ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> བེ་རུ་རྟོགས་ལྡན་ཚུལ་ཁྲིམས་དགེ་བ།
བེ་རུ་རྟོགས་ལྡན་ཚུལ་ཁྲིམས་དགེ་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཨ་ཀྲོང་རིན་ཆེན་རྒྱལ་མཚན།] [ཟླ་ཚེས། 11-09-17] [ཀློག་གྲངས། ]

གངས་རིའི་ར་བས་བསྐོར་བའི་ཡུལ་ལྗོངས་མདོ་ཁམས་དངུལ་རྫ་ཟལ་མོའི་སྒང་སྟོད་སྔོན་བྱོན་རིགས་འཛིན་རྣམས་ཀྱིས་བྱིན་གྱིས་རླབས་པའི་གནས་མཆོག་འདུ་གནས་གཡུང་དྲུང་གི་ཉེ་འདབས་དཔལ་སྦྲ་ཆེན་གསེར་ལུང་ཕྱུག་མོའི་མངའ་འབངས་ཧོར་དྲུག་ཅུ་ཚོ་བའི་མཆོད་གནས་ཕུར་དགོན་འོད་ཚལ་གླིང་གི་ལྷ་སྡེ་གནས་མཆོག་ཨ་ཀྲོང་གཡུང་དྲུང་མཐོང་གྲོལ་གླིང་གི་ནུབ་ཕྱོགས་རི་བོ་རྒྱལ་མཚན་མཐོ་པོའི་ལྷོ་ཤར་རྒྱབ་རི་ཡི་གེ་རདྞ་འབར་བའི་གཡས་ངོས་གནས་རི་འབྲོག་གུ་དཀར་པོའི་མདུན་ཕྱོགས་ངོ་མཚར་ཁྱད་འཕགས་ཅན་གྱི་གནས་མཆོག་མར་ཁུ་ཁ་ཞེས་ནས་མར་གསེར་གཞོང་ཞལ་ཁ་ཕྱེས་པ་ལྟ་བུ་དག་པའི་ཞིང་མཆོག་དེར་ཆེས་མདོ་ཁམས་བེ་རུ་རྒྱལ་པོའི་གདུང་ལས་གྲོལ་བའི་ཡབ་གསང་སྔགས་འཆང་བ་གཡུང་དྲུང་དོན་ལྡན་དང་ཡུམ་ཇི་གྷིར་ཧོར་གྱི་རྒྱལ་པོའི་རིགས་རྒྱུད་གཡང་སྨན་མ་གཉིས་སྲས་སུ་འབྱུང་ལྡན་(༢༩༩)ལྕགས་ཕོ་ཁྱི་ལོའི་ཟླ་ཚེས་བཟང་པོའི་ཉིན་གཟུགས་སྐུ་ཉི་མའི་དཀྱིལ་འཁོར་ཤ་རིའི་ཕྲག་ནས་མངོན་པར་བཞེད་པའི་དུས་སུ་ངོ་མཚར་ཁྱད་དུ་འཕགས་པའི་ལྟས་སྣ་ཚོགས་སུ་ཀུན་གྱི་མཐོང་ཡུལ་གྱུར་པ་མ་ཟད་ཁྱད་དུ་འཕགས་པའི་བསྟན་འཛིན་གྱི་སྐྱེས་བུ་ཞིག་འཁྲུངས་ཞེས་ཡུལ་མི་ཡོངས་ཀྱིས་དགའ་བ་རབ་ཏུ་བལྟས་ཤིང་སྐུ་མཆོག་མཚན་དཔེའི་དཀྱིལ་འཁོར་མངོན་པར་བཞེད་མཚན་ལ་ཚེ་རིང་དཔལ་འབྱོར་ཞེས་གསོལ་དམ་པ་ཁོང་ནི་ཆུང་བྱིས་པའི་དུས་ནས་རྣམ་དཀར་དགེ་བའི་ལས་ལ་བློ་ཁ་ཕྱོགས་ཅིང་དཔྱད་སྟོབས་ཀྱི་ཤེས་རབ་གསལ་བ་དང་མི་དགེ་བའི་ཕྱོགས་སུ་དུག་ལྟར་འཛིམ་པ་སོགས་རང་བཞིན་ནས་རྣམ་དཔྱོད་ཀྱི་ཤེས་རབ་རྒྱུད་ལ་ལྡན། དམ་པ་དེ་ཉིད་སྡུག་བསྔལ་འཁོར་བའི་གནས་ལ་སྐྱོ་ཤས་སྐྱེས་ཏེ་དགུང་ལོ་བཅུ་གསུམ་ཐོག་ཏུ་ཀླུ་ཕུག་གཡུང་དྲུང་བདེ་ཆེན་གླིང་གི་མཁན་སློབ་རྣམ་གཉིས་ཀྱི་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་བཞེས་ཏེ་མཚན་ཡང་ཚུལ་ཁྲིམས་དགེ་བ་ཞེས་གསོལ་དུས་དེ་ནས་བཟུང་སྟེ་དུས་ངན་གྱི་རང་རྟགས་ཇི་ཙམ་མངོན་ཡང་སྡོམ་དམ་མིག་འབྲས་བཞིན་དུ་བསྲུང་མཛད་ཅིང་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པ་ལ་བླ་མ་དགེ་བའི་བཤེས་གཉེན་བསྟེན་དགོས་པར་བརྟེན་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་གཤེན་སྤྲུལ་ཐུགས་རྗེ་ཉི་མའི་མདུན་དུ་ཕེབས་ཏེ་དམར་ཁྲིད་དུག་ལྔ་རང་གྲོལ་གྱི་ཁྲིད་ལུང་ཞུས་ཤིང་སྒོམ་སྒྲུབ་ཉམས་ལེན་ཚུལ་བཞིན་མཛད་པ་མ་ཟད་མདོར་ན་ཕྱི་ཡི་ཚུལ་དང་ནང་གི་ཁྲིམས་སོགས་ལྟ་སྤྱོད་གཉིས་དང་ཡ་མ་བྲལ་བའི་སྒོ་ནས་ཉམས་ལེན་ཚུལ་བཞིན་གནང་བས་སྐལ་ལྡན་དང་བ་འདྲེན་པའི་དམིགས་རྐྱེན་ཞིག་ཏུ་གྱུར།
དེ་རྗེས་དགུང་ལོ་(༢༡)ཐོག་ཞང་ཞུང་གི་ཡུལ་རྟ་སྒོ་དྭངས་རྭ་ཁྱུང་ལུང་དངུལ་མཁར་སོགས་ལ་ཕེབས་ནས་སྒོམ་སྒྲུབ་ཉམས་ལེན་ཚུལ་བཞིན་གནས་མཛད་ཁྱད་པར་དུ་བཅུ་ཕྲག་རིག་པའི་གནས་ལ་ཕུལ་དུ་ཕྱིན་པའི་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེའི་མདུན་ནས་གསོ་བ་རིག་པ་སོགས་རིག་པའི་གནས་ཁག་ལ་གསན་སྦྱོངས་བུམ་པ་གང་བྱོས་ཚུལ་དུ་བྱང་ཆུབ་པར་གསན་སྦྱོངས་མཛད་ཅིང་གནས་མཆོག་གངས་དཀར་ཏི་སེ་སོགས་ལ་ཕེབས་ཏེ་ཉམས་ལེན་རྒྱ་ཆེར་གནང་ནས་མཚོ་མ་ཕམ་དང་བྱེ་མ་གཡུང་དྲུང་གི་གནས་དབལ་གྱི་བྲག་ཕུག་རོང་ཆེན་སོགས་གནས་རི་དང་སྒྲུབ་ཕུག་བྱིན་ཆེན་ཀུན་ལ་ཕེབས་ཏེ་སྒོམ་སྒྲུབ་ཉམས་ལེན་བསྐྱངས་ཏེ་གྲུབ་རྟགས་རྫུ་འཕྲུལ་གྱི་སྒོ་ནས་ལྷ་སྲིན་སྡེ་བརྒྱད་རྣམས་དམ་བཏགས་ཏེ་ཐར་པ་བདེ་ཆེན་གྱི་ཞིང་དུ་བཀོད་དེ་འགྲོ་དོན་རྒྱ་ཆེར་མཛད་པའོ། །དེ་རྗེས་བྲུ་ཞུ་སྤ་རྨེའུ་གཤེན་སོགས་ཀྱི་གདན་ས་རིམ་བཞིན། གྲྭ་ས་གོང་འོག་བར་གསུམ་དང་། ཞུ་རི་ཞིང་དགོན། གཤེན་དར་ལྡིང་། སྤ་ལ་ཕུག རྨེའུ་བཟང་རི་དགོན་སོགས་ལ་ཕེབས་ནས་མཁན་ཆེན་ཕུན་ཚོགས་བློ་གྲོས་ཀྱི་མདུན་ནས་དྲང་སྲོང་གི་གཙང་ཁྲིམས་ཉིན་བརྒྱ་ལྔ་བཅུའི་སྡོམ་པ་བཞེས་ཤིང་སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན་སོགས་མཁན་མཆོག་དུ་མའི་མདུན་དུ་དབང་ལུང་ཁྲིད་གསུམ་དང་བཅུ་ཕྲག་རིག་པའི་གནས་སོགས་གསན་སྦྱོངས་མཛད་པས་ཁྱད་འཕགས་ཅན་དུ་གྱུར་ཏེ་རང་ཡུལ་ཕྱོགས་སུ་ཕེབས། དེ་ནས་གནས་མཆོག་ཤེལ་ལེ་རྒྱ་གར་དང་། ཁ་བ་དཀར་པོ། ཙ་རི་བཅས་ལ་ཞབས་བསྐོར་དུ་ཕེབས་ཏེ་བསྟན་འགྲོའི་དོན་དུ་མཛད་འཕྲིན་རྒྱ་ཆེར་བསྐྱངས། དེ་རྗེས་སྤ་དགོན་གཡུང་དྲུང་རབ་བསྟན་གླིང་དུ་བྱོན་ནས་བཅུ་ཕྲག་རིག་པའི་གནས་ཀུན་ཕུལ་དུ་ཕྱིན་པའི་སྤ་སྟོན་གཡུང་དྲུང་བསྟན་པ་འབྲུག་གྲགས་དང་སློབ་དཔོན་གཡུང་དྲུང་བློ་ལྡན་རྣམ་གཉིས་ཀྱི་མདུན་ནས་མཚན་ཉིད་ཀྱི་གཞུང་ཆེན་སྡེ་ལྔ་སོགས་དང་ལྔ་རིགས་ཤེས་བྱའི་གནས་ཀུན་སྒྲོ་འདོགས་བཅད་དེ་འགྲན་པའི་ཟླ་དང་བྲལ་བར་བརྟེན་ཀུན་གྱི་བསྟོད་ཡུལ་དུ་གྲགས་པ་མ་ཟད་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་སྙན་བཞེས་ཤིང་མཁན་སློབ་རྣམ་གཉིས་ཀྱིས་ཁྱེད་ནི་སངས་རྒྱས་བསྟན་པའི་གསལ་བྱེད་ཞིག་ཡིན་པ་གདོན་མི་ཟ་གསུང་ནས་མགུལ་དར་སྒྲོན་ཞིང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། དེ་རྗེས་གནས་ཆེན་ཀོང་པོ་བོན་རི་ལ་ཕེབས་ནས་སྒྲུབ་ཕུག་ཁག་ལ་ཉམས་ལེན་ལྷོ་མེད་མཛད་པས་ཐུན་མིན་གྱི་རྟགས་མཚན་དུ་མ་མངའ་ཞིང་གྲུབ་དབང་འཇའ་ལུས་པའི་རིང་ལུགས་འཆང་བ་རྒྱལ་ཚབ་བློ་གྲོས་རྒྱ་མཚོའི་མདུན་ནས་མཛོད་ཆེན་ལྔ་ཡི་ཁྲི་ལུང་སོགས་མ་ལུས་པ་གསན་མཛད་པས་ཤར་རྫ་ཡི་སློབ་མའི་ཡང་རྩེར་གྲགས། གཞན་ཡང་རིས་མེད་ཀྱི་སྐྱེས་ཆེན་མཁན་ཆེན་ཉི་མ་དབང་རྒྱལ་དང་དབྲ་སྤྲུལ་དྲི་མེད་འོད་ཟེར་ཉག་གཏེར་གསང་སྔགས་གླིང་པ་འགྲོ་འདུལ་སངས་རྒྱས་གླིང་པ་རྣལ་འབྱོར་བཟོད་པ་རྒྱལ་མཚན་གཤེན་བཟའ་ལྷ་བཙུན་སློབ་དཔོན་སངས་རྒྱས་བསྟན་འཛིན་སོགས་མཁས་ཤིང་གྲུབ་པ་བསྙེན་པའི་སྐྱེས་ཆེན་དུ་མའི་མདུན་ནས་དབང་ལུང་ཁྲིད་གསུམ་སོགས་ཐུགས་བཅུད་མ་ལུས་པ་བུམ་པ་གང་བྱོས་ཀྱི་ཚུལ་དུ་གསན་སྦྱོངས་མཛད་པས་འཁོར་འདས་རོ་གཅིག་རྟོགས་པའི་རྣལ་འབྱོར་བ་ཞིག་གྱུར་བ་ལགས་སོ། །དེ་རྗེས་དམ་པ་ཁོང་ནི་ལྷག་བསམ་དྲི་མ་མེད་པའི་སྟོབས་ཀྱིས་སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དང་དགོས་སུ་ཧོར་ཚོ་དྲུག་ཅུའི་སེར་སྐྱ་མི་དམངས་རྣམས་ཀྱིས་འདོད་དོན་ལྟར་རང་དགོན་ཕུར་ནག་གཡུང་དྲུང་འོད་ཚལ་གླིང་དུ་ཕེབས་ཏེ་དགོན་པའི་ཐུགས་འགན་ཡོངས་སུ་བཞེས་ནས་ཕྱི་ཡི་འཁོར་ཡུག་དང་ནང་གི་བསྟན་བཞེངས་སོགས་ཕྱོགས་གང་ནས་བསྐུལ་བའི་གནས་དང་མཆོད་པའི་ཞིང་མཆོག་ཞིག་བསྐྲུན་མཛད་པས་དད་ལྡན་སེར་སྐྱ་ཡོངས་ཀྱིས་དགའ་བའི་མེ་ཏོག་འཐོར་ཞིང་ཀུན་གྱིས་བསྐུལ་འོས་སུ་གྱུར།
སྤྱི་ལོ་(༡༩༦༠)ལོར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འདུལ་བྱ་སེམས་ཅན་གྱི་བསོད་ནམས་དམན་པའི་རྐྱེན་དང་བདུད་སྲིན་གྱི་སྨོན་ལམ་ལོག་པའི་སྟོབས་ཀྱིས་ཅུང་ཟད་ཉམས་རྒུད་ཀྱི་འཕོ་འགྱུར་སོང་བས་དམ་པ་ཁོང་ནི་རང་དགོན་དུ་བཞུགས་མི་ཆོག་པའི་བཀའ་ཆབ་བྱུང་བས་ཁོང་གིས་དགོན་པའི་སྐུ་གསུང་ཐུགས་རྟེན་མཆོད་ཆ་ཡོ་བྱད་སོགས་མདོར་ན་སངས་རྒྱས་བསྟན་པ་འདི་ཉིད་ཀྱི་དོན་དུ་སྐུ་སྲོག་ལ་ལྟོས་མེད་མཛད་དེ་ས་འོག་དང་བྲག་ཕུག་སོགས་ལ་སྦས་སྐུང་གནང་མཛད་པར་བརྟེན་ད་ཆར་སྐུ་གསུང་ཐུགས་རྟེན་དང་མཆོད་ཆ་རྙིང་པ་སོགས་རང་དགོན་དུ་གང་ལྷག་པ་དེ་ཚོ་ཁོང་གིས་དཀའ་བ་ཆེད་དུ་བསད་དེ་ལུས་སྲོག་འབེན་དུ་བཙུགས་ནས་ཉར་ཚགས་མཛད་གནང་བའི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་པར་བརྗོད་མ་དགོས། དེ་ལྟ་བུའི་སྐྱེས་བུ་དེ་ཉིད་དུས་ངན་སྙིགས་མའི་རང་རྟགས་ཇི་ལྟར་མངོན་ཡང་ཕྱི་ཚུལ་ནང་ཁྲིམས་སྐྱོན་གྱིས་མ་གོས་པར་སྐལ་ལྡན་དང་བ་འདྲེན་པའི་དམིགས་རྐྱེན་ཞིག་ཏུ་གྱུར་བ་ལགས་སོ། །ཕྱིས་སུ་རྒྱལ་བསྟན་མེ་རོ་སླར་གསོ་མཛད་པའི་སྐལ་བཟང་ཤར་བ་དང་དད་སེར་སྐྱ་ཡོངས་ཀྱི་རེ་ཞུས་ལྟར། འབྱུང་ལྡན་(༣༠༡)གི་སྐལ་བཟང་རྟེན་འབྲེལ་ཤར་བའི་ཟླ་ཚེས་བཟང་པོའི་ཉིན་མོར་སྤྱི་ལོ་(༡༩༨༢)ལོར་གནས་ཆེན་ཨ་ཀྲོང་བྲག་དཀར་གྱི་ཞིང་མཆོག་དེར་སྔོན་བྱོན་རིག་འཛིན་གོང་མ་རྣམས་ཀྱིས་བྱིན་གྱིས་བརླབས་ཅིང་མ་འོངས་མངོན་གཟིགས་ཀྱི་ལུང་བསྟན་གནང་བ་བཞིན་དུ་དམ་པ་ཁོང་གིས་གནས་དེར་ཨ་ཀྲོང་གཡུང་དྲུང་མཐོང་གྲོལ་གླིང་ཆག་བཏབས་མཛད་དེ་དགོན་པའི་ཕྱི་ཡི་འཁོར་ཡུག་དང་ནང་གི་བསྟན་བཞེངས་སོགས་གང་ལྟར་སྐལ་ལྡན་དང་བ་འདྲེན་པའི་དམིགས་རྐྱེན་འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་མཆོག་ཞིག་ཏུ་བསྐྲུན་མཛད། ཁྱད་པར་དུ་དགོན་པའི་ལོ་ཟླ་དུས་མཆོད་གྱེར་དབྱངས་གདངས་གསུམ་འབུད་བརྡུང་བཀྲོལ་སོགས་རྒྱལ་བ་བྲུ་ཡི་རིང་ལུགས་བཞིན་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་མཛད་འཕྲིན་ངལ་མེད་དུ་བསྐྱངས། དམ་པ་ཁོང་གིས་རླབས་ཆེན་གྱི་མཛད་འཕྲིན་དགོན་དེར་སྒྲུབ་གྲྭ་གསར་དུ་བཙུགས་གནང་སྟེ་སྒོམ་སྒྲུབ་ཉམས་ལེན་དབང་ལུང་ཁྲིད་གསུམ་སོགས་ཆག་མེད་རྒྱུན་བསྐྱངས་ཏུ་མཛད་ནས་ཁོང་གི་དངོས་སློབ་མིང་དོན་མཚུངས་པའི་སྒྲུབ་ཐོན་པ་བཅུ་ཕྲག་ལྔ་ལྷག་ཙམ་རིམ་བཞིན་མཚན་བཏགས་བཞེས་གནང་མཛད། སྤྱིར་ཁོང་གི་སློབ་མ་སྟོང་ཕྲག་གྲངས་ཡོད་པར་གྲགས། གཞན་འབྲེལ་ཐོབ་ཀྱི་སེམས་ཅན་གྲངས་མེད་ཞིག་ཡོད་པ་སྨོས་ཅི་དགོས། སྤྱི་ལོ་(༡༩༨༦)ལོར་རྒྱལ་བ་སྨན་རིའི་སློབ་དཔོན་ཡོངས་འཛིན་སྨྲ་བའི་དབང་པོ་བསྟན་འཛིན་རྣམ་དག་རིན་པོ་ཆེ་དགོན་དེར་ཞབས་སོར་འཁོད་པའི་རྟེན་འབྲེལ་ཤར་བ་མ་ཟད་རྒྱལ་བ་སྨན་རི་བའི་རིང་ལུགས་ཇི་བཞིན་དུ་མཚན་ཉིད་བཤད་གྲྭའི་དབུ་འཛུགས་གནང་སྟེ་ཨ་ཀྲོང་རི་ཁྲོད་འདི་ཉིད་ཨ་ཀྲོང་གཡུང་དྲུང་མཐོང་གྲོལ་གླིང་ཞེས་མཚན་གསོལ་ཏེ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་མཁའ་དབྱིངས་སུ་འབར་ཏེ་དམ་པ་ཁོང་གི་མཛད་འཕྲིན་རྟ་བདུན་དབང་པོའི་འོད་ཟེར་བཞིན་ཁྱབ་ཅིང་རང་དོན་ལྷུན་གྱིས་གྲུབ་སྟེ་གཞན་དོན་མཐའ་རུ་ཕྱིན་པའོ། །ངེས་པ་དོན་གྱི་རྣལ་འབྱོར་བ་དེ་ཉིད་བདུད་བཞིའི་འཇིག་པ་བྲལ་ནའང་། རྟག་ཏུ་རེ་བའི་སྐྱེ་བོ་རྣམས་སུན་ཕྱུང་ཕྱིར་རེ་ཞིག་དགོངས་པ་བོན་དབྱིངས་སུ་བསྡུ་བའི་ཚུལ་བསྟན་པས་སྐབས་དེར་དད་ལྡན་སེར་སྐྱ་མི་དམངས་རྣམས་ཀྱིས་རིན་པོ་ཆེ་ལ་ ལོ་ཤས་རིང་བསྟན་དོན་དུ་བཞུགས་རོགས་ཞུས་ཏེ་བརྟན་བཞུགས་ཕུལ་ཀྱང་དམ་པ་ཁོང་གིས་ང་འགྲོ་བའི་དུས་ལ་བབ་ཡོད་གསུང་ནས་བུ་སློབ་རྣམས་ལ་ཞལ་གདམས་ལྷུགས་པར་བསྩལ་ཏེ་(༡༩༩༢)ལོར་ཟླ་བ་༩)ཚེས་༡༨)ཉིན་མོ་ནམ་ལངས་ཡོས་ཀྱི་སྔ་ཆར་ཨ་ཀྲོང་གཡུང་དྲུང་མཐོང་གྲོལ་གླིང་དེར་འཇའ་འོད་ཀྱི་གུར་ཁང་ཕུབ་ཅིང་མེ་ཏོག་གི་ཆར་མངོན་པར་དུ་བབ་པ་མ་ཟད་རིག་འཛིན་མཁའ་འགྲོའི་བསུ་མ་བྱ་རྒོད་ཞིག་གཟིམ་ཁང་ཐོག་ཏུ་བབ་པ་ཡུལ་མི་ཀུན་གྱིས་མཐོང་ལམ་དུ་གྱུར་ཏེ་དགོངས་པ་བོན་དབྱིངས་སུ་བསྡུ་ཚུལ་བསྟན་པའོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག