ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> ཁྲ་དགོན་མཁན་སྐལ་བཟང་གཡུང་དྲུང་།
ཁྲ་དགོན་མཁན་སྐལ་བཟང་གཡུང་དྲུང་།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲ་དགོན་ཚུལ་ཁྲིམས་མཐར་ཕྱིན།] [ཟླ་ཚེས། 11-09-29] [ཀློག་གྲངས། ]


༧ ཁྲ་དགོན་མཁན་སྐལ་བཟང་གཡུང་དྲུང་། 

   ཨེ་མ་ཧོ། ཀ་དག་དབྱིངས་ཀྱི་བོན་སྐུ་ནམ་མཁའི་ཀློང་། ལྷུན་གྲུབ་རང་གསལ་ལོངས་སྐུ་སྣང་བའི་མཛོད། གཉིས་མེད་གང་འདུལ་སྤྲུལ་སྐུ་དབང་གཞུ་བཀྲ། བླ་མ་སྐུ་གསུམ་ངོ་བོར་གསོལ་བ་འདེབས། སྐལ་བཟང་འགྲོ་འདྲེན་སྟོན་མཆོག་འཆི་མེད་གཙུགས། ཐུགས་ཀྱི་འོད་ཟེར་ལས་སྤྲུལ་ཉག་སྒོམ་རྗེ། གཡུང་དྲུང་བོན་བསྟན་འཛིན་སྐྱོང་སྤེལ་བའི་མགོན། རིགས་བདག་དཔོན་གསས་བླ་མར་གསོལ་བ་འདེབས། གང་ཁྱེད་གཟིགས་དགོངས་བརྩེ་བའི་གྲུ་ཆར་གྱིས། མདོ་ཁམས་འབུམ་ཤོད་གཡུ་ལུང་གཏམ་པའི་ཞིང་། རིགས་རུས་ཕུན་ཚོགས་ཐབས་ཤེས་ས་འཛིན་ལས། སྐྱོན་བྲལ་མཚན་དཔེ་བཞད་ལ་གསོལ་བ་འདེབས། བསྐལ་མང་གོང་ནས་འགྲོ་ལ་རྗེས་བརྩེ་ཡིས། ཆུང་ནས་དམ་པའི་རྣམ་འགྱུར་ལྷན་སྐྱེས་སུ། མངའ་བའི་དགེ་མཚན་དུ་མས་བརྒྱན་པའི་དཔལ། ངོ་མཚར་རྟགས་མཚན་རྫོགས་ལ་གསོལ་བ་འདེབས། གྲུབ་པའི་ཁྱུ་མཆོག་རྩེ་བླ་གཡུང་དྲུང་ཉིད། ཞིང་འདིར་འགྲོ་དོན་ཆིབས་བསྒྱུར་གནང་བའི་སྐབས། སྐྲ་ཕུད་བཞེས་ཤིང་སྐྱབས་སྡོམ་ནོད་པའི་ཚེ། འབྱུང་འགྱུར་ལུང་གིས་བསྔགས་ལ་གསོལ་བ་འདེབས། ཆེར་བསྐྱེད་རྩེ་དྲུག་བཤད་སྒྲུབ་ཚོགས་སྒོར་ཞུགས། འགྲོ་མགོན་སྐྱེས་ཆེན་བླ་མ་གོང་འོག་དང་། གྲུབ་ཆེན་བཟོད་པ་ཁྱུང་ནག་མཁན་པོ་སོགས། བཤེས་གཉེན་ཚུལ་བཞིན་བསྟེན་ལ་གསོལ་བ་འདེབས། སྡོམ་གསུམ་རིམ་བཞེས་བཅས་མཚམས་སྲོག་བཞིན་སྲུང་། མཛོད་ཆེན་ལྔ་སོགས་རབ་འགྱམས་རྒྱུད་སྡེ་ཡི། སྔོན་དངོས་རྗེས་ཀྱི་སྦྱོང་བ་མཐར་སོན་པའི། སུམ་ལྡན་བཤེས་གཉེན་བླ་མར་གསོལ་བ་འདེབས། དགོངས་པའི་གཟིགས་སྣང་ལྷ་སྲུང་ལུང་བསྟན་བཞིན། རྒྱལ་བ་གཉིས་པ་ཤར་རྫའི་གདན་ས་རུ། ཕེབས་པའི་གྲོགས་སུ་འཁར་བ་ལ་བརྟེན་ནས། དཀའ་ཐུབ་སུམ་ལྡན་མཛད་ལ་གསོལ་བ་འདེབས། ལམ་དུ་འཇིགས་པའི་འཚེ་བ་ཀུན་ཞི་ནས། དཀར་ཕྱོགས་ལྷ་ཀླུས་དགྱེས་འཛོམས་གསོལ་བ་དང་། རྒྱལ་བའི་རྒྱལ་ཚབ་བློ་གྲོས་རྒྱལ་ཚོ་ཡི། ཟག་མེད་སྐུ་མཆོག་མཇལ་ལ་གསོལ་བ་འདེབས། བཀའ་གཏེར་ཉེ་རྒྱུད་ཟབ་མོའི་དབང་ལུང་དང་། མཛོད་ཆེན་ལྔ་དང་མན་ངག་གདམ་ཁྲིད་སྐོར། རིམ་བཞིན་གསན་སྦྱོང་ཉམས་བཞེས་མཐར་ཕྱིན་ནས། བཀའ་གཏད་རྗེས་གནང་ཐོབ་ལ་གསོལ་བ་འདེབས། གཞན་ཡང་རིན་འཛིན་ཀུན་གྲོལ་ཧུང་ཆེན་དང་། སྟག་ཞིག་སེང་ཉི་ཚུལ་ཁྲིམ་དབང་རྒྱལ་སོགས། བཤེས་གཉེན་དུ་མའི་ཞབས་པད་ལེགས་བསྟེན་ནས། མང་ཐོས་བདག་ཉིད་མཛད་ལ་གསོལ་བ་འདེབས། མཁས་པའི་ངང་ཚུལ་ཆུ་གཏེར་འཁྱིལ་བའི་ཀློང་། གྲུབ་པའི་རྟོགས་གྲོལ་བང་རིམ་མངོན་མཐོའི་རྩེར། དོན་གཉིས་མཛད་འཕྲིན་འབྲས་བུ་ཡོངས་སྨིན་པའི། དཔག་བསམ་ལྗོན་དབང་མཆོག་ལ་གསོལ་བ་འདེབས། མཚན་ལྡན་རྒྱལ་ཚབ་བླ་མའི་བཀའ་ལུང་བཞིན། ཁྲ་ཆགས་ཉིད་ཀྱི་གདན་ས་ཁྲ་དགོན་དུ། སྐྱབས་རྗེ་རྒྱལ་བ་གཉིས་པའི་རིང་ལུགས་བོན། ངེས་གསང་སྒྲུབ་སྡེ་འཛུགས་ལ་གསོལ་བ་འདེབས། སྐྱབས་ཀུན་འདུས་གཙོ་མཚན་ལྔན་བླ་མ་ལ། དུས་དང་རྣམ་ཀུན་དད་འདུན་དག་སྣང་ལས། ཐུགས་འགལ་ཁྲོ་ཚིག་རྒྱུད་གྱོང་ཁེངས་དྲེགས་བྲལ། རྒྱུད་རིམ་གཙང་མ་འཛིན་ལ་གསོལ་བ་འདེབས། སྐལ་བཟང་གདུལ་བྱའི་འདུས་སྡེའི་ཚོགས་རྣམས་ལ། སྡེ་སྣོད་གསུམ་གྱི་འཆད་ཉན་རླབས་དཀར་གཡོ། བསླབ་པ་གསུམ་གྱི་ཉམས་རྟོགས་རིན་ཆེན་སྤུང་། སྨིན་གྲོལ་དོན་ཆེན་མཛད་ལ་གསོལ་བ་འདེབས། ཚ་བ་རོང་སོགས་གནས་འབྲེལ་བསྟན་འགྲོའི་དོན། ཕེབས་སྐྱོད་གནང་ཚེ་དཀར་ཕྱོགས་སྲུང་མ་ཡིས། མགོན་སྐྱོབས་གྲོགས་མཛད་ལུས་དང་གྲིབ་བཞིན་འཁོར། འགྲོ་དོན་དཔག་མེད་མཛད་ལ་གསོལ་བ་འདེབས། མཁའ་སྐྱོད་རིན་འཛིན་གྲུབ་བཉེས་ཚོགས་རྣམས་ཀྱི། ཞལ་འཇལ་ལུང་བསྟན་གསལ་རིག་ཉམས་སྣང་དང། འགྲོ་བའི་ཤེས་རྒྱུད་བར་དོའི་སྐྱེ་གནས་སོགས། སྒྲིབ་མེད་མངོན་གསུམ་གཟིགས་ལ་གསོལ་བ་འདེབས། ཟབ་ལམ་འཕོ་བའི་རྣམ་ཤེས་བཙན་ཐབས་སྤར། བྱང་གཟུགས་མེ་འབར་སྲུང་མའི་བརྡ་ཚིགས་དང་། ཆར་འགོག་དམ་ཉམས་བཀའ་བསྒོས་དམ་བཞག་སོགས། ཕན་བདེའི་གྲུབ་རྩལ་རྫོགས་ལ་གསོལ་བ་འདེབས། དད་སྦྱིན་གདུལ་བྱའི་ཚོགས་ལ་བོན་འབྲེལ་དང་། ཞོར་བྱུང་དངོས་འབུལ་དད་རྫས་གང་ཡོད་རྣམས། བསྟན་བཞེངས་དགེ་འདུན་རྒྱལ་བསྟན་ཉམས་གསོ་མཛད། འབྲེལ་ཚད་དོན་ལྡན་ཉིད་ལ་གསོལ་བ་འདེབས། བསྟན་པའི་བར་ཆོད་ཞི་ཕྱིར་དབལ་ཕུར་གྱི། ལས་སྦྱོར་གནང་ཚེ་བསྟན་མཆོག་འབྲུག་སྲས་ཉིད། སྐུ་ལས་ཟེར་ཐིགས་མེ་སྟག་འཕྲོ་བ་སོགས། ཕན་བདེའི་བཀའ་དྲིན་སྐྱོང་ལ་གསོལ་བ་འདེབས། རང་དགོན་བཤད་སྒྲུབ་སྒོམ་པའི་འཕྲིན་ལས་འོད། གདུལ་བྱའི་བློ་ཡི་པད་མོ་བཞད་པ་དང་། སྨིན་གྲོལ་ཐར་པའི་ལངས་ཚོ་རབས་རྒྱས་པའི། རྣམ་གྲོལ་དད་དཔོན་མཆོག་ལ་གསོལ་བ་འདེབས། གདུལ་བྱའི་བསོད་ནམས་ཆ་བྲི་ལས་རྐྱེན་དབང་། ཕྱོགས་ཀུན་རྒྱལ་བསྟན་རེ་ཞིག་སྣུམ་ན་ཡང་། དཀའ་ཐུབ་སྤྱོད་བཟང་དམན་པའི་འགྲོ་ཀུན་སྐྱོངས། རྒྱལ་སྲས་མཛད་བཟང་རྫོགས་ལ་གསོལ་བ་འདེབས། དུག་ལྔའི་སྨག་རུམ་དྲགས་ཆར་རླུང་འཚུབས་དཀྱིལ། འབྱུང་འགྱུར་དུས་ཀྱི་སྲུང་མའི་ལུང་བསྟན་དང་། མི་མིན་འབྱུང་པོའི་ལྷ་འདྲེའི་ཁྲམ་ཁ་ཞི། དབལ་བོན་དཀྱིལ་འཁོར་རྫོགས་ལ་གསོལ་བ་འདེབས། སླར་ཡང་ལས་སྨོན་རླུང་རྟས་ཉེར་དྲངས་པའི། དུས་བཟང་གསེར་གྱི་ཉི་མ་ཤར་རའི་རྩེར། མངོན་པར་རྒྱས་པའི་བསྐལ་པ་ཚེས་མ་ཐག གནས་དགོན་གསར་བཞེངས་མཛད་ལ་གསོལ་བ་འདེབས། དུས་གསུམ་མཁྱེན་པ་རྣམས་ཀྱིས་ལུང་བསྟན་བཞིན། དུས་སུ་སྨིན་པ་བསྟན་པའི་མེ་རོ་ཉིད། མངོན་དུ་ལྷུང་སྟེ་ཕྱོགས་བཅུར་ཡོངས་སུ་སྤར། དུས་བབ་སྟོན་པ་ཉིད་ལ་གསོལ་བ་འདེབས། ཕྱོགས་ཀྱི་སྐལ་བཟང་འདུས་སྡེའི་ཚོགས་རྣམས་ལ། བཤད་དང་སྒྲུབ་པའི་བཀའ་འཁོར་ཟབ་མོ་དང་། ཕྱི་ནང་རྟེན་དང་བརྟེན་པ་ཡོངས་རྫོགས་ཀུན། སྒྲུབ་སྒྱུད་ཉམས་གསོ་མཛད་ལ་གསོལ་བ་འདེབས། དངོས་སྣང་རྨི་ལམ་དུ་མར་བླ་མ་ལྷའི། ཞལ་འཇལ་ལུང་ཐོབ་ཞིང་མཆོག་གཞན་རྣམས་ཀྱི། རྣམ་བཀོད་དགའ་ཚལ་སྙིང་པོ་མགུལ་དབྱངས་སོགས། ཉམས་རྟོགས་མངོན་དུ་འགྱུར་ལ་གསོལ་བ་འདེབས། སྡེ་གསུམ་དགོངས་འབྲེལ་དབྱིངས་རིགས་མཛོད་ཁྲིད་འཇུག གསང་བདག་དཔའ་བོ་འཆི་མེད་ཡབ་སྲས་གསུམ། རྟུལ་ཞུགས་རོལ་པའི་ཕྱགས་རྒྱ་གར་དང་བཅས། ཞལ་བཟང་མངོན་དུ་འཇལ་ལ་གསོལ་བ་འདེབས། སྙན་རྒྱུད་བཀའ་སྲུང་ཉི་པང་སད་ཝེར་གྱིས། མངོན་སུམ་ཞལ་སྟོན་ལྷ་ཀླུ་ཡུལ་སྨན་ཚོགས། རང་གཟུགས་ཕྱགས་མཚན་ཁས་བླང་ཞུ་ཚིགས་བཅས། བཀའ་སྲུང་བྲན་དུ་བཀོལ་ལ་གསོལ་བ་འདེབས། རྗེས་ཕྲེང་སྐལ་ལྡན་བུ་སློབ་ཚོགས་རྣམས་ལ། མ་འོངས་བསྟན་དོན་སྙིང་པོའི་ཞལ་བཀོད་དང་། དད་ལྡན་སེར་སྐྱར་དབང་གདམས་བསླབ་བྱ་སོགས། མཛད་འཕྲིན་རྗེས་བཞག་མཛད་ལ་གསོལ་བ་འདེབས། ཉིད་ཀྱི་གསུང་སྐྱེས་སློབ་རྒྱུད་དུ་མ་ཡིས། སྨིན་གྲོལ་རྒྱལ་བསྟན་བཤད་སྒྲུབ་ཕྱོགས་ཀུན་ཏུ། འཛིན་སྐྱོང་སྤེལ་བའི་ནུས་མཐུ་མཆོག་ཏུ་སྨིན། ཡོངས་འཛིན་བསྟན་པའི་ས་བོན་གསོལ་བ་འདེབས། འདི་སྣང་བདེན་འཛིན་རྟག་པར་སུན་ཕྱུང་ཕྱིར། མཉམ་བཞག་དཀྱིལ་དཀྲུང་དབྱིངས་རིག་ཟང་ཐལ་ངང་། སྒྲ་འོད་ཟེར་བཅས་དགོངས་པ་ཞི་དབྱིངས་གཤེགས། མི་རྟག་ཚུལ་བསྟན་མཛད་ལ་གསོལ་བ་འདེབས།


༧ དམ་པ་ཁོང་གི་རྒྱལ་ཚབ་ནས་གདུང་རྟེན་དུ་བཞེངས་པའི་བྱམས་མ་དང་། གཤེན་ལྷ་འོད་དཀར། རྣམ་རྒྱལ་བཅས།

གང་གི་དབུ་སྐྱེས་གདུང་དང་རིང་བསྲེལ་སོགས། སྐལ་ལྡན་བསོད་ནམས་བསགས་པའི་རྟེན་མཆོག་ཏུ། བདེར་གཤེགས་རྩ་བའི་གཟུགས་སུ་མངོན་བཞེངས་པའི། བླ་མའི་མཆོད་སྡོང་ཆེན་པོར་གསོལ་བ་འདེབས། བདག་གཞན་ཕན་བདེ་མ་ལུས་འབྱུང་བའི་གནས། སྐལ་བཟང་འདྲེན་པ་མཆོག་གི་རྣམ་དཀར་བོན། གཉེར་མཛད་འཕགས་མཆོག་གཡུང་དྲུང་སེམས་པའི་གར། སྙིགས་དུས་རྒྱལ་བསྟན་འཛིན་སྐྱོང་སྤེལ་མཛད་ཞབས། བདག་གིས་བརྩེ་གཅིག་གུས་པའི་གསོལ་བཏབ་འཐུས། སྒྲིབ་བྱང་ཚོགས་རྫོགས་བར་ཆོད་ཀུན་ཞི་ནས། མཚུངས་མེད་བླ་མ་མཆོག་གི་གསང་གསུམ་གྱི། བྱིན་རླབས་མྱུར་འཇུགས་བདག་རྒྱུད་སྨིན་གྲོལ་ཤོགས། བདག་ཀྱང་འདི་ནས་བྱང་ཆེན་མ་ཐོབ་པར། སྐྱབས་རྗེ་དམ་པ་ཉིད་དང་མི་འབྲལ་ཞིང་། དད་དང་དག་སྣང་ངེས་འབྱུང་བྱང་ཆུབ་སེམས། རིམ་གཉིས་ཡང་དག་ལྟ་སྒོམ་མངོན་གྱུར་ཤོགས། རྒྱལ་བསྟན་དར་ཞིང་འཛིན་སྐྱོང་སྤེལ་མཛད་རྣམས། སྐུ་ཚེ་རྟག་བརྟན་མཛད་འཕྲིན་རྒྱས་པ་དང་། གདུལ་བྱའི་ཁམས་ཀུན་བདེ་སྐྱིད་དགེ་མཚན་འབར། དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲིས་ཤོགས། ཞེས་པའི་བཀའ་དྲིན་བླ་མའི་མཛད་འཕྲིན་གསོལ་འདེབས་འདིའང་ཁྲ་དགོན་སྒྲུབ་མཁན་ཚུལ་ཁྲིམས་མཐར་ཕྱིན་མཆོག་ནས་རབ་བྱུང་བཅུ་བདུན་པའི་མེ་ཁྱི་ལོ༢༠༠༦ལོར་ཁྲ་དགོན་ཉི་ཕུག་སྒྲུབ་སྡེ་རུ་ཚོགས་བསྙེན་སྐང་འབུམ་གསོག་པའི་ཐུན་མཚམས་སུ་གསོལ་བ་བཏབ་པས་བླ་མའི་བྱིན་རླབས་སེམས་ལ་འཇུགས་པའི་རྒྱུར་གྱུར་ཅིག་གུ སརྦ་མང་ག་ལམ།།

ཁྲ་དགོན་གྱི་གནས་ཡིག་《གཡུ་ཤུག་སྔོན་མོའི་གསུང་ཞིམ》་ལས་བཏུས།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག