ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> སྤ་སྟོན་བསྟན་རྒྱལ་བཟང་པོ།
སྤ་སྟོན་བསྟན་རྒྱལ་བཟང་པོ།
[རྩོམ་གྱི་ཡོང་ཁུངས། ཞང་བོད་རིག་པའི་གར་སྟེགས།] [རྩོམ་པ་པོ། ཨ་ཀྲོང་རིན་ཆེན་རྒྱལ་མཚན།] [ཟླ་ཚེས། 11-09-14] [ཀློག་གྲངས། ]

མཁས་ཤིང་གྲུབ་པའི་དབང་པོ་སྤ་སྟོན་བསྟན་རྒྱལ་བཟང་པོ་ཞེས་ཡོངས་སུ་གྲགས་པའི་དམ་པ་ཁོང་ནི་གངས་རིའི་ར་བས་སྐོར་བའི་ཡུལ་ལྗོངས་མདོ་དབུས་ཁམས་གསུམ་གྱི་ཡ་གྱལ་བར་དབུས་གཙང་རུ་བཞིའི་ནང་ཚན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་བརྒྱུད་འཛིན་དར་སྤེལ་བྱེད་པའི་ལྟེ་གནས་སུ་ཡབ་ནི་རིགས་རུས་ཕུན་གསུམ་ཚོགས་པའི་སྤ་སྟོན་ཉི་དཔལ་བཟང་པོ་ཞེས་ཡོངས་སུ་གྲགས་པ་དང་ཡུམ་དཔོན་གསས་ལྕམ་མོ་ནམ་མཁའ་ཁྱེའུ་འདྲེན་མ་གཉིས་ཀྱི་སྲས་སུ་བརྩེ་བ་སྙིང་ རྗེ་ཆེན་པོས་ཉེར་བར་བསྐུར་ཏེ་སྐྱེ་འགྲོའི་དཔལ་དུ་གཟུགས་སྐུ་མངོན་པར་བལྟམས་ཤིང་དམ་པ་ཁོང་ནི་སྔོན་བསགས་བསོད་ནམས་བཟང་པོའི་ལས་འཕྲོ་སད་པར་བརྟེན་སྐུ་ན་ཆུང་ངུའི་དུས་ནས་དགེ་སྒྲུབ་སྡིག་སྤངས་ཀྱི་སྒོ་ནས་འཇུག་ཏེ་རྣམ་དཀར་དགེ་བའི་ ལས་ཁོ་ནར་བརྩོན་པ་མ་ཟད་བསླབ་གསུམ་ནོར་གྱི་ཕྱུག་པའི་ལུང་ཟིན་གྱི་སྐྱེས་ཆེན་དུ་མའི་གསེར་ཞལ་མངོན་དུ་མཇལ་ཞིང་བོན་སྒོ་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་ སོགས་ཞུས་པ་དང་ཁྱད་པར་དུ་དོན་ལྡན་གྱི་རྣལ་འབྱོར་སློབ་དཔོན་ཀར་ཚ་བསོད་ནམས་བློ་གྲོས་ཀྱི་མདུན་ནས་མེ་རེ་དང་སྙན་རྒྱུད་རྒྱས་འབྲིང་བསྡུས་གསུམ་རྩ་རླུང་འཁྲུལ་འཁོར་ཕྱག་ལེན་དང་བཅས་པ་ཞུས་ཚེ་བླ་མའི་ཞལ་ནས་གདམས་པ་རིན་པོ་ཆེ་འདི་ལ་གཅིག་རྒྱུད་ཁྱད་པར་ཅན་ཡོད་པས་འདི། བྲུ་རྒྱལ་བ་རིན་པོ་ཆེའི་དྲུང་དུ་གཅིག་ཆོད་དད་ཤེས་ཀྱིས་ཕུལ་ནས་ཨ་ཐོག་ཡེ་ཤེས་རིན་ཆེན་གྱིས་ཞུས། བདག་གིས་དཀའ་ཚགས་དུ་མའི་སྒོ་ནས་གདམས་པ་རིན་པོ་ཆེ་འདི་ཉིད་ཞུས་པས། ད་ཁྱོད་སྤྱིར་བསྟན་པའི་མངའ་བདག་ཞིག་དང་ཁྱད་པར་དུ་སྤྲུལ་པའི་སྐུ་འགྲོ་དོན་ལ་བྱོན་པ་ཞིག་ཡིན་པས་མཚན་ལྟས་སོགས་བརྟགས་མི་དགོས། འོན་ཀྱང་གདམས་ངག་འདི་གཅིག་གིས་གཅིག་ཏུ་བརྒྱུད་ཚེ་མཚན་ལྟས་སོགས་བརྟགས་པའི་སྲོལ་དུ་ཡོད་པར་བརྟེན། བླ་སློབ་གཉིས་ཀས་བརྟགས་པས། དམ་པ་ཁོང་གི་དགོངས་ལམ་ནང་དུ་རིན་པོ་ཆེའི་རི་ལ་འཇའ་ཚོན་ཟུག་པ་དང་དངོས་གྲུབ་སྣ་ཚོགས་གསོལ་བ་རྨིན་གསུངས། བླ་མ་ཀར་ཚས་བདག་གིས་ཁྱེད་ལ་དུང་དཀར་གཅིག་ཕུལ་བས། དུང་དེ་ཉིད་ཕྱོགས་བཞིར་ཁ་ལྟས་ནས་འབུད་ཀྱིན་འདུག་པས་དུང་སྒྲས་གནམ་ས་འབེར་བ་ལྟ་བུ་རྨིན། གདམས་ངག་འདིའི་བདག་པོ་ཁྱེད་རང་རེད་གདའ་གསུངས་ནས་ཟབ་གདམས་འདི་ཉིད་དམ་པ་ཁོང་ལ་ཡོངས་སུ་སྩལ་བ་དང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། དེར་མ་ཟད་རྒྱ་སྒོམ་བསྟན་བཟང་གི་མདུན་ནས་མེ་རེ་དང་ཕྱི་ལྟ་བ་སྤྱི་གཅོད་མ་བུ་ཆ་ལག་དང་བཅས་པ་ཞུས། གཞན་ཡང་རིས་མེད་ཀྱི་སྐྱེ་ཆེན་དུ་མ་ཞིག་གི་མདུན་ནས་དབང་ལུང་ཁྲིད་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན་སྦྱང་རྒྱ་ཆེར་མཛད་པའོ། །དམ་པ་ཁོང་གི་ལྗགས་རྩོམ་གནང་མཛད་པའི་བཀའ་བརྟེན་སྐོར་ནི་བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་དང་། གསང་སྔགས་རྒྱུད་འདེབས་ཆེན་མོ། །ཡི་དམ་སྤྱི་བསྐུལ། ཕྱི་ནང་གསང་གསུམ་གྱི་ཚོགས་བསྐང་ལ་སོགས་མཛད་པ་མ་ཟད་བསྟན་པའི་གསལ་བྱེད་དུ་གྱུར་པའི་བསྟན་བཅོས་བསམ་ལས་འདས་པ་ཞིག་མཛད་དོ། །གྲུབ་རྟགས་རྫུ་འཕྲུལ་བསམ་གྱི་མི་ཁྱབ་སྟེ་སྐྱེ་བ་སྔ་ཕྱི་མ་སྒྲིབ་གསལ་བར་མཁྱེན་ཅིང་གནས་ཆེན་གངས་དཀར་ཏི་སེའི་བསྐོར་བ་ལ་བྱ་རྒོད་དུ་སྤྲུལ་ནས་བྱོན་པ་དང་བླ་མཚོ་མ་པང་གཡུ་མཚོའི་ཁྲུས་སྒོར་ཞབས་བཅགས་པས་མེ་ཏོག་པད་མ་ལམ་ལམ་དུ་བརྡོལ་ཞིང་འཇའ་ཚོན་གྱི་ཀ་བ་ཟུག་པ་མ་ཟད་དབལ་གྱི་རོང་ཆེན་དུ་ས་བདག་གཏོར་སྐྱོང་མའི་རྩེར་ རྫུ་འཕྲུལ་གྱི་སྒོ་ནས་ཕེབས་ཏེ་བྲག་ངོར་བཀའ་རྟགས་སུ་དར་ཅོག་བཙུགས་པ་དང་ཡིད་དམ་ཕྱི་ནང་གསང་གསུམ་གྱི་ལྷ་ཞལ་གཟིགས་པ་སོགས་གྲུབ་རྟགས་རྫུ་འཕྲུལ་གྱི་སྒོ་ནས་སྤྲུལ་པ་གྲངས་ལས་འདས་པའོ། །ཐ་མ་རྟག་འཛིན་ཅན་ལ་སུན་འབྱིན་ཕྱིར་མྱ་ངན་འདས་ཚུལ་བསྟན་པའི་ཚེ་ཡུལ་རི་ཁུད་བདེ་སྒང་ཞེས་བྱ་བའི་གནས་སུ་འབྱུང་འབྲས་བསྙུང་བའི་ཚུལ་བསྟན་པས་ཁྲོ་སྐྱོང་རྒྱལ་པོ་ཡིན་ཟེར་བའི་རས་གོས་གྱོན་པ་ཞིག་གིས་ཁྱེད་འདིར་འདུལ་བྱ་རྒྱ་ཆུང་བར་འདུག་པས་རྟགས་གཟིགས་ཀྱི་ཡུལ་དུ་གསས་བོན་ཁྲོ་རྒྱལ་གྱི་སྲས་སུ་སྐྱེ་བ་བཞེས་ན་འགྲོ་ དོན་རྒྱ་ཆེ་བར་ཡོད་པས་དེར་བྱོན་པར་ཞུ་ཞེས་ཟེར་ནས་བསུ་མ་སླེབས་དམ་པ་ཁོང་གིས་ཞལ་ནས་ངས་ད་རུང་འདི་ན་བུ་སློབ་རྣམས་ལ་ཁ་ལག་མ་འཕྲོད་པ་ཡོད་གསུངས་ནས་ཞལ་ལེན་མ་བྱས་གསུངས་ཡང་དེ་རྗེས་བསུ་མ་ཡང་ཡང་སླེབས་པར་བརྟེན་ཁོང་གི་བསྙུང་གཞི་ཐུ་རུ་སོང་བའི་ཚུལ་མཛད་པས་འཁོར་དང་བུ་སློབ་རྣམས་ཀྱིས་དམ་པ་ཁོང་གི་ཞབས་རིམ་དང་བརྟན་བཞུགས་སོགས་རྒྱ་ཆེར་བསྒྲུབས་པས་ཁོང་གི་ཞལ་ནས་ད་རིམ་འགྲོ་སོགས་བྱས་ཀྱང་མི་ཐུབ་མདང་ཡང་ཁྲོ་སྐྱོང་རྒྱལ་པོ་ཡིན་ཟེར་བའི་རས་གོས་གྱོན་པ་ཞིག་དབུ་ལ་རས་ཐོད་བཅིངས་པ་ཞིག་བྱུང་ནས་ཁྱེད་ཀྱང་རྟགས་གཟིགས་སུ་བྱོན་པར་ཞུ་ཟེར་ནས་ཡང་ཡང་དུ་གསུངས་པས་བདག་གིས་ཀྱང་གདུལ་བྱ་རྒྱ་ཆེ་ན་ཅེ་དྲག་བྱ་གསུངས་པས་ད་རིམ་འགྲོས་མི་བཟློག་པ་འདྲ་གསུངས་སོ། །འཁོར་རྣམས་ཀྱིས་གདུང་བའི་མྱ་ངན་དང་ངུ་འབོད་ཆོ་ངེས་བཀང་སྟེ་ཀུན་གྱིས་ཞུས་པས་ཁྱེད་མི་རྟག་མྱ་ངན་འདས་ཤུལ་དུ་ངེད་བུ་སློབ་རྣམས་ཀྱིས་གསོལ་བ་གང་དུ་འདེབས་ཞུས་པས་དམ་པ་ཁོང་གི་ཞལ་ནས་ང་འདི་ནས་སྐྱེ་བ་བརྗེས་ཏེ་རྟགས་གཟིགས་ཡུལ་དུ་གསས་བོན་ཁྲོ་རྒྱལ་གྱི་སྲས་སུ་འཁྲུངས་ན་གདུལ་བྱ་རྒྱ་ཆེན་པོ་ཡོད་པར་དེར་སྐྱེ་བ་ལེན་གསུངས་ཁྱེད་རང་ཚོས་རྟག་གཟིགས་སུ་གསོལ་བ་ཐོབ་ཅིག་གསུངས་སོ། །དེ་རྗེས་གཅེན་པོ་ཟླ་རྒྱལ་བཟང་པོས་ད་ཐུགས་དམ་བཟུང་རན་གདའ་གསུངས་པས་རིན་པོ་ཆེའི་ཞལ་ནས་ང་ལྟ་སྒོམ་པ་ཞིག་ལ་དེ་འདྲ་གསུངས་མི་དགོས་ཞེས་གསུངས་ནས་མཉམ་བཞག་ཟབ་མོའི་ངང་དུ་སྐུ་སྐྱེ་མེད་ཀློང་དུ་ཐིམས་ཤིང་མེ་ཏོག་གི་ཆར་དང་གཞའ་ཚོན་གྱི་འོད་ཟེར་ལམ་ལམ་དུ་ཤར་ཅིང་འཁོར་དང་བུ་སློབ་རྣམས་ཀྱིས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་མ་ཟད་མི་མ་ཡིན་དང་ལྷ་ཀླུ་གཞི་བདག་ཀུན་གྱིས་གདུང་དབྱངས་ཀྱི་སྒྲ་སྐད་སྒྲོགས་ཤིང་དད་འདུན་དྲག་པོའི་སྒོ་ནས་གསོལ་བ་ཕུལ་ཚུགས་སུ་བཏབས་ཞེས་གྲགས་སོ། །ཞེས་དམ་པ་ཁོང་གི་མཛད་འཕྲིན་གྱི་ཆ་ཤས་ཙམ་ཞིག་དད་འདུན་དྲག་པོའི་སྒོ་ནས་བཀོད་པའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག