ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> ཞིབ་འཇུག་མི་སྣ། >> དབྲ་ཁྱུང་སྐལ་བཟང་ནོར་བུ།
དབྲ་ཁྱུང་སྐལ་བཟང་ནོར་བུ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དྲུང་ཆེ་བསོད་ནམས་གཡུང་དྲུང་།] [ཟླ་ཚེས། 10-07-06] [ཀློག་གྲངས། ]

 

   རབ་འབྱམས་དགེ་བའི་བཤེས་གཉེན་དམ་པ་དབྲ་ཁྱུང་མཁན་པོ་སྐལ་བཟང་ནོར་བུ་མཆོག་ནི། ཞང་ཞུང་བོན་གྱི་ཡུལ་གྲུ་སྒོ་ཕུག་བར་གསུམ་ལས། ཞང་ཞུང་སྒོ་བ་སུམ་པ་གླང་གི་གྱིམ་ཤོད། དཔལ་གྱི་རི་བོ་རྩེ་དྲུག་གི་ཉེ་ཆར་ཁྱུང་པོ་གསེར་ཚའི་ཡུལ་དུ་སྤྱི་ལོ་༡༩༦༧ལ་སྐུ་འཁྲུངས། དགུང་ལོ་དྲུག་ནས་འབྲི་ཀློག་བསླབས་ཤིང་བཅུ་ལ་སོན་ནས་གསོ་རིག་སྦྱངས། སྨན་པ་མཁས་ཆེན་དུ་མའི་ཞལ་སྔ་འགྲིམས་ཏེ་ཤང་གི་སྨན་པའི་ཕྱག་ལས་གཉེར། ཁྱུང་བླ་བསྟན་པ་རྒྱལ་མཚན་གྱི་མདུན་ནས་རབ་ཏུ་བྱུང་སྟེ་སྔོན་འགྲོ་འབུམ་དགུའི་བསགས་སྦྱང་ནས་དངོས་གཞི་འཕོ་ཁྲིད་དང་རྩ་རླུང་འཕྲུལ་འཁོར། མུན་མཚམས་དང་ཐོད་རྒལ་སོགས་རྟགས་ཐོན་མཛད། ༡༩༨༦ལོར་གཡས་རུ་གཙང་གི་འདུ་གནས་བཀྲ་ཤིས་སྨན་རི་དང་གཡུང་དྲུང་གླིང་དུ་ཕེབས། དཔོན་སློབ༧ཀུན་གསལ་བློ་གྲོས་དང་མཁས་དབང༧ཤེས་རབ་མཆོག་ལྡན་རྣམ་གཉིས་ལས་རིག་གནས་དང་མཚན་ཉིད་སྦྱངས་ནས་བཀའ་བཅུ་བའི་མཚན་རྟགས་བཞེས། དེ་ནས་སྐྱབས་རྗེ་སྨན་རིའི་མཁན་ཆེན༧ལུང་རྟོགས་བསྟན་པའི་ཉི་མ་དང་དཔོན་སློབ༧བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་དང་། སློབ་དཔོན་འཕྲིན་ལས་ཉི་མ་སོགས་ཀྱི་མདུན་དུ་བཅུ་ཕྲག་རིག་གནས་དང་མདོ་སྔགས་སེམས་གསུམ་གྱི་གཞུང་ལ་ལེགས་པར་སྦྱངས་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་དང་བླ་མ་ཁྲི་བཀོད་མཛད་དེ། སྒང་རུ་དར་རྒྱས་དགོན་གྱི་དབུ་བླ་མཁན་པོར་མངའ་གསོལ། དེ་སྔོན་མུ་ཁྲི་བཙན་པོའི་ཞང་བོད་རིག་གཞུང་ཞིབ་འཇུག་ཁང་དང་། བོན་གྱི་དུས་དེབ་ཆེན་མོ༼བོན་སྒོ༽སོགས་ལོ་ངོ་བཅུའི་རིང་ལ་ཕྱག་ལས་གནང་མྱོང་། ༢༠༠༠ནས་བཟུང་ཡོ་རོབ་སོགས་སུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་སོགས་སུ་ཐེངས་མང་གདན་ཞུས་ལྟར་ཕན་ཚུན་མཁས་པའི་སྒྲོགས་གླེང་དང་དཔྱད་རྩོམ་སྤེལ། ༢༠༠༨ལོར་སི་པན་གྱི་རྒྱལ་ས་མ་སྡི་རིས་དང་སྦར་སི་ལོ་ན་སོགས་ཀྱི་སློབ་ཆེན་དུ་གདན་ཞུས་ལྟར་བོད་ཀྱི་ལོ་རྒྱུས་དང་རིག་གནས་སྐོར་བཤད། ༢༠༠༨ལོར་སྟེང་ཆེན་ཁུལ་གྱི་བོད་ལུགས་སྨན་པ་རྣམས་མཉམ་དུ་བསྡུས་ཏེ་གསོ་རིག་འབུམ་བཞིའི་དགོངས་དོན་གཙོར་བྱས་ཏེ། དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་ལྕགས་ཁམས་ཐལ་བཟོ་ལག་ལེན་དངོས་སུ་སྤྱོད་དེ་སྔོན་མའི་རིག་གཞུང་རྒྱུད་མཐུད་བྱས་པ་མ་ཟད། ཞང་བོད་གསོ་བ་རིག་པའི་ལེགས་སྐྱེས་སུ་དཔྱད་བུ་མུ་ཏིག་མང་སྦྱོར་ཆེན་མོ་ཞེས་པའི་རིན་ཆེན་སྨན་སྦྱོར་ཞེས་མཁོ་འདོན་བྱས་པས་ཀུན་གྱིས་བསྔགས་བསྟོད་བྱས། ༢༠༠༩ལོར་རྒྱལ་སྤྱིའི་གསོ་བ་རིག་པའི་ཚོགས་ཆེན་ཐོག་ཕེབས་ནས་བོད་ཀྱི་གསོ་བ་རིག་པའི་བྱུང་རིམ་སྐོར་གྱི་དཔྱད་རྩོམ་སྤེལ། གཞན་ཡང་ཕྱོགས་ཕན་གྱི་མཁས་པའི་སྒྲོགས་གླེང་ཁག་ལ་ཕེབས་དང་ཕེབས་བཞིན་པ་ལགས། གསུང་རྩོམ་ལ་རྐོང་པོ་བོན་རིའི་དཀར་ཆག་དང་གསོ་རིག་འབུམ་བཞིའི་ཡང་བཅུད་སྙིང་ཐིག བེ་རུ་རྟོགས་ལྡན་གྱི་རྣམ་ཐར། སྨོན་གཤེན་གདུང་རབས། རྐོང་པོ་དབུས་ཕུག་མཚམས་པའི་རྣམ་ཐར། སྙན་འགྲེལ་ཨེར་སངས་ལྷ་མོའི་མགུལ་རྒྱན་སོགས་དང་། གཞན་དུས་དེབ་སོགས་སུ་དཔྱད་རྩོམ་དང་སྙན་རྩོམ་མང་དུ་སྤེལ། ད་ལྟ་སྒང་རུ་དར་རྒྱས་དགོན་གྱི་དབུ་བླ་གཙོ་བོ་དང་། གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་པ་དང་། ཞང་ཞུང་རིག་གནས་དར་རྒྱས་མཐུན་ཚོགས་ཀྱི་ཞིབ་འཇུག་པ། སྤུ་རྒྱལ་ཤེས་རིག་ཞིབ་འཇུག་ཁང་གི་དབུ་འཛིན། བོད་རྒྱ་ཚིག་མཛོད་ཆེན་མོའི་བོན་གྱི་ཐ་སྙད་སྐོར་གྱི་རྩོམ་སྒྲིག་པ། སྦྲ་གུར་འོད་སྣང་དང་སྤུ་རྒྱལ་གངས་དཀར་ཞེས་པའི་དུས་དེབ་ཀྱི་བློ་འདྲི་ཡུལ་སོགས་ཀྱི་འགན་འཁུར་མུས་སུ་བཞུགས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག