ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> ཞིབ་འཇུག་མི་སྣ། >> རྩོམ་པ་པོ་དྲང་སྲོང་རྣམ་རྒྱལ།
རྩོམ་པ་པོ་དྲང་སྲོང་རྣམ་རྒྱལ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 10-08-07] [ཀློག་གྲངས། ]

        

           བོད་བར་ཁམས་ཕྱོགས་ཀྱི་ས་ཡི་ཆ་རླངས་ཨ་མེས་བྱང་ཆུབ་འདྲེ་བཀོལ་ཞབས་ཀྱིས་བཅགས་ཤིང་མཛད་པ་ཡུན་རིང་བསྐྱངས་ཏེ་རླངས་ཀྱི་པོ་ཏི་བསེ་རུ་ཆེ་ཆུང་གསུམ་བརྩམས་པའི་ས་གནས་དཀར་ཤོད་ཅེས་པའི་ས་ཆར་ཕ་མེས་ནས་བོན་བརྒྱུད་མ་ཆད་པ་རྒྱས་གསུམ་ཚང་གི་ཁྱིམ་དུ་བོན་གྱི་སྔགས་འཆང་བསྟན་པ་བློ་གྲོས་ཀྱི་བུར་༡༩༧༠ལོར་སྐྱེས། ཆུང་ངུའི་དུས་ནས་ཡི་གེ་བྲི་ཀློག་སོགས་དང་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་སློབ་སྦྱོང་གི་གོ་སྐབས་ཐོབ། བོན་གྱི་མཁས་གྲུབ་ཁའོ་རྟོགས་ལྡན་རིན་པོ་ཆེའི་མདུན་ནས་སྔོན་འགྲོ་ཞུས་ཏེ་སྦྱངས། ཧོར་ཡེ་ཐ་ལུང་དཀར་དགོན་དུ་དབུ་རི་ཉི་མ་བློ་གྲོས་མདུན་ནས་རབ་ཏུ་བྱུང་སྟེ་དངོས་གཞིའི་ཟབ་ཁྲིད་ཁག་ཞུས། ལུང་དཀར་སློབ་དཔོན་དྲང་སྲོང་གཡུང་དྲུང་གི་མདུན་ནས་སྔོན་འགྲོ་བཀའ་ལུང་རྒྱ་མཚོར་ལོ་གསུམ་རིང་ཟབ་སྦྱོང་དང་བཤར་སྦྱོང་བྱས། གཞན་ཡང་འདུལ་བའི་གཞུང་ལུགས་དང་། རྟེན་གསུམ་གཟུངས་འབུལ་ལག་ལེན་སོགས་ཞུས། དེ་རྗེས་ལུང་དགོན་བཤད་གྲྭར་ཞུགས་ཏེ་མཚན་ཉིད་སྐོར་ལ་ལོ་ཤས་སློབ་གཉེར་བྱས། དགོན་པ་དེར་སློབ་དཔོན་བསྟན་འཛིན་རྣམ་དག་དང་སློབ་དཔོན་དྲང་སྲོང་གཡུང་དྲུང་ལྷན་དྲུང་ནས་བསྙེན་རྫོགས་ཞུས། སྤྱི་ལོ་༡༩༩༡ལོར་བོན་གཞིས་སྨན་རི་དགོན་དུ་སྒྲིག་ཞུགས་ཀྱིས་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པའི་ཉི་མའི་ཉམས་མྱོང་གི་བཀའ་སློབ་ལམ་སྟོན་བཀའ་དྲིན་ཆེ་བར་བརྟེན། བོན་གྱི་མཚན་ཉིད་གཞུང་ཁག་དང་རིག་གནས་ཁག་ལ་མུ་མཐུད་སློབ་གཉེར་བྱས། མཚན་ཉིད་དམ་ནང་དོན་རིག་པའི་གཞུང་ལུགས་ལ་རིགས་གཅིག་རྐང་འཛིན་གྱི་འདུན་པ་ཆེར་སྐྱེས་ཏེ་སྤྱི་ལོ་༡༩༩༥ལོར་སེ་ར་ཐེག་ཆེན་གླིང་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཞུགས་ནས་ལྷོ་པ་ཁང་ཚན་དུ་བསྡད། མདོ་སྔགས་རབ་འབྱམས་པ་སེར་ལྷོ་ཆོས་ལྡན་མཆོག་སྤྲུལ་རིན་པོ་ཆེ་དང་། རིགས་པའི་དབང་ཕྱུག་སེར་བྱེས་གཙང་མཁན་ཟུར་བློ་བཟང་ཚེ་རིང་མཆོག་དང་། མཁྱེན་བརྩེ་ཟླ་མེད་རྒྱུད་སྨད་མཁན་ཟུར་ཏྲེ་ཧོར་རྒན་བློ་བཟང་བདེ་ལེགས་སོགས་རི་བོ་དགེ་ལྡན་པའི་མཁས་མཆོག་དུ་མའི་དྲུང་ནས་ཚད་མ་རྣམ་འགྲེལ་དང་། ཕར་ཕྱིན། དབུ་མའི་གཞུང་བཅས་ལ་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་བརྒྱུད་རིམ་འོག་འཛིན་གྲྭ་དབུ་མ་རྙིང་པ་བར་དུ་བགྲོད་དེ་གྲྭ་ས་བཅད། གནའ་བོའི་ལུགས་སུ་དབུས་ཀྱི་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་ལྟ་བུར་ལོ་ངོ་བཞི་ཧྲིལ་པོར་ཚུལ་མཐུན་ཐོས་བསམ་ལ་ཞུགས་ཏེ་བསྡད་ན་གྲྭ་ས་ཆོད་པའི་ཚད་དུ་བྱེད། །གཞན་ཡང་བསླབ་བཏུས་དང་། བྱང་ཆུབ་སེམས་དཔའི་ས། མདོ་སྡེ་རྒྱན། ལེགས་བཤད་སྙིང་པོ། སྟོང་ཐུན་སྐལ་བཟང་མིག་འབྱེད། རྟེན་འབྲེལ་བསྟོད་པ། ལམ་གཙོ་རྣམ་གསུམ། ལག་ལེན་སོ་བདུན་མ། བློ་སྦྱོང་སོགས་ཀྱི་ཟབ་ཁྲིད་ཐོབ། ལོ་ཤས་རིང་དུས་ཚོད་གང་ཁོམས་དང་བསྟུན་ཏེ་ཕྱི་རྒྱལ་གྱི་ཚན་རིག་པ་མཁས་པའི་དྲུང་ནས། ཆོས་ཚན་དབར་མི་འདྲ་བའི་ཁྱད་པར་ཤེས་པའི་ཆེད་དུ་ཚན་རིག་སྡེ་ཚན་སྐྱེ་དངོས་རིག་པ་དང་། དངོས་ཁམས་རིག་པ། རྫས་སྦྱོར་རིག་པའི་གཞི་རིམ་གྱི་སློབ་སྦྱོང་གང་འཚམ་དང་། སེ་ར་ཐེག་ཆེན་གླིང་དུ་ཞི་བ་ལྷ་མཆོག་སྤྲུལ་རིན་པོ་ཆེ་གཙོས་དོན་གཉེར་ཅན་ཁག་ཅིག་ལ་བརྡ་སྤྲོད་དང་སྙན་ངག་གི་སློབ་ཁྲིད་དང་། བོད་ཀྱི་སྙན་ངག་གི་བསྟན་བཅོས་ཆེ་ཁག་ལ་བསྐྱར་སྦྱངས་གོམས་འདྲིས་དང་། དེ་བཞིན་ཉམས་ཞིབ་ཡང་ཡང་བྱས། མཉམ་མེད་ཤྭཀྱའི་རྒྱལ་པོའི་གནས་ཆེན་ཁྱད་པར་ཅན་ཕལ་མོ་ཆེར་མཇལ་སྐོར་ཐོབ། །
སྤྱི་ལོ་༢༠༠༥ལོར་བོན་གྱི་སློབ་དཔོན་ཆེན་མོ་བསྟན་འཛིན་རྣམ་དག་རིན་པོ་ཆེའི་དྲུང་དུ་གཡུང་དྲུང་བོན་གྱི་ཐུན་མིན་ཟབ་ཁྲིད་གཙོས་བོན་ཕྱོགས་མདོ་སྔགས་རྫོགས་གསུམ་གྱི་སློབ་གཉེར་མཇུག་སྐྱོང་ཆེད་ཡོངས་འཛིན་རིན་པོ་ཆེའི་དགོན་པ་ཁྲི་བརྟན་ནོར་བུ་རྩེར་སློབ་སྦྱོང་བྱས་ཏེ་ད་ཆ་བཀའ་རམས་པ་རེད།

རྒྱལ་སྤྱིའི་ཚོགས་འདུར་ཞུགས་པའི་སྐོར་ལ།

          སྤྱི་ལོ་༢༠༠༣ལོར་ནུབ་ཕྱོགས་དབྱིན་ཡུལ་ཨོཀསི་ཧྤོརཌ་སློབ་གྲྭ་ཆེན་མོར་Oxford Universityརྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ཐོག་ཏུ་༼མཁའ་ཀློང་གསང་མདོས་ཀྱི་སྒོ་ནས་བོད་ཀྱི་མདོས་གླུད་ལ་དཔྱད་པའི་གཏམ་༽ཞེས་པའི་དཔྱད་རྩོམ་བཀླགས། སྤྱི་ལོ་༢༠༠༨ལོར་ནུབ་ཕྱོགས་ཕ་རན་སིར་བོན་གྱི་རྒྱལ་སྤྱིའི་ཚོགས་འདུའི་ International Conference on Bon in France ཐོག་ཏུ་༼བོན་ལ་དྭོགས་པ་བཀོད་པ་ཁག་ཅིག་དཔྱད་གཞིར་བཟུང་སྟེ་དྲང་ཕྱོགས་ཞིབ་འཇུབ་བྱ་རྒྱུར་བསྐུལ་བའི་ཟིན་ཐོ་༽ཞེས་པ་བཀླགས། ཡང་ལོ་དེར་འབྲས་ལྗོངས་རྒྱལ་ས་སྒང་ཏོག་ཏུ་ཧི་མ་ལ་ཡའི་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་ Buddist Himalaya Studies in Religion and culture. The Golden Jubilee Conference of the Namgyal Institute of Tibetology, Sikkim India. ཐོག་ཏུ་༼ལོ་ཆེན་བཱེ་རོའི་ཡང་སྲིད་གཏེར་ཆེན་བདེ་ཆེན་གླིང་པའི་རྣམ་ཐར་ལ་ཞིབ་འཇུག་བྱས་པ་༽ཞེས་པའི་རྩོམ་ཡིག་བཀླགས། སྤྱི་ལོ་༢༠༠༩ལོར་རྒྱ་གར་བྷང་གྷལ་ཕྱོགས་སུ་གྲགས་ཅན་རྩོམ་པ་པོ་ཐེ་ཀོར་གཙུག་ལག་སློབ་གྲྭ་ཆེན་མོར་ Rabindranath Tagore University in Santiniketan རྒྱལ་སྤྱིའི་གསང་སྔགས་ཞིབ་འཇུག་ཚོགས་འདུའི་ Hermeneutics of Tantrik Literature and Culture.ཐོག་ཏུ་༼གཡུང་དྲུང་བོན་གྱི་སྔགས་བསྟན་སྔ་དར་དང་འབྲེལ་བའི་བརྒྱུད་རིམ་ངོས་འཛིན་སྐོར་༽ཞེས་པའི་དཔྱད་རྩོམ་བཀླགས། སྤྱི་ལོ་༢༠༡༠ལོར་ཝ་ར་ཎ་སི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ Deemed University in Saranath Varanasi ནས་བོད་ཀྱི་གཙུག་ལག་རིག་པའི་ཟབ་སྦྱོང་ཐོག་ཏུ་སློབ་མ་རྣམས་ལ་རྩོམ་རིག་ཟབ་སྦྱོང་སྤྲོད་པར་གདན་ཞུས་དང་འབྲེལ་ཟབ་སྦྱོང་སྤྲད་པའི་རྩོམ་ཡིག་ནི། དཔྱད་བརྗོད་ཀྱི་སྒོ་ནས་དགག་སྒྲུབ་རྩོམ་ཡིག་བྲི་ཐབས་སྐོར་དང་། བོད་ཀྱི་གདོད་མའི་རྩོམ་རིག་ལ་ངོས་འཛིན་ཇི་ལྟར་བྱ་ཕྱོགས་སྐོར་ཏེ་རིགས་གཉིས་བཀླགས་པས་དེ་གའི་མཐོ་རིམ་སློབ་མ་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། ༢༠༠༦ལོ་དང་༢༠༡༠ལོ་སྟེ་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཐེངས་གཉིས་ཙམ་ལ་ཚོགས་པའི་ངོས་ནས་རྩོམ་ཡིག་བདམས་ཏེ་མགྲོན་འབོད་གནང་འདུག་ཀྱང་གཞན་དབང་སྟབས་བསྟུན་གྱིས་ཚོགས་ཞུགས་བྱེད་མ་ཐུབ།

རང་རྩོམ་སྐོར་ལ།

      ༡༩༩༦ལོར་༼གངས་ལྗོངས་དྲན་པའི་གླུ་དབྱངས་༽དང་། ༢༠༠༣ལོར་༼བོད་ཀྱི་མདོས་གླུད་ལ་དཔྱད་པའི་གཏམ་སྐྱ་རེངས་གསར་པ་༽༢༠༠༥ལོར་༼གངས་རིའི་བརྩེ་དུང་༽༢༠༠༩ལོར་༼བོད་རིག་པའི་ཞིབ་འཇུག་མཁའ་ལྡིང་གཤོག་ཟུང་༽དང་བཅས་དེབ་ཁག་བཞི་དང་། ༢༠༠༩ལོར་༼མཚན་ཉིད་གསུམ་གྱི་འཕྲོས་དོན་ག་པུར་ཐིགས་པའི་མདངས་སྦྱིན༽དང་། ༼སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་མཛད་རྣམ་སྙིང་བསྡུས༽ལྟ་བུ་ཐོར་བུ་དང་། གཞན་ཡང་དུས་དེབ་སོགས་ལ་བཀོད་པའི་རྩོམ་ཐུང་ཅི་རིགས་མཆིས།
     མཚན་སྙན་བླ་ན་འབར་བའི་མཁས་དབང་ཁག་ཅིག་གིས་གོང་གི་རྩོམ་ཡིག་དེ་དག་ལ་ཚད་མཐོའི་གདེང་འཇོག་ཡང་ཡང་ཐོབ་པར་བརྟེན། རྩོམ་པ་པོས་སླར་ཡང་ཤེས་བྱའི་གར་སྟེགས་སུ་རྩོམ་རིག་གི་ཟློས་གར་མི་སྒྱུར་ཀ་མེད་བྱུང་སྟེ་སློབ་གཉེར་གྱི་ཞོར་ལས་སུ་མུ་མཐུད་རྩོམ་འབྲི་བྱེད་བཞིན་པའི་སྐོར་ལ། ཕར་ཕྱིན་གྱི་ཆ་ལག་གནད་ཡོད་ཁག་ཅིག་སོགས་མཚན་ཉིད་སྐོར་དང་། བོན་དང་དགེ་ལུགས་ཀྱིས་མཚོན་རིས་མེད་ཀྱི་མཁས་མང་ཞབས་པད་དངོས་སུ་བསྙེན་ཏེ་ལྟ་གྲུབ་ལ་མྱོང་བརྒྱུད་ཡུན་རིང་བསགས་པའི་ཆ་ཤས་སུ་བོད་ཀྱི་ཆོས་ལུགས་ཁག་གི་ཡང་དག་ལྟ་བའི་སྐོར་ལ་དཔྱད་བརྗོད་དཔེ་དེབ་གཅིག་དང་། སྒྲུང་ལྡེའུ་བོན་གསུམ་གྱི་རྩོམ་རིག་དང་འབྲེལ་བའི་སྒོ་ནས་གདོད་མའི་བོད་ཀྱི་ཤེས་རིག་ལ་བལྟ་བའི་སྐོར་དེབ་གཅིག བོད་ཀྱི་བརྡ་སྤྲོད་སྐོར་གྱི་ཡིག་ཆ་བཅུ་ཕྲག་ལྷག་ལ་ཉམས་ཞིབ་དཔྱད་སྡུར་བྱས་ཏེ་བརྩམས་པའི་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་སྐོར་དེབ་གཅིག། མ་ཧ་གུ་རུ་པད་མ་སམ་བྷ་ཝའི་རྣམ་ཐར་སྐོར་གྱི་ཟིན་ཐོ། ༼ཕ་མཚུན་སྒྲ་བླའི་གཡང་སྐྱོབས་༽ཞེས་པའི་ཡིག་རྙིང་དང་འབྲེལ་ཏེ་གདོད་མའི་ཕྱ་གཡང་དང་དུར་མཆོད་སྐོར་ལ་ཉམས་ཞིབ་བྱས་པ། གཞན་ཡང་སྙན་ངག་སྐོར་ཕྲན་ཚེགས་བཅས་སོ། །

རྩོམ་སྒྲིག་དང་ཞུ་དག་བྱས་པའི་སྐོར་ལ།

སེར་བྱེས་མཆོག་སྤྲུལ་ཆོས་ལྡན་རིན་པོ་ཆེའི་ལྗགས་ཁྲིད་ཐད་ཀར་ཡིག་ཐོག་ཕབ་པ་ནི། ༼དགའ་ལྷ་རྒྱས་བསྡུས་ཀྱི་ཟབ་ཁྲིད་བྱིན་རླབས་ཀྱི་སྒོ་འབྱེད་༽ཅེས་པ་ལེ་ཚན་རྒྱས་བསྡུས་གཉིས། བློ་སྦྱོང་ཚིག་བརྒྱད་མའི་ཁྲིད། ཞེན་པ་བཞི་བྲལ་གྱི་ཁྲིད། གཏོང་ལེན་སྐོར་གྱི་ཁྲིད། ལམ་གཙོ་རྣམ་གསུམ་གྱི་ཁྲིད། བཅུད་ལེན་གྱི་གདམས་པ་རིམ་པ་ལྔ་པའི་ཁྲིད། སྔགས་ཀྱི་ས་ལམ་སྐོར་གྱི་ཁྲིད་བཅས་སོ། །བོན་གྱི་དཔེ་ཚོགས་སྐོར་རྩོམ་སྒྲིག་བྱས་པ་ནི། ༼བོན་གྱི་དཔེ་དཀོན་ཕྱོགས་བསྒྲིགས།༽དང་། ༼བསྡུས་རྟགས་དང་མཚན་ཉིད་གསུམ་གྱི་རྣམ་གཞག་བཅས་ཕྱོགས་བསྒྲིགས།༽དང་། ༼ལུས་སྦྱིན་དཔའ་བོའི་གད་རྒྱངས་ཀྱི་འགྲེལ་བ།༽ དང་། ༼ཁམས་བརྒྱད་གཏན་ལ་ཕབ་པའི་རྩ་བ་དོན་རྣམ་པར་ངེས་པ་བཞུགས་སོ།།༽ ཞེས་ཁམས་རྩ་སྟོད་སྨད་གཉིས་ཀྱི་མ་དཔེ་ནི་བོན་གྱི་བཀའ་འགྱུར་གྱི་གྲལ་དུ་བཞུགས་པའི་ཡི་གེ་མ་དག་པ་ཞིག་ཡོད་པ་དེ་ཁམས་འགྲེལ་དང་གོ་སྡུར་བྱས་ཏེ་ལེགས་སྒྲིག་གི་ལས་གཞི་གནད་སྨིན་དུ་བསྒྲུབས་པ་དང་། མདོར་ན་སྔོན་གྱི་སྐྱེས་ཆེན་རྣམས་ཀྱིས་ཆོས་ར་དང་དཔེ་ཁྲིད་ཐེངས་རེ་ལ་ཕྱིན་པར་ཡང་བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་མངའ་བར་གསུངས་པ་ཡིད་ལ་བཅང་སྟེ་ལྟོ་སྐྱ་གོས་ཧྲུལ་ལ་བརྟེན་ནས་ཚ་གྲང་དང་དཀའ་ཐུབ་སྣ་ཚོགས་ཁྱད་དུ་བསད་དེ་མི་ལོ་ཉི་ཤུ་རྩ་ལྔ་ཙམ་ལ་རྒྱལ་བའི་བསྟན་པ་ལ་ཐོས་བསམ་ཉམས་ལེན་གྱི་བགྱི་བ་ལྷུར་བླངས་པ་བཅས་སོ།། །།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག