་འཇའ་ལུས་པ་གྲུབ་དབང་བྱ་བྲལ་བ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་ནམ་གྲུབ་དབང་མངྒ་ཝེར་ཞི་དཔལ་བཟང་པོ་མཆོག་གི་མདུན་དུ། ཨ་ཁྲིད་བཀའ་ལུང་རྒྱ་མཚོ་དང་། སྡེ་སྣོད་རིན་པོ་ཆེན་མཛོད། ཟབ་མོ་གསང་སྔགས་བསྐྱེད་རྫོགས། ལེགས་བཤད་རིན་པོ་ཆེན་མཛད་སོགས་ཁོ་བོའི་བཀའ་འབུམ་རྣམ་ཁོང་དུ་ཆུད་པ་གསོན། ཟབ་མོ་རྫོགས་པ་ཆེན་པོའི་ཉམས་ལེན་བསྐོར་ལ་འཇུག རྩ་རླུང་། མུན་མཚམས། རྒྱ་ཐུར་བཅུད་ལེན་སོགས་མཐར་ཕྱིན་པར་མཛད་ནས་ཁོང་བའི་སློབ་མ་བཅུ་གསུམ་གྱི་གྲལ་དུ་ཚུད། དགུང་ལོ་བཅུ་བདུན་གྱི་སྐབས། དཔལ་ལྡན་ཡེ་ཤེས་དགོན་ནམ་བཀྲ་ཤིས་གསལ་བ་གླིང་དུ་ཉག་རོང་གཏེར་ཆེན་གསང་སྔགས་གླིང་པའི་མདུན་དུ། རྒྱལ་བའི་བཀའ་འགྱུར་ཆེན་པོ་ལྗགས་ལུང་དང་རྒྱུད་རིམ་བཅས། ཟབ་ཁྲིད་ཀྱི་གདམ་པ་རྒྱས་པ་ཐོབ། ཉག་གཏེར་ཞལ་ནས། འཇའ་ལུས་པ་མཁས་གྲུབ་རིག་འཛིན་ངོ་བོ་གཡུང་དྲུང་བདུད་འདུལ་དང་། གངས་ཅན་མཁས་གྲུབ་གཙུག་རྒྱན་ཤེས་རབ་དགོངས་རྒྱལ་རྣམ་སྤྲུལ་ཨ་གཡུང་ངམ་བསྟན་པའི་རྒྱལ་མཚན་མཆོག་གཉིས་ལ། མ་འོངས་སངས་རྒྱས་བསྟན་པ་དང་སེམས་ཅན་རྣམས་ལ་འགྲོ་དོན་དུ་མ་ཡོད་པའི་ཞལ་ལུང་མང་དུ་བསྟན་ནས་ཁོ་བོའི་སློབ་མ་ལོ་ཙཱ་བཞིའི་གྲལ་དུ་ཚུད་དོ།། ལོ་དེའི་སྐབས། འཇའ་ལུས་པ་མཆོག་ཉིད་དང་ཁོང་གི་གཅུང་པོ་གཏེར་ཆེན་ཐུགས་རྗེ་གླིང་པ་གཉིས་སླར་ཡང་། མཚན་ཐོས་པ་དཀའ་བའི་གྲུབ་པའི་བྱ་བྲལ་འཇའ་ལུས་པ་ཤར་རྫ་བཀ྄་ཤིས་རྒྱལ་་་མཚན་མདུན་དུ་བྱོན་ནས། སྡེ་སྣོད་མཛོད།ལུང་རིགས་མཛོད་སོགས་མཛོད་ལྔ་དང་། སྡོམ་གསུམ་རྩ་འགྲེལ། སྐུ་གསུམ་རྩ་འགྲེལ། བྱང་སེམས་བརྒྱ་རྩ་པ་དང་ལྔ་བཅུ་པ། བྲུའི་ཨ་ཁྲིད། རྗེ་ཏ་པུ་ཧྲི་ཙའི་རྫོགས་ཆེན་གསེར་གྱི་སྙན་བརྒྱུད་བཀའ་བཞི། དགོངས་མཛད་རི་ཁྲོད་ཆེན་པོའི་ཐུན་མཚམས་བརྒྱད་ཅུ་པ། ཁྲིད་ཡིག་དམར་མོ་འཛུབ་ཚུལ། བཀའ་རྟེན་སྡེ་ལྔ། མཉམ་མེད་ས་ལམ་འཕྲུལ་སྒྲོན་རྣམ་ལྔ། མུ་མེད་བདལ་པ། མ་རྒྱུད་དགོངས་འགྲེལ། ཁྲོ་བོ་རྒྱུད་དྲུག ཕུར་པ་གསང་འགྲེལ་སོགས་ཁྲིད་རིམ་སོགས་གྲངས་མེད་གསོན། རྫོགས་ཆེན་གྱི་ཐུབ་མ།རྫ་ཀུན་གྲོལ་གྱི་གསུང་འབུམ་དང་བློ་ལྡན།སངས་རྒྱས་གླིང་པ། བདེ་ཆེན་གླིང་པ་སོགས་ཀྱི་གསར་བོན་རྣམས་ལ་ཟབ་ཁྲིད་དབང་ལུང་མང་དུ་གསོན། སྒོམ་ལྷ་མགོན་རིན་པོ་ཆེ་དང་། ཁྲོ་སྤྲུལ་རིན་པོ་ཆེ། ཀུན་ལ་འགྲན་ཟླ་བྲལ་བའི་གྲུབ་དབང་རྒྱལ་སྲས་བསྟན་བཟང་དང་། སྟག་ཞིག་ཉི་མ་བདུད་འདུལ་སོགས་མཁས་གྲུབ་དུ་མའི་མདུན་ནས། རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་དབང་བཞི་དང་། སྙན་བརྒྱུད་བཀའ་བརྒྱུད་སྐོར་བཞི། གསང་གཅོད།མེ་རི་སྙིང་ཐིག་ཨ་རྫོགས་སྙན་གསུམ།རྫོགས་ཆེན་གསེར་གྱི་ཞུན་མ།བྱང་སེམས་གབ་པ་དགུ་སྐོར། རྩ་རྒྱུད་གསང་བ་བསེན་ཐུབ། མཁས་བཞི་སྒྲ་འགྲེལ། དྲན་པའི་བཀའ་འབུམ་བསྐོར་བཞི། གཤེར་གྱེར་རྨ་དབྱིལ་སོགས་ཀྱི་ཟབ་བཞེས་གནང་བའི་ཟབ་ཁྲིད་དབང་ལུང་བརྒྱུད་རིམ་བཅས་ཐོབ་པས་རིག་པ་ཀློང་བརྡོལ་གྱུར་རོ།།དགུང་ལོ་ཉི་ཤུའི་སྐབས། མདོ་ཁམས་ཉག་རོང་ཡུལ་དུ་མ་ཧ་པན་ཊི་ཏ་དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་མཆོག་གི་མདུན་དུ་ཕེབས་ནས། རིག་གནས་ཆེ་ཆུང་བཅུ་དང་། བོན་བན་ཐམས་ཅད་ཀྱི་མདོ་སྔགས་རྫོགས་གསུམ་གྱི་གཞུང་འགྲེལ་བཅུ་ལྷག་ཙམ་ལ་གསོན་བསམ་མཛད། ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་དང་། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་ཐེག་འགྲེལ་རྒྱས་བསྡུས་གཉིས་དང་། མཉམ་མེད་ཀྱི་ཐེག་འགྲེལ་སོགས་ཟབ་མོ་གདམ་པ་ཐམས་ཅད་བུམ་པ་ཁོང་བྱང་ཚུད་དུ་རྩལ།
དགུང་ལོ་ཉེར་གཉིས་སྐབས། རང་ཡུལ་བྱ་བཏང་ཚེ་དབང་འགྱུར་མེད་ཀྱི་མདུན་དུ་བྱོན། དབྱིངས་རིག་མཛོད་ཟབ་ཁྲིད་རྒྱས་པ་དང་། ཡང་རྩེ་ཀློང་ཆེན། མཉམ་མེད་ཀྱི་བྱང་སེམས་གབ་པ་དགུ་བསྐོར། འདུལ་བ་མདོ་འདུས་སྡོམ་གསུམ། སྔགས་ཀྱི་རྒྱུད་སྡེ་བཞིའི་ཁྲིད་ལུང་བཅས་གསོན། ཚེ་དབང་འགྱུར་མེད་ཀྱི་མཆོག་གྱུར་ཞྭ་དཀར་སྐྱེ་བུ་བཅུ་གསུམ་གྱི་གྲལ་གྱི་ལུང་བྱང་ལྟར་ཞལ་གྱི་བཞེས་ནས། མ་འོངས་བསྟན་པའི་མངའ་བདག་ཏུ་མངའ་གསོལ། རྗེ་ཉིད་མཁས་པའི་སྙན་གྲགས་ས་སྟེང་གཡོ་བས་ཀུན་གྱི་དད་ཡུལ་དུ་གྱུར་རོ།།
སྨྲས་པ།
སྔོན་ཚེ་གོང་མ་རིག་འཛིན་རྣམ་ཐར་བཞིན།། འགྲོ་དོན་ཚུལ་གྱི་སྦྱོར་པའི་བློ་ལ་གསལ།།
རིག་སད་རྟགས་མཚན་ལེགས་པའི་གྲུབ་རྟགས་ལྡན།།འཛམ་གླིང་མཁས་པའི་སྙན་གྲགས་ས་སྟེང་ཁྱབ།།
གྲགས་པ་དོན་གྱིས་མ་བཏང་དབྱར་སྐྱེས་རྔ།།ཆུ་འཛིན་ཀློང་ནས་གཡུ་འབྲུག་དར་མས་བརྡུངས།།
བཞི་པ། འགྲོ་དོན་མཛད་ཚུལ།
དགུང་ལོ་ཉེར་གཉིས་ཀྱི་སྐབས། རང་དགོན་ཡེ་ཤེས་སྤོས་མདུད་དགོན་པའི་ཁྱུང་པོ་གདུང་རབས་དུ་མ་བཞུགས་པའི་མི་འགྱུར་གསེར་ཁྲིའི་སྟེང་དུ་དགོནཔའི་དབུ་བླ་ཆེན་མོའི་བཅོལ་ཏེ་གསེར་ཁྲི་ལ་མངའ་གསོལ་མཛད། དེ་སྐབས་བླ་སྤྲུལ་གྲྭ་སེར་བརྒྱ་ཕྲག་ལྷག་གི་མན་ཊལ་ཞལ་བརྟེན་བཅས་དཔག་མེད་་་ཕུལ།ཡུལ་སྡེ་མི་སྣ་ཐམས་ཅད་ཀྱིས་རྟ་རྒྱུག་གླུ་གར་གྱི་རྟེན་འབྲེལ་དགེ་མཚན་དུ་མ་དང་། ནམ་མཁའ་ལ་འཇའ་ཟེར་དང་ས་གཞི་ལ་རྩི་ཤིང་སོགས་བཀྲ་ཤིས་པའི་རྟགས་མཚན་བརྗོད་ཀྱི་མི་ལོང་པ་ཤར། ཁོང་བོའི་དབང་ལུང་ཟབ་ཁྲིད་གསུང་བཤད་སོགས་ཟབ་མེད་བོན་གྱི་སྦྱིན་པ་རྒྱ་ཆེན་གནང་།
དགུང་ལོ་ཉེར་གསུམ་སྐབས། རྗེ་ཉིད་དང་གཅུང་པོ་ཐུགས་རྗེ་གླིང་པ་གཉིས་འདྲ་ཡུལ་དུ་ཕེབས།ཉག་རོང་གཏེར་ཆེན་གྱི་བཀའ་འགྱུར་ལུང་གསུང་འཕྲོ་རྣམས་ལྗགས་ལུང་དང་རྗེ་གནང་བརྒྱུད་རིམ་བཅས་སྤེལ་མཐར་བཀའ་ཕྱི་ནང་གསང་གསུམ་གྱི་དབང་ཁྲིད་གདམ་པ་ཟབ་མོ་གནང་ནས་བསྟན་འགྲོ་རྒྱ་ཆེན་མཐའ་ལས་འདས། མ་ཚད་དགོན་དང་མཆོད་རྟེན་སོགས་མང་པོ་གསར་བཞེངས་མཛད། དགེ་སྒྲུབ་སྡིག་སྤང་གི་བསླབས་བྱ་དུ་མ་གནང་ནས་ཡུལ་སྡེ་རྣམས་ལ་བསྙུང་གནས་དང་། ཚེ་ཐར་དར་ལྕོག་རྡོ་འབུམ་སོགས་དགེ་བསྐུལ་གྲངས་ལས་འདས། བླ་སྤྲུལ་གྲྭ་ཚོགས་བརྒྱ་ཕྲག་ལ་དངོས་གཞི་དང་སྐུ་གསུམ་རང་ཤར་དང་སྙིང་ཐིག་ཟབ་ཁྲིད་གྲངས་མང་གནང་། རྔོན་ཁྲིམས་དང་སྲོག་བཅད་རྐུན་རྫུན་གྱི་ཁྲིམས་དམ་པོར་བཅས་འགྲོ་དོན་རྒྱ་ཆེན་འགྲུབ། ཐུགས་གླིང་གི་སྟག་འདུར་སོགས་གཏན་ལ་ཕབ་ནས་གསང་བ་གདབ༔
དགུང་ལོ་ཉེ་ལྔ་སྐབས། ཤར་རྫ་བའི་རྒྱལ་ཚབ་བློ་གྲོས་རྒྱལ་མཚན་མདུན་དུ་ཕེབས་ནས།ཁོང་བོའི་རྩ་བའི་བླ་མ་ཤར་རྫ་རིན་པོ་ཆེན་གྱི་སྐུ་གདུང་མདུན་དུ། མ་རྒྱུད་སྟོང་ཚོགས། ཡབ་སྲས་སྟོང་ཚོགས། རིག་འཛིན་འདུས་པ་སྟོང་ཚོགས་བཅས། ཚོགས་འཁོར་རྒྱ་ཆེན་ཕུལ་ནས། དབལ་ཕུར་ནག་པོའི་མཚམས་ལ་བཞུགས། དེ་སྐབས་མ་འོངས་ལུང་བསྟན་འདི་ལྟར་གསལ།
ཀྱེེ༔རྒྱུད་ལུས་གཟུགས་ཀྱི་ཕུང་པོ་ལ།།མི་རྟག་བསྒྱུར་མའི་དུ་མ་འོང་།།
རང་ཡུལ་རྒྱལ་པོ་མིན་ནག་གཡོ།།དུ་རུ་དམག་གི་འཁོར་ལོ་བསྐོར།།
དེ་དུས་བསྟན་པ་གཟའ་ཡི་སྒྲིབ།།ཁྱོད་ལ་སྡུག་བསྔལ་ཅུང་ཞིང་མནར།།
དེ་སྐབས་ལྟ་དགོངས་མངོན་དུ་གྱུར།།ཀ་དག་ཀློང་ལ་མཉམ་པ་བཞག ༔
དེ་ལྟར་མ་འོངས་ལུང་བསྟན་དུ་མ་ཤར་བས་གསང་བ་གདབ༔
དགུང་ལོ་ཉེར་བདུན་སྐབས། རང་ཡུལ་དུ་ཕེབས་ནས། མཆོག་དགེ་རི་ཁྲོད་དུ་བསྐྱེད་རྫོགས་ཟབ་མོ་ཟུང་འབྲེལ་གྱི་སྒོར་ནས་འགར་སྟོན་ཕུར་པའི་བསྙེན་མཚམས་ལ་བཞུགས། དབལ་ཕུར་རྒྱུད་འགྲེལ་སོགས་ལ་བསམ་སྒོམ་མཛད། ཉིན་མཚན་ཀུན་ཏུ་འོད་གསལ་གྱི་སྣང་བ་ལྷ་སྐུ་ཐིག་ལེ་སོགས་སྔོན་ཆད་མཐོང་ཐོས་མེད་པའི་རྟགས་མཚན་དུ་མ་ཤར། དཀྱིལ་འཁོར་སྒོ་དབྱེ་བའི་དུས་ལ་བུམ་ཆུ་འཁོལ་བ་དང་། སྒྲུབ་ཁང་ཕྱི་ནང་ཐམས་ཆད་ལ་མེ་སྟག་འཕྲོ་བ། སྨན་གྱི་དྲི་བཟང་གིས་ཁྱབ་པ་སོགས་ཡ་མཚན་གྱི་རྟེན་འབྲེལ་དུ་མ་ཤར།
དགུང་ལོ་ཉེར་དགུ་སྐབས། མདོ་སྨད་ཉག་རོང་དང་ཡུལ་སོ་སོར་ལ་ཆར་ཤིན་དུ་དཀོན་ནས་ཆར་སློང་དུ། མུན་ཉུང་མཚོ་ལ་ཕེབས་ནས་ཀླུ་སྨན་འབུལ་ནས། ཆུ་འཛིན་དྲག་པོ་རླུང་ནག་ཕྱོགས་བཅུ་ཀུན་ནས་གཡོ་བ་ཐོག་རྒོད་དྲག་ཏུ་འཕེན་ཡང་བླ་མའི་སྐུ་ལ་ཉེ་ཡང་མ་ནུས་པ། ས་བདག་ཀླུ་གཉེན་ཡུལ་ས་རྣམས་ལ་བཀའ་བགོ་མཛད།
ཀྱེ༔ཡུལ་རི་འདི་གནས་ས་བདག་ཀླུ།།གདུག་རྩུབ་ཆེན་བའི་རིགས་རྣམས་ཀུན།།
སྔོན་ཚེ་རིག་འཛིན་བཀའ་ལ་ཉོན།།བདག་གི་མཆོད་པ་འདིར་བཞེངས་ནས།།
ཆབ་ཆར་རྒྱུན་དུ་འཕེལ་བར་མཛོད།།
ཅེས་དེ་ལྟར་གསུངས་ནས་ཡུལ་སྡེ་སོ་སོར་ལ་ཆར་ཆུ་རབ་དུ་འབབ་ནས་ཀུན་གྱི་ངོ་མཚར་བའི་དད་ཡུལ་ཆེན་པོ་ལྷག་པར་དུ་གྱུར།
དགུང་ལོ་སུམ་ཅུ་སྐབས། འདྲ་ཁོག་ལྕགས་བརྐོས་སོགས་སུ་ཕེབས་ནས། བྲག་རལ་དགོན་འདྲ་ཆུ་དགོན་བཞི་ཙམ་ལ་སྔོན་འགྲོའི་ཞལ་ཁྲིད་དང་།སྐུ་གསུམ་རང་ཤར།བསྐྱེད་རྫོགས་ཀྱི་ཁྲིད་རིན་དང་། དམར་མོ་འཛུབ་ཚུལ། སྙན་རྒྱུད་སོགས་ཀྱི་ཁྲིད་ལུང་ཟབ་མོ་གནང་། ཡུལ་སྡེ་སོ་སོར་ལ་མཆོད་རྟེན་དུང་འཁོར་སོགས་མང་དུ་བཞེངས་པ་རང་རང་གི་འདོད་པ་བསྐང་ནས།ཁྱོད་ཡུལ་ལ་ཕེབས། བཀྲ་ཤིས་འོད་འབར་མཆོད་རྟེན་སོགས་གསར་བཞེངས་མཛད་ནས་ཡུལ་སྡེ་རྣམས་ལ་དངོས་གཞི་ཡི་ཉམས་ལེན་སོགས་བོན་གྱི་སྦྱིན་པ་རྒྱ་ཆེ་གནང་།
དགུང་ལོ་སོ་གཉིས་སྐབས། བླ་ཨ་གཡུང་ངམ་གཡུང་དྲུང་བསྟན་པའི་རྒྱལ་མཚན་ཡེ་ཤེས་དགོན་གྱི་མཁན་པོའི་འགན་བཞེས། ལོ་དེ་ནས་འཇའ་ལུས་པ་ཁོང་རྣམ་གཉིས་ཐུགས་ཡིད་གཅིག་མཐུན་གྱི་སྒོ་ནས་དཔལ་ལྡན་ཡེ་ཤེས་དགོན་གྱི་ཕྱི་ཡི་བཀོད་པ། ནང་གི་དགོན་ཁྲིམས་སོགས་དག་བསྒྲིགས་བྱེད་ནས་བཤད་སྒྲུབ་ཀྱི་བསྟན་པ་ཟླ་བ་ཡར་ངོ་ལྟར་དུ་འཕེལ། བླ་སྤྲུལ་གྲྭ་སེར་སྟོང་ཕྲག་ལྷག་ལ་ཟབ་ཁྲིད་ཀྱི་གདམ་པ་དང་། བསྙེན་གནས་ཀྱི་བསླབ་བྱ་སོགས་དབང་ལུང་ཁྲིད་གསུམ་གྱི་འགྲོ་དོན་ལེགས་པ་འགྲུབ། ལོ་དུས་ནས་བཟུང་རྗེ་རྣམ་གཉིས་དགོན་པའི་བདག་པོ་མཛད་ནས་བསྟན་པའི་མེ་རོ་སྤར། རྗེ་ཉིད་ཀྱི་དགེ་སྦྱོར་བརྩོན་འགྲུས་ཀྱི་ཚུལ་མཛད་པས་ནང་ནུབ་དུས་དྲུག་དུ་ཡི་དམ་མཆོག་ལྔའི་གཞུང་དང་བསང་བཀའ་སྐྱོང་ཟབ་གཅོད་ཀྱི་ལུས་སྦྱིན། ཐོད་རྒལ་གྱི་ཉམས་ལེན་སོགས་ཆག་མེད་མཛད། དེའི་སྐབས་སུ་ཐུགས་རྗེ་གླིང་པའི་ཟབ་ཆོས་རྣམས་གཏད་ལ་ཕབས་པ་གསང་རྒྱ་གདབ༔
དགུང་ལོ་ཞེ་ལྔ་སྐབས། གོང་གི་ལུང་བསྟན་ལྟར་དུ་རུ་ཀའི་དམག་མགོ་ཚུགས་ནས། དམངས་གཙོ་བཅོས་བསྒྱུར་བྱེད་ནས་གྲལ་རིམ་འཐབ་བརྩོན་གྱི་གྲལ་དུ་གཅར་བརྡུག་ལན་མང་པོ་མྱོང་དགོས་བྱུང་། རྒྱལ་ཁབ་
ཁྲིམས་ཁང་དུ་ཕེབས་བས། དེ་ན་ལས་ཀྱི་བསྡུས་པའི་མདོ་ཁམས་ཀྱི་བླ་སྤྲུལ་ལྔ་བཅུ་ཕྲག་ཅིག་བཞུགས་པ་དང་ཞལ་འཛོམས། ཁྱད་པར་དུ་སུ་ལ་གཡུང་དྲུང་དབང་རྒྱལ་མཆོག་དང་། སྤྲུལ་སྐུ་རྡོ་ལོ། སྤྲུལ་སྐུ་པད་མ་རྒྱལ་མཚན། པད་ལི་དབང་རྒྱལ། ཀུན་གྲོལ་མཁའ་སྤྱོད་དབང་མོ་སོགས་སྐྱེ་ཆེན་མང་པོ་བཞུགས་པས་རྗེ་ཉིད་དེ་རྣམས་དང་མཉམ་དུ་ཐུགས་དགྱེས་རེ། དགོངས་པ་སྤྲོ་སང་ངེར། མཁས་པ་མཁས་པའི་དྲུང་དུ་མཛེས། ཟེར་བ་ལྟར་བག་ཕེབས་ཏེ་གནས་སོ། ཁོང་གིས་དམ་པ་མང་སོའི་དྲུང་ནས་མན་ངག་གི་ཟབ་བོན་དུ་མ་གསང་སྟབས་སུ་གསན་པའི་གོ་སྐབས་བཟང་པོ་རྙེད། མ་ཧ་པན་ཊི་ཏ་བསྐལ་བཟང་རྒྱལ་མཚན་དང་བླ་སྤྲུལ་དུ་མ་རྣམས་དང་ལྷན་ཅིག་པར་ཉམས་ལེན་ལ་བགྲོ་གླེང་དོགས་སེལ་གྱི། བརྩལ་སྦྱོང་གིས་ཡོན་ཏན་གོང་དུ་འཕེལ་བར་ཕན་པ་ཆེན་པོ་བྱུང་སོང་ཞེས་གསུངས། ཁྲིམས་ཁང་དེར་གནས་ཀྱི་དད་ལྡན་བཅུ་ཕྲག་མང་པོ་ལ་རྗེས་ཀྱི་ཞལ་ནས་སྐྱིད་ན་མཆོག་གསུམ་བླ་མའི་་་་་ཐུགས་རྗེ། སྡུག་མ་སྔོན་གྱི་ལས་ཡིན་ཚུལ་གྱི་བོན་གསུངས་པས་ཁྲིམས་གཅོད་ཀྱི་ཚོར་བ་མྱང་ཡང་རང་སེམས་སངས་རྒྱས་ལ་མྱ་ངན་སྔར་ལྟ་བུ་མེད་པར་སྐྱིད་པོ་བྱུང་སོང་ཞེས་ཀུན་གྱིས་གླེང་། རྗེ་འདི་ཉིད་ཀྱིས། བཟང་ངན་ལས་ཀྱིས་འབྲེལ་ཐོབ་སེམས་ཅན་རྣམས། བདག་གི་འདི་ནས་ཐར་བ་འདྲེན་པ་ཤོག་ཅེས་ཉམས་པའི་ཀུན་སློང་བཅས་གཞན་ཕན་གྱི་ཐུགས་སེམས་ཡལ་མ་མྱོང་། ཉིན་མཚན་ཀུན་ཏུ་ཟབ་མོ་རྫོགས་པ་ཆེན་པོའི་ཁྲོད་ཆེན་ཐོད་རྒལ་སོགས་ཀྱི་དོན་དུ་བླ་མ་གྲལ་རིམ་གྱི་འཐབ་བརྩོན་ལན་མང་པོ་མྱང་དགོས་བྱུང་། ཡིན་ན་ཡང་། རྗེ་འད་ཉིད་ཀྱིས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྡུག་བསྔལ་ཁུར་ཁྱེར་བསམ་པ་རྣམ་དག་གི་སྒོ་ནས་ཉག་རོང་ཕྱོགས་ཀྱི་ནག་ཉེས་ཐམས་ཅད་ཁོ་བོའི་ཕྲག་དུ་བླངས་ནས་ཟབ་མོ་འཇའ་ལུས་ཀྱི་གྲོལ་ལམ་རྫོགས་པ་ཆེན་པོའི་ཉམས་ལེན་རྣམས་དང་གདམ་ངག་ཟབ་མོ་རྣམས་གོང་འཕེལ་དུ་བྱུང་།
དགུང་ལོ་རེ་དགུ་སྐབས། ཉག་རོང་རྫོང་ཆབ་སྲིད་གྲོས་མོལ་ཁང་དུ་ལས་དོན་བསྒྲུབ་ཞོར་དུ། རྫོགས་ཆེན་སེམས་ཕྱོགས་ཀློང་ཆེན་མན་ངག་གི་སྡེ་སོགས་ཟབ་མོ་རྫོགས་ཆེན་གྱི་ཉམས་ལེན་རྣམས་ལ་བརྟག་རྟོག་དཔག་མེད་མཛད།ནང་ནུབ་དུས་དྲུག་དུ་ཕྱག་དང་མན་ཊལ་རྣམས་ལ་རབ་ཏུ་བརྩོན་པ།ཤི་གསོན་རྣམས་ལ་བསྔོ་བ་དམིགས་མེད་རྣམ་དག་གྲངས་མང་མཛད་དོ།།
དགུང་ལོ་བདུན་ཅུ་སྐབས། ཟླ་བ་དང་པོའི་ཚེས་བཅོ་ལྔའི་ཐོ་རེངས་རྗེ་ཡི་རྨི་ལམ་དུ། མ་ཅིག་སྲིད་པའི་རྒྱལ་མོ་ཞལ་མངོན་སུམ་དུ་བསྟན་ནས། འདི་སྐད་དུ།
ད་འདི་ནས་ཡུན་རིང་མི་ཐོགས་ནས།།དུས་མྱུར་དུ་བསྟན་པའི་ཉི་མ་ཤར།།
བོན་གཡུང་དྲུང་སྟོན་པའི་བཀའ་འཁོར་བསྐོར།།ལས་འགྲོ་དྲུག་ཐུགས་རྗེ་འདྲེན་པར་ཤོག །
ཞེས་གསུངས་ནས་དབྱིངས་སུ་ཡལ། ལོ་དེའི་སྟོན་འཇུག་ལ། ཀྲུང་གོའི་སྲིད་ཇུས་བཟང་པོ་ལ་བརྟེན་ནས་ཆོས་ལུགས་དད་པ་རང་མོས་དང་།ཉག་རོང་ཡེ་ཤེས་དགོན་ཆོས་སྒོ་ཕྱེ་ཆོག་པའི་ཆོག་འཆན་ཐོབ། ཁོ་བོ་དགོན་པའི་དོན་དུ་ཉག་རོང་རྫོང་དུ་ཚོགས་འདུས་སོགས་ལན་མང་དུ་ཕེབས་པ་དང་དགོན་པའི་བསམ་འཆར་བཟང་ངན་རྣམས་ལན་མང་དུ་ཕུལ། བླ་མ་ཨ་གཡུང་མཆོག་དང་ལྷན་འཛོམས་བྱེད་ནས་ཡེ་ཤེས་དགོན་པ་གསར་བཞེངས་མཛད་པའི་དབུ་བཞུགས་མཛད། ཡུལ་སྡེ་མི་དམངས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་དགོན་པ་ལེགས་འགྲུབ་བྱུང་། ལོ་དེའི་ཚེས་བཅུ་སྐབས་སུ། འགྲོ་མགོན་ཤེས་རབ་དགོངས་རྒྱལ་ཀྱི་སྤྲུལ་པ་ཨ་གཡུང་མཆོག་དང་། ཟབ་གཏེར་ཐུགས་རྗེ་གླིང་པ་དང་ཁོ་བོ་གཡུང་དྲུང་བདུད་འདུལ་སོགས་ཟབ་བརྒྱད་ཀྱིས་གདམ་པ་ནང་དུ་རྩལ་སྐབས་རྟགས་མཚན་དུ་མ་ཤར། །དགོང་ལོ་དོན་གཅིག་སྐབས།བྱ་བྲལ་བ་ཁྱུང་པོ་བླ་མ་ཉི་མ་ཚུལ་ཁྲིམས་རང་དགོན་དུ་གདན་དྲངས་ནས། ཁོང་རྣམ་གཉིས་ཉམས་རྟོགས་རྣམས་འབུལ་རེ་བྱས། རྗེ་ཉིད་ཀྱིས་ཁྱུང་བླ་ཉི་མ་རིན་པོ་ཆེ་རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་རྩ་རླུང་ཁྲིད་རིམ་གནང་། བླ་མ་ཨ་གཡུང་ཁྱུང་བླ་ཉི་མ་ཁོང་བོ་རྣམ་གསུམ་གྱི་མདོ་སྨད་བོན་གྱི་གྲུབ་མཐའ་ལ་དད་པའི་བླ་སྤྲུལ་རྣམས་ལ་འབུམ་དགུ་དང་སངས་རྒྱས་སྟོང་དབང་སོགས་ཟབ་བོན་གདམ་པ་རྣམས་བྱིན་རླབས་ཆབ་བཞིན་དུ་གནང་བ་མཛད།ལོ་དེ་ལ་ཡེ་ཤེས་དགོན་གྱི་ལོ་རྒྱུས་རྒྱས་བསྡུས་གཉིས་བརྩམས་ནས་རྫོང་ཆོས་དོན་ཅུས་དང་སྲིད་གཞུང་ལ་ཕུལ། མཆོག་སྤྲུལ་ཨ་གཡུང་དང་རྗེ་ཉིད་ཀྱིས་ཁུལ་དང་ཞིང་ཆེན་ཀྲུང་དབྱང་ལ་ཡར་ཞུ་འབུལ་ནས། ཡེ་ཤེས་དགོན་པ་ནི། ཀྲུང་གོའི་གཙང་གནས་དགོན་པ་གྱུར་ནས་སྒོར་ཁྲི་ཉི་ཤུ་དགོན་པ་བཞེངས་རྟེན་དུ་གནང་བ་ཐོབ། བླ་མ་རྣམ་གཉིས་ཀྱི་ཡེ་ཤེས་དགོན་དུ་དབྱར་གནས་ཚེས་བཅུ་དགུ་གཏོར་རྣམ་དག་བཅོས་བྱེད།དགུང་ལོ་དོན་ལྔ་སྐབས། རྗེ་འདི་ཉིད་ཀྱིས་རང་དགོན་དུ་བླ་གྲྭ་འདུས་སྡེ་རྣམས་ལ། སྔོན་འགྲོ་བཀའ་ལུང་རྒྱ་མཚོ། ཁྲིད་ཡིག་དམར་མོ་འཛུབ་ཚུལ། ཐལ་ལམ་སྡེ་དྲུག་སོགས་བཀའ་དྲིན་བརྩལ། སྤྱིར་ཡང་རྗེ་བཙུན་བླ་མ་མཆོག་འདིའི་མཛད་པའི་ཆ་རེ་རེ་ལང་རྣམ་པ་དུ་མའི་ཁྱད་པར་འཕགས་པ་འདྲ་སྟེ། འཆད་ཁྲིད་གནང་བ་རྣམས་ལ་མཚོན་ན་བླ་སྤྲུལ་མཁན་སློབ་སོགས་གཞུང་ཆེན་གྱི་སྤྲོས་བཤད་ལ་དགྱེས་པ་རྣམས་ཀྱི་ངོར་ལྷ་གཉེན་ཤེལ་སྒོང་། རིགས་དྲུག་རང་སྦྱོང་། སྐུ་གསུམ་རང་ཤར། རྫོགས་ཆེན་སྙིང་ཐིག་སོགས་གང་འོས་ཀྱི་མན་ངག་གོ་བདེ་སྤྱོད་རྒྱས་བསྡུས་འཚམ་པར་གནང་བ་དང་།ཐོས་གསུམ་གྱི་བློ་མིག་ཤིན་ཏུ་ཕྲ་བའམ་་དཔེ་འཛིན་ཡིག་རིས་ཀྱི་སྦྱང་ཐོན་མེད་པ་རྣམས་ལ་སེམས་ངོ་འཛུབ་ཚུགས་ཀྱི་གདམ་པ་དང་།སྦྱོར་དངོས་རྗེས་གསུམ་སོགས་ཉམས་ལེན་གོ་བདེ་བ་རེ་་གནང་བ་དང་། དབང་པོ་ཤིན་ཏུ་རྟུལ་བ་ཡིན་ཡང་སྔགས་ཀྱི་གདུལ་བྱར་གྱུར་པའི་སྐྱེ་བོ་ཕོ་མོ་རྣམས་ཀྱང་རིག་པ་རྐྱང་དེད་ཀྱི་མན་ངག་གིས་འཆི་ཁ་ཐལ་མལ་དུ་མི་འཕྱག་པའི་གདམས་ངག་སོགས་མཐར་ཐུག་རྣམ་པར་གྲོལ་བའི་ཟབ་ལམ་ཁྱད་པར་བ་བརྩལ། གདུལ་བྱ་ཐུན་མོང་པ་རྣམས་ལ་སྐྱབས་འགྲོ་སེམས་བསྐྱེད་དང་། བློ་ལྡོག་རྣམ་བཞི་འཕོ་བའི་ཁྲིད་སོགས་གང་འཚམ་གྱིས་འགྲོ་བའི་བློ་སྣ་བོན་དུ་བསྒྱུར། དེ་ལྟ་བུའི་མཁས་གྲུབ་སྨྲ་བའི་དབང་ཕྱུག་དམ་པ་རྣམས་ཀྱི་གཙུག་ནོར་དུ་གྱུར་ནའང་བན་བཙུན་ཕལ་བས་ཀྱང་དུལ་བའི་མཛད་སྤྱོེད་ལ་གནས་པས། མཆོག་དམན་སུ་དང་གང་གིས་ཞལ་མཇལ་བ་ཙམ་གྱིས་དད་པ་དབང་མེད་དུ་འཕེལ་བ་ཞིག་ཡིན་མ་ཚད་་དགོན་ཁག་སོ་སོར་ལ་རྟེན་བཞེངས་བརྟེན་བཞག་དང་བདུད་རྩི་གསོ་རིག་་་སྨན་གྱིས་སྦྱིན་པ་དུས་ལྟར་དུ་བཏང་བ་སོགས་གྲངས་མོ་མཛད་པ་ཀུན་གྱི་ཡ་མཚན་པར་གྱུར་རོ། །
དགུང་ལོ་དོན་དྲུག་སྐབས། མཆོག་སྤྲུལ་ཨ་གཡུང་རྗེ་ཉིད་ཀྱིས་དགོན་པའི་གྲྭ་པ་ཡོངས་ལ་ཁང་ས་གྲ་བསྒྲིགས་བྱས་ནས་གྲྭ་ཁང་སོགས་གསར་བཞེངས་བྱས་ནས་ལེགས་གྲུབ་བྱུང་། དེ་ནས་རྗེ་ཉིད་ཀྱི་ཡུལ་ཕྱོགས་སོ་སོར་ནས་བྱོན་པའི་བླ་གྲྭ་དུ་མ་ལ་སྙན་བརྒྱུད་བསྐོར་བཞིའི་སྙིང་ཐིག་སྐུ་གསུམ་རང་ཤར་ཁྲིད་ལུང་དུ་མ་གནང་བས་སློབ་མ་གྲངས་མེད་འཕེལ། རང་དགོན་གྱི་དགུ་ཆེན་ཚེས་བཅུ་སོགས་སུ་དབང་ལུང་དང་བསླབས་བྱ་རྒྱ་ཆེན་གནང་བ་ཆག་མེད་དུ་མཛད། ཀྲུང་གོའི་ཆོས་སྒོ་ཕྱེས་ནས་བཟུངས། ཐུན་དྲུག་གི་རྣལ་འབྱོར་པ་བྱ་བ་ལ། དེ་ཡང་ཐོ་རེངས་སྐྱ་རེངས་མ་ཤར་གོང་ནས་ཡར་བཞེངས་ཏེ་བླ་མ་རྣལ་འབྱོར་སྔོན་དུ་བཏང་། ཨ་གསལ་དང་གསས་མཁར་མཆོག་ལྔའི་ཡི་དམ། སྟག་ལྷ་ཕུར་པ་གཉིས་ཡི་དམ་བཅས་གསུངས། སྙིང་པོ་རྣམ་གསུམ་ཡིག་བརྒྱ་བརྒྱ་སྐོར་རེ་གསུངས། གསུར་མཆོད་དང་ལུས་སྦྱིན་གནང་། དེ་ནས་ཉམས་ལེན་གྱི་ཏིང་འཛིན་ཐུན་རེ་བཞུགས། ཐུན་མཐའ་སྔོན་སྨོན་རྒྱས་པར་མཛད། ཉལ་བའི་དུས་སུ་རྣལ་འབྱོར་ཞིང་ཁམས་ཀྱི་དག་སྣང་སྦྱོངས་བའི་མདུན་པ་སྐྱོངས། མདོར་ན། ཡེ་ནས་རིག་པའི་ངོ་བོ་སྤྲོས་པ་དང་བྲལ་བའི་བོན་སྐུ་གཞིར་གནས་ཀྱི་རིག་པ་དེ་ཡི་གཞི་དང་། སྒོ་གསུམ་མ་བཅོས་རང་བབས་སུ་བཞག་པའི་རིག་པ་བོན་སྐུ་མངོན་དུ་གྱུར་པ་བབས་གཞི། དེ་ལྟར་ཡེ་གཞི་གཞིའི་རིག་པ་དང་བབས་གཞི་ལམ་གྱི་རིག་པ་གཉིས་ཀ་དུས་གསུམ་རྒྱལ་བའི་ཐུགས་བོན་དབྱིངས་ཆེན་པོ་དང་གཉིས་མེད་རོ་གཅིག་ཏུ་གྱུར་པ་བྱུང་ཆུབ་སྙིང་པོའི་གཞི་རུ་གྲོལ། ཁོ་བོའི་ཞལ་ནས།
བོན་ཉིད་བསམ་དུ་མེད་པའི་ལོངས་སྤྱོད་ཀྱང་།།འདུས་བྱས་དགེ་བའི་རྩ་བ་རྒྱུན་མ་བཅད།།
བོན་ཉིད་མཉམ་པ་ཉིད་དུ་རྟོགས་གྱུར་ཀྱང་།།སྔོན་གྱི་ལས་འབྲས་ཁྱད་དུ་མ་གསོད་ཅིག །
རང་སེམས་སངས་རྒྱས་རིག་པ་རྟོགས་གྱུར་ཀྱང་།།བླ་མར་མོས་གུས་ལྷག་པ་རྗེས་དྲན་དགོས།།
ཞེས་གསུངས་པ་ལྟར། ཉིད་ཀྱི་ཐུགས་བསྐྱེད་སྨོན་ལམ་མཐའ་དག་དགོངས་སྤྱོད་མཚུངས་པར་དོན་ལ་འགྲན་ཟླ་བྲལ་བའོ། །
སྨྲས་པ།
གཞི་གཅིག་སྟོང་ཆེན་རིག་པ་བོན་གྱི་དབྱིངས།།དབྱིངས་ཡེ་གདོད་ནས་གཉིས་སུ་མེད་པའི་ཚུལ།།
ཚུལ་བཞིན་རྟོགས་ནས་ཉམས་སུ་བླང་བའི་འབྲས།།འབྲས་བུའི་ཐེག་པའི་རང་བཞིན་མངོན་དུ་གྱུར།།
རྟོགས་པའི་མངོན་གྱུར་རིག་འཛིན་དམ་པ་ཡི།།འཇིག་རྟེན་སྒྱུར་མ་ཤར་བའི་ལག་རྗེས་ལས།།
གང་དུ་བཞུགས་ཀྱང་ཀུན་བཟང་བདེ་བ་ཆེན།།ཅི་ཞིག་མཛད་ཀྱང་བསྟན་འགྲོའོ་དོན་ཆེན་ཉིད།།
འདིར་ཕྱིན་དགེ་བའི་ལྷ་ལམ་རབ་སྟོན་པ།།མ་ནོར་ཐུགས་རྗེ་བྱིན་རླབས་ཆབ་བཞིན་ཕབ།།
རྗེས་བཞག་སྐུ་གསུང་ཐུགས་རྟེན་ཡིད་ལས་འདས།།བདག་གི་བླ་མ་དཀོན་མཆོག་ཀུན་འདུས་དངོས།།
ལྔ་པ། སྐུའི་བཀོད་པ་བསྡུས་ཚུལ།
དགུང་ལོ་གྱ་གཉིས་སྐབས། མཉམ་མེད་ཤེས་རབ་རྒྱལ་མཚན་བྱིན་གྱིས་རླབས་པའི་དར་རྩེ་མདོ་ནས་མི་འགྱུར་བསྟན་པའི་མངའ་བདག་མཆོག་སྤྲུལ་ཨ་གཡུང་བླ་མ་རང་དགོན་དུ་ཕེབས་ནས། ཁོང་རྣམ་གཉིས་ཐུགས་ཡིད་གཅིག་བསྡུས་ཀྱི་སྒོ་ནས་གསུང་གླེང་སྣ་ཚོགས་མཛད་སྐབས། རྗེ་ཁོ་བོས་གློ་བུར་དུ་ཨ་གཡུང་ལ། ཕྱི་ལོ་བདག་འགྲོ་བའི་དུས་ལ་སླེབས་འདུག རིན་པོ་ཆེ་ཁྱེད་ཉིད་ཅི་ནུས་ཀྱི་འགྲོ་དོན་མང་བས། ཁྱད་པར་དུ་རང་དགོན་ལ་འགན་བཞེངས་པ་བཀའ་དྲིན་ཆེ་ཞུ། ཞེས་གསུང་སྐབས། བླ་མ་ཨ་གཡུང་གི་ཞལ་ནས། གཡུང་དྲུང་བདུད་འདུལ་མཆོག་ཁྱེད་སང་ལོ་བྱོན་ན། ངས་ཀྱང་གནངས་ལོ་འགྲོ་ངེས་ཡིན། ཞེས་གསུང་བཞིན་ལྷན་དུ་བཞུགས། འགྲོ་ན་ལོ་གཅིག་སྔ་ཕྱི་ཙམ་ལས་མེད་པ། ལྷན་དུ་ཞིང་ཁམས་ལ་ཕེབས་པ་ཞལ་གསུངས་བཞིན་མྱ་ངན་འདས་པ་ཀུན་ལ་གྲགས། ཕྱི་ལོ་ཡེ་ཤེས་དགོན་དུ་ཡུལ་སྡེ་སོ་སོར་བླ་གྲྭ་བརྒྱ་ཕྲག་དུ་མ་འདུས་ནས། རྗེ་ཉིད་ཀྱི་ཞི་ཁྲོ་དབང་ཆེན་དང་ཟབ་མོ་འཕོ་བའི་གདམ་པ་སོགས་དུ་མ་གནང་། ཁྱད་པར་དུ་ཚེ་མི་རྟག་པའི་བོན་སྒོ་དང་ཁོ་བོའི་ཉམས་ལེན་རྣམས་ལན་མང་དུ་གསུངས། རྗེ་ཉིད་ཀྱང་མི་རྟག་གྱི་འཕྲུལ་སྣ་ཤར་ཚུལ་དང་། ཡུལ་སྡེ་རྣམས་ཀྱི་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པའི་ཚེ་ཐར་དང་རྒྱུ་འབྲས་བསྲུང་བའི་དམ་བཅའ་སོགས་གྲངས་མང་མཛད། བླ་གྲྭ་ཡོངས་ཐུགས་མཐུན་ཁྲིམས་གཙང་བའི་སྒོ་ནས་བཤད་སྒྲུབ་ཀྱི་བསྟན་པ་འཛིན་དགོས་པའི་ཚུལ་དང་།འགྲོ་བ་སེམས་ཅན་ཐམས་ཅད་དང་བསྟན་འགྲོའི་དོན་དུ་འཆི་བ་སྲོག་ཕངས་དགོས་པ་བྱུང་ཡོད་བློ་གྱོད་མེད་བྱེད་དགོས་པ་བསླབ་བྱ་སོགས་མང་དུ་གསུང་། དེ་ནས་སྐུ་ལ་བསྙུང་བའི་ཚུལ་བསྟན། རྗེ་ཉིད་དུས་རྟག་ཏུ་ཕྱག་གཉིས་མཉམ་པར་བཞག་ནས་ཟབ་མོ་རྫོགས་ཆེན་པོ་སྐུ་གསུམ་གྱི་གདམ་པ་སོགས་ཉམས་ལེན་ཆགས་མེད་མཛད།ལོ་དེའི་བོད་ཟླ་9པའི་ཚེས་22ལ་རྗེ་འདི་ཉིད་ཀྱིས་་་ཕཊ༔སྒྲ་དང་བཅས་དགོངས་པ་བོན་དབྱིངས་དག་པའི་ཞིང་ཁམས་ལ་འཕྲིན་ལས་ཟླ་འོད་ཀྱི་དམིགས་མེད་མཉམ་པར་བཞག་ནས་ཀ་དག་བོན་སྐུ་དབྱིངས་སུ་ཐིམ། ཞལ་ནས་འདི་སྐད།
སྒྱུ་ལུས་གཟུགས་ཀྱི་ཕུང་པོ་འདི།།འབྱུང་བཞི་འཇིག་པའི་སྣང་བ་ཤར།།
རང་སེམས་བོན་ཉིད་དབྱིངས་སུ་ཐིམ།།འགྲོ་དྲུག་ཐར་བ་ཐོབ་པར་ཤོག །
ཞེས་ཞལ་གསུང་མང་དུ་སྣང་། དེ་ནས་སྐུ་གདུང་རང་དགོན་དུ་ཞག་བདུན་ལ་གསང་རྒྱ་གདབ། དེ་སྐབས་གདུང་ཁང་གི་ཕྱི་ནང་ཐམས་ཅད་ལ། འཇའ་སྣ་ལྔའི་གུར་ཁང་དང་སྒྲ་འོད་ཟེར་གསུམ་གྱི་རྟགས་དུ་མ་ཤར། མཚན་མོའི་སྐབས་སུ་འཇའ་དཀར་པོ་ཤར་བ་དང་མེ་སྟག་འཕྲོ་བ་སོགས་དཔག་མེད་ཤར་བ་སོགས་ཡུལ་སྡེ་ཀུན་གྱི་ཡ་མཚན་དུ་གྱུར། མཚམས་གསང་རྒྱ་སྒོ་ཕྱེ་བའི་སྐབས་སྐུ་གདུང་མེ་ཐབས་དྲུག་སྦྱོར་གྱི་ཕྱག་རྒྱ་ཡིས་ཚུལ་དུ་བཞུགས་ནས་བྱིས་པ་ལོ་ལྔ་ཙམ་གྱི་གཟུགས་ལས་མ་ལུས་པ་འཇའ་ལུས་འོད་སྐུའི་གྲུབ་པ་ཐོབ་པའི་ཁྱད་དུ་འཕགས། དེ་ནས་ཨ་གཡུང་རིན་པོ་ཆེས་གཙོ་འཛིན་ནས་ཡེ་ཤེས་དགོན་གྱི་བླ་གྲྭ་ཡོངས་དང་། མི་ནུབ་དགོན། དབྲ་ཁྱུང་དགོན། གོང་རྒྱལ་དགོན། ལ་ཁ་དགོན། ཀླུ་འབུམ་དགོན། རྒྱལ་གཞི་དགོན། བྲག་སྦས་དགོན། འགྲོ་མགོན་དགོན་སོགས་ཀྱི་བླ་སྤྲུལ་ཐམས་ཅད་འདུས་ནས། མ་རྒྱུད། བདེ་འདུས། གསལ་མཁར་མཆོག་ལྔ། རིག་འདུས་སོགས་ཚོགས་འཁོར་དང་མཆོད་པ་རྒྱ་ཆེན་འབུལ་ཏེ། དད་ལྡན་མང་ཚོགས་རྣམས་ལ་སྐུ་གདུང་མཇལ་ཁ་ལེན་མང་དུ་གནང་བས་དད་གུས་མཆིལ་མ་དྲག་དུ་འཁྲུགས་པ་རྐུན་རྫུན་ཆང་རག་སྲོག་གཅོད་པ་སོགས་ཁས་ལེན་དམ་བཅའ་ཡི་དགེ་བ་འགྲོ་དོན་རྒྱབ་ཆེན་འགྲུབ།དེ་ནས་མི་ནུབ་དགོན་གྱི་མཁན་པོ་རིག་འཛིན་དབང་རྒྱལ་གྱིས་ཟངས་ཀྱི་གཞོང་པ་ནང་དུ་ཕྱག་སྟེང་དུ་ཁྱེར་ནས་གདུང་ཁང་དུ་མངའ་གསོལ། སུ་ལ་གཡུང་དྲུང་དབང་རྒྱལ་དང་། བླ་མ་ཨ་གཡུང་སོགས་བླ་སྤྲུལ་གྲྭ་ཚོགས་སྟོང་ཕྲག་ལས་འདས་པའི་ཀུན་རིག་སྦྱིན་བསྲེགས་ཆེན་མོའིབསྲེགས་ཆོག་བྱས།ནམ་མཁའ་ནས་འོད་ཟེར་སྣ་ལྔའི་གུར་ཁང་དང་།འཇའ་ཚོན་སྣ་ཚོགས་སོགས་དད་ལྡན་སེར་སྐྱ་མང་ཚོགས་ཀྱི་དད་པ་ལྷག་པར་དུ་འཕེལ་བའི་རྟགས་མཚན་ཤར་རོ།།དེ་ནས་རྗེ་ཉིད་ཀྱི་རྗེས་འཛིན་པ་འཕྲིན་ལས་ཀུན་ཁྱབ་ཀྱིས་གཙོ་འཛིན་ནས།གསེར་དངུལ་གྱི་སྐུ་གདུང་ཆེན་མོ་སྐྱབས་རྟེན་དུ་བཞེངས་ནས་ཉག་རོང་གི་དགོན་ཁག་རྣམས་དང་། རྫ་ཁོག་དགོན་སོ་སོར་འདུས་ནས་རྗེ་ཉིད་ཀྱི་སྐུ་གདུང་མཆོད་རྟེན་རབ་གནས་དང་་གདུང་ས་རུས་སྲེལ་སོགས་ཀྱི་སྨན་སྒྲུབ་བསྒྲུབ་ནས་དད་ལྡན་མང་ཚོགས་རྣམས་ལ་སྨན་གྱི་སྦྱིན་པ་རྒྱ་ཆེན་གནང་ནས།རྗེ་ཉིད་ཀྱི་གསེར་ཁྲི་ལ་མངའ་གསོལ་ནས་ཡེ་ཤེས་དགོན་གྱི་ཐུགས་ཁུལ་མཛད་བཞིན་ནོ། ། རྗེ་ཉིད་ཀྱི་གསུང་རྩོམ་སྐོར་ཤར་རྫ་བླ་མའི་རྣལ་འབྱོར་རྒྱས་པ། ཉི་པང་སད་ཀྱི་བསྐང་གསོལ།པོམ་རའི་བསྐང་བ།ཡེ་ཤེས་དགོན་གྱི་ལོ་རྒྱུས་རྒྱས་བསྡུས་གཉིས།གནའ་རབས་བོན་གྱི་ལོ་རྒྱུས།མ་དང་མཁའ་འགྲོའི་ལུང་བསྟན། ཕུར་པའི་བཅུད་འདྲིལ། དྲེལ་ནག་གསོལ་ཁ། སྐུ་གསུམ་ཞིང་བསྒྲུབ། ཤར་རྫ་སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་མཆན་འགྲེལ།ལུང་རིག་མཛོད་ཀྱི་མཆན་འགྲེལ།ཉག་རོང་དགོན་གནས་ཀྱི་ལོ་རྒྱུས།དར་རི་སྦྱིན་པ་རྒྱལ་མཚན་གྱི་གནས་ཡིག ཐུགས་རྗེ་གླིང་པའི་གཏེར་ཆོས་ཐམས་ཅད་རྗེ་ཉིད་ཀྱིས་གཏད་ལ་ཕབས་པ་སོགས་ཁྱུང་བསྟན་འཛིན་ཉི་མས་བརྩམས་པའི་ཐུགས་རྗེ་གླིང་པའི་རྣམ་ཐར་རྒྱས་པ་ལས་གསལ།བྱམས་མ་མན་ཊལ་བཞི་ཆོག་ཟབ་གསུར་བསྡུས་པ། འཛམ་བྷ་ལྷའི་ཀ་རྩོམ་སོགས་གྲངས་མང་ཡོད་དོ།།
སྨྲས་པ།
དམིགས་མེད་ཁྱབ་བརྡལ་རིག་འཛིན་འཇའ་ལུས་པ།།སྟོང་ཉིད་སྙིང་རྗེ་ཆེན་པོའི་ཏིང་འཛིན་ལས།།
རྫུ་འཕྲུལ་ཐབས་ཀྱི་སྐད་ཅིག་རེ་རེར་ཡང་།།འགྲོ་འདྲེན་མཛད་པའི་རྣམ་ཐར་བསམ་མི་ཁྱབ།།
རྣམ་ཐར་ཐོས་པ་གྲོལ་བའི་ནོར་བུ་གཏེར།།ལྷ་ལས་ཕུལ་དུ་བྱུང་བའི་ངོ་མཚར་གཏམ།།
འོད་སྐུ་གྲུབ་པའི་རྣམ་ཐར་གསོན་པོ་འདིས།།རྗེ་འབངས་དག་པའི་མཛད་པ་སླར་ཡང་བསྐྲུན།།
འུར་འུར་གྲགས་པའི་རྗེས་སུ་མ་འབྲངས་པར།།བདེན་བདེན་དངོས་པོའི་གནས་ལུགས་ཞིབ་ཏུ་བཙལ།།
འགྲིག་འགྲིག་བྲག་ཆའི་གླུ་རུ་མ་དྲངས་པ།།ངེས་ངེས་དོན་གྱི་རང་བཞིན་ཆེད་དུ་བཀོད།།
འོན་ཀྱང་དེངས་སང་དུས་ཀྱི་ཐ་མ་ལ།།བདེན་པའི་གཏམ་ལ་འཁྲུལ་བ་ཐོས་པ་མང་།།
རང་རྐྱེན་མ་མཐོང་གཞན་རྐྱེན་བཤད་པ་མང་།།ཡིན་ཀྱང་བདག་གི་ལྷག་བསམ་རྣམ་དག་བྲིས།།
སྤྲེའུ་མི་རུ་རྫུ་པའི་བླུན་པོ་ང་།།སྤྱང་ཀུ་ཤ་ལ་རེ་བའི་ཟོག་པོ་ང་།།
ཁྱི་གཟུགས་སེང་ལ་རྔམ་པའི་ཧོམ་ཆེ་ང་།།མཁས་གྲུབ་རྣམས་ཀྱི་བཞད་པའི་ཡུལ་དུ་གྱུར།།
ཡིན་ཀྱང་ལྷག་བསམ་དཀར་པོ་རེ་བ་ཅན།།གྲུབ་མཐའ་མདུན་ལམ་གཅིག་གྱུར་རེ་བའི་མི།།
མཁས་གྲུབ་བོན་གྱི་བསྟན་པ་སྤེལ་བསམ་ན།།གོང་མའི་བླ་སྤྲུལ་མཐུན་སྒྲིགས་རེ་བའི་མི།།
དུས་སྐབས་ཟོག་པོ་བླ་སྤྲུལ་རེ་འགའ་ནི།།རང་ཕན་གཞན་གནོད་ཕྲག་དོག་དགེ་བཤད་མང་།།
ཐོས་བསམ་དོན་བཞིན་སྤེལ་བའི་རེ་བའི་མི།།དེ་བཞིན་ཚུལ་ལ་མི་གནས་བླ་མ་མཁྱེན།།
སྙིགས་བའི་དུས་སྐབས་དབང་ཐོབ་བླ་མའི་འགའ། །གཞན་ལ་དབང་ལུང་བོན་དང་ཆོས་བཤད་པ།།
རང་ལ་ཡོན་ཏན་དགེ་བསྒྲུབ་སྣ་ཅིག་མེད།།གཞན་རྣམ་ཟ་ཐབས་མཁས་པའི་ཁ་བདེན་པ།།
ཡོན་བདག་རྒྱུ་ནོར་བུད་མེད་བྱིས་པ་གསོ།།གོང་མ་རིག་འཛིན་དྲན་ན་ཡ་མཚན་ཆེ།།
དེ་ལྟར་མང་ནས་རྣམ་ཐར་བདེན་གཏམ་འདིར།།ཀུན་གྱི་ཚད་མའི་གྲུབ་པའི་རྣམ་ཐར་བྲིས།།
བདག་ནི་ཟ་ཐབས་མཁས་ནས་ཡོན་ཏན་དབེན།།ནོར་འཁྲུལ་སོང་ན་རིག་འཛིན་རྣམས་ལ་བཤགས།།
འདི་བྲིས་དགེ་བ་འབྲེལ་ཐོབ་སེམས་ཅན་དང་།།ཁམས་གསུམ་རིགས་དྲུག་གཅིག་ཀྱང་མ་ལུས་པ།།
སྣང་བ་མཐའ་ཡས་ཐུགས་དཀར་ཐིམ་གྱུར་ནས།།རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །
ཅེས་འདིར་ལྟར་ཞེས་དགོས་པ་ཁོ་བོའི་དད་ལྡན་བླ་སེར་སོགས་ཀྱི་ཡང་ཡང་བསྐུར་བ་ལ་བརྟེན་ནས། ཁོང་གི་རྗེས་འཛིན་ཁྱུང་པོ་ངེས་དོན་ཡོན་ཏན་མཆོག་དང་བདག་བཀའ་འགྱུར་པ་རིག་འཛིན་ཉི་མ་གཉིས་ཟུང་འབྲེལ་དུ་བྲིས་པའོ།།དགེའོ། བཀྲ་ཤིས་སོ།།