ནོར་བུ་ཚེ་རིང་གི་ངོ་སྤྲོད་མདོར་བསྡུས།
གཅིག སློབ་སྦྱོང་གི་བརྒྱུད་རིམ།
ནོར་བུ་ཚེ་རིང་ནི1962ལོར་མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་ཨེར་སྟི་གྲོང་སྡེ་རུ་སྐྱེས། 1986ལོར་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་རྗེས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་དེ་བོད་ཡིག་སྡེ་ཁག་ནས་སློབ་སྦྱོང་བྱས། དུས་དེར་མཁས་དབང་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་གི་མདུན་ནས《སྤྱོད་འཇུག་ཆེན་མོ》དང《ཐུའུ་ཀྭན་གྲུབ་མཐའ》《རྒྱལ་དབང་ལྔ་བའི་དབྱངས་ཅན་དགྱེས་གླུ》 《སྒིས་སྟེང་བློ་བཟང་དཔལ་ལྡན་གྱི་ཆབ་ཤོག》སོགས་ནང་དོན་རིག་པ་དང་སྙན་ངག་གི་སྐོར་དང༌། མཁས་དབང་རྡོ་སྐུ་བློ་བཟང་བསྟན་འཛིན་རྒྱ་མཚོའི་དྲུང་ནས《ཚད་མ》དང《དེབ་ཐར་དམར་པོ》སོགས་བོད་ཀྱི་ལོ་རྒྱུས་དང་རིག་གནས་སྐོར་ལ་སྦྱང་བརྩོན་བྱས་པ་མ་ཟད། མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་མདུན་ནས་སྔོན་འགྲོ་དམར་མོ་མཛུབ་ཚིགས་དང་སྡེ་སྣོད་མཛོད་སོགས་ཀྱི་དཔེ་ཁྲིད་ལ་ཉན་པའི་སྐལ་བ་ཐོབ་པ་དང༌། ཁྱད་པར་དུ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་མཆོག་གིས་རྗེ་མཉམ་མེད་ཀྱི་ས་ལམ་སྐོར་དང་སྒོས་སུ་གསང་སྔགས་དང་རྫོགས་ཆེན་གྱི་སྐོར་ནས་ཡུན་རིང་དུ་དཔེ་ཁྲིད་དང་ཞལ་གདམས་བསླབ་བྱ་མང་དུ་གནང་བས་དེའི་ཐད་ལ་བག་ཆགས་འཇོག་པའི་སྐལ་བ་ཐོབ། 2006ལོར་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་ཤེས་ཡོན་ཅན་ཟབ་སྦྱོང་གི་འཆར་གཞིའི་གྲས་སུ་བདམས་ཤིང་རང་ཉིད་ནས་ཧྲང་ཧེ་ཧྭ་ཏུང་དགེ་འོས་སློབ་ཆེན་གྱི་སློབ་གསོ་རིག་པའི་སྡེ་ཁག་བདམས་ནས་དེར་ཟབ་སྦྱོང་དུ་ཞུགས་པའི་གོ་སྐབས་ཐོབ།
གཉིས། བྱ་བའི་གནས་ཚུལ།
1986ལོར་སློབ་མཐར་ཕྱིན་རྗེས་ལས་བགོས་ལྟར《མཚོ་སྔོན་སློབ་གསོ》རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་གི་བྱ་བ་གཉེར། སྔ་གཞུག་ཏུ་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་གཞོན་པ་དང་མཚོ་སྔོན་སློབ་གསོ་དུས་དེབ་ཁང་གི་ཧྲེ་ཀྲང་གཞོན་པ། 《བོད་ཀྱི་སློབ་གསོ》དུས་དེབ་ཀྱི་ལག་བསྟར་གཙོ་སྒྲིག་པའི་འགན་འཁུར་ཡོད། ལས་ཀའི་ཐོབ་ཐང་ནི་ཞུ་ཆེན་པ(དགེ་རྒན་ཆེན་མོ)ཡིན། ཞོར་དུ་རྒྱལ་ཡོངས་ཞིང་ལྗོངས་ལྔའི་སློབ་དེབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང༌། མཚོ་སྔོན་ཞིང་ཆེན་བོད་ཀྱི་བརྡ་ཆད་ཚད་ལྡན་ཞུས་བཤེར་གཏན་འབེབས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་ལོ་ཙཱའི་མཐུན་ཚོགས་ཀྱི་ལས་འཛིན་པ་སོགས་ཀྱི་འགན་ཁུར་ཡོད། བྱ་བར་ཧུར་བརྩོན་བྱས་པས་ཀྲུང་གོའི་ནུབ་ལྷོ་དང་ནུབ་བྱང་ས་ཁུལ་གྱི་སློབ་གསོའི་དུས་དེབ་དང་ཚགས་པར་མཐུན་ཚོགས་ནས་ཕུལ་དུ་བྱུང་བའི་རྩོམ་སྒྲིག་པ་སོགས་ཀྱི་བྱ་དགའ་ཐོབ།
གསུམ། བརྩམས་ཆོས་ཁག་ཅིག
1. རྩོམ་རིག་དཔྱད་བརྗོད་ཀྱི་ཕྱོགས་ནས།
《རྩོམ་པ་པོ་རྣམས་ལ་གྲོས་སུ་འདེབས་པ》《སྦྲང་ཆར》1988ལོའི་དེབ2པ།
《བོད་ཀྱི་སྙན་ངག་ལ་དེང་རབས་རྩོམ་རིག་གི་བསམ་པའི་རླབས་རྒྱུན་གྱི་ཤན་ཞུགས་ཚུལ་སྐོར་མདོ་ཙམ་གླེང་བ》《མཚོ་སྔོན་སློབ་གསོ》1988ལོའི་དེབ6པ། སོགས་ཡོད།
2. སློབ་གསོའི་ཕྱོགས་ནས།
《དེང་རབས་བོད་ཀྱི་སློབ་གསོའི་སྐོར་གྱི་བསམ་ཚུལ་མདོ་ཙམ་བརྗོད་པ》《བོད་ལྗོངས་སློབ་གསོ》1989ལོའི་དེབ4པ།
《བོད་རིགས་སློབ་གསོའི་ཁྲོད་དུ་གནས་པའི་གནད་དོན་ཆེན་པོ་གསུམ》《རྩེར་སྙེག》 (བོད་ཡིག)
《མི་རིགས་ས་ཁུལ་གྱི་རོལ་དབྱངས་དང་ལུས་རྩལ་རི་མོའི་སློབ་ཁྲིད་ལ་མི་རིགས་རང་གི་ཁྱད་ཆོས་དེ་གཙིགས་སུ་འཛིན་དགོས》《མཚོ་སྔོན་སློབ་གསོ》 (རྒྱ་ཡིག) 1999ལོའི་དེབ1-2པ། སོགས་གཞན་ད་དུང་ཡོད།
3. ཡིག་སྒྱུར་གྱི་ཕྱོགས་ནས།
《བོད་དུ་ཡིག་སྒྱུར་གྱི་སྲོལ་དུས་ནམ་དར་བ་དང་དེའི་འཕེལ་རྒྱས་སྐོར་ལ་རགས་ཙམ་དཔྱད་པ》《བོད་ལྗོངས་ཞིབ་འཇུག》1996ལོའི་དེབ1པ།
《རྩོམ་རིག་དང་རྩོམ་རིག་མ་ཡིན་པའི་ཡིག་སྒྱུར་བར་གྱི་ཁྱད་པར་མདོ་ཙམ་བརྗོད་པ》《མཚོ་སྔོན་བོད་ཀྱི་སྐད་ཡིག》2001ལོའི་དེབ1པ།
《ཡིག་སྒྱུར་རིག་པའི་རིགས་དབྱེའི་སྐོར་རགས་ཙམ་གླེང་བ》《རྩེར་སྙེག》2001ལོའི་དེབ2པ། སོགས་གཞན་ད་དུང་ཡོད།
4. བོན་པོའི་ཞིབ་འཇུག་གི་ཕྱོགས་ནས།
བོད་ཡིག་གིས་བྲིས་པའི་སྐོར་ལ།
《བོན་ལས་བྱུང་བའི་ལོ་རྒྱུས་ཀྱི་བསམ་གཞིགས》《རྩེར་སྙེག》1999ལོའི་དེབ་4པ།
《གནའ་རབས་བོད་མིའི་ཆོ་ག་སྟེ་ཞང་ཞུང་ཙོ་དམར་ཞེས་པར་རགས་ཙམ་དཔྱད་པ》《མང་ཚོགས་སྒྱུ་རྩལ》2008ལོའི་དེབ3པ།
《གཡུང་དྲུང་བོན་གྱི་སྲིད་པའི་ལྟ་ཚུལ་སྐོར་གླེང་བ》《ཀྲུང་གོའི་བོད་རིག་པ》2010ལོའི་དེབ4པ། སོགས་གཞན་ད་དུང་ཡོད།
རྒྱ་ཡིག་གིས་བྲིས་པའི་སྐོར་ལ།
《བོད་ཀྱི་གདོད་མའི་ཆོས་ལུགས་ཏེ་གཡུང་དྲུང་གི་བོན་གླེང་བ》《མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》1999ལོའི་དེབ3པ།
《གཡུང་དྲུང་བོན་གྱི་ཐེག་པ་རིམ་དགུའི་སྐོར་གླེང་བ》《མཚོ་སྔོན་མི་རིགས་ཞིབ་འཇུག》2001ལོའི་དེབ2པ།
《གཡུང་དྲུང་བོན་གྱི་སྐྱེ་ཁམས་ཁོར་ཡུག་གི་ལྟ་ཚུལ་གླེང་བ》《མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》2005ལོའི་དེབ3པ། སོགས་གཞན་ད་དུང་ཡོད།
5. གཞན་དག་གི་སྐོར།
གཞན་ད་དུང་དགོན་པའི་ལོ་རྒྱུས་དང་མི་སྣའི་རྟོགས་བརྗོད། རིག་གནས་ཞིབ་འཇུག རྩོམ་སྒྲིག་པར་སྐྲུན་སོགས་ཕྱོགས་ཀྱི་རྩོམ་ཡིག་ཀྱང་དཔེ་ཆ་དང་དུས་དེབ་སྣ་ཚོགས་སུ་བཀོད་ཡོད། མི་གཞན་དང་མཉམ་དུ་བརྩམས་པའི《 བོད་ཀྱི་སྐྱེ་ཁམས་རིག་པའི་སྤྱི་བཤད་འཛམ་གླིང་སྐྱེ་དགུའི་སྤྱི་ནོར》ཞེས་པ2004ལོའི་ཟླ4པར་ཡུན་ནན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཡོད། གཞན་མི་གཞན་དང་མཉམ་དུ་ཡིག་སྒྱུར་བྱས་པའི་དཔེ་ཆའང་རེ་གཉིས་པར་སྐྲུན་བྱས་ཡོད། དེ་དག་ལས་རྒྱ་ཡིག་གིས་བྲིས་པའི《བོད་ཀྱི་གདོད་མའི་ཆོས་ལུགས་ཏེ་གཡུང་དྲུང་གི་བོན་གླེང་བ》ཞེས་པ་དེ་རྒྱལ་ནང་བོད་རིག་པའི་ཞིབ་འཇུག་གི་ཁོངས་སུ་གདེང་འཇོག་ལེགས་པོ་ཐོབ་པ་དང་ཀྲུང་གོ་མི་དམངས་སློབ་ཆེན་གྱི་དཔྱད་གཞིའི་ཡིག་རིགས་(中国人民大学资料རྒྱ་ཡིག)སོགས་སུ་རྩོམ་ཡིག་ཧྲིལ་བོ་བསྐྱར་བཤུ་བྱས་མྱོང་བ་དང༌། རྒྱ་ཡིག་གིས་བྲིས་པའི《བོད་ཀྱི་སྔ་རབས་ཡིག་སྒྱུར་གྱི་བྱུང་འཕེལ་ལ་དཔྱད་པ》(《མི་རིགས་ཡིག་སྒྱུར་གླེང་སྟེགས》2009ལོའི་དེབ1པའི་སྟེང་བཀོད་ཡོད)ཞེས་པ་དེ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་རིགས་སྐད་ཡིག་དང་ཡིག་སྒྱུར་རིག་གཞུང་བགྲོ་གླེང་ཚོགས་འདུའི་དཔྱད་རྩོམ་དཔྱད་བསྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ།
6. རྩོམ་སྒྲིག་བྱས་པའི་སྐོར་ལ།
གཙོ་འགན་འཁུར་ནས་བསྒྲིགས་པའི《 སློབ་གསོ་སློབ་ཁྲིད་ཀྱི་གླེང་སྟེགས》ཞེས་པ་དེ2002ལོའི་ཟླ8པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཡོད་པ་དང༌། གཙོ་འགན་འཁུར་ནས་བསྒྲིགས་པའི《བོད་ཀྱི་སློབ་གསོའི་ལེགས་སྒྲིག་དཔེ་ཚོགས》ཞེས་པ་དེར《བོད་ཀྱི་སློབ་གསོའི་གླེང་སྟེགས》《ལོ་རྒྱུས་གསལ་བའི་སྐར་ཁུང》《ལོ་རྒྱུས་མི་སྣའི་ཕྲེང་བ་ལས་སྔ་རབས་བོན་གྱི་ལོ་རྒྱུས་མི་སྣ》《གསོ་བ་རིག་པའི་བདུད་རྩི》《སྐར་རྩིས་རིག་པའི་རྩིས་གཞོང》《ཚད་མ་རིག་པའི་རྡོ་གཅལ》སོགས་དཔེ་ཆ་བསྡོམས་པས23ཡོད་པ་ད་ལྟ་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱེད་བཞིན་ཡོད།