ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> སྙན་རྩོམ། >> སྙན་ཚིག་ཁུ་བྱུག་མགྲིན་གླུ།
སྙན་ཚིག་ཁུ་བྱུག་མགྲིན་གླུ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན།] [ཟླ་ཚེས། 10-07-03] [ཀློག་གྲངས། ]

འགྱུར་མེད་ལྷན་སྐྱེས་བདེ་བ་ཆེན་པོ་ལས། །དག་པ་རབ་འབྱམས་བརྟན་གཡོའི་སྒྱུ་འཕྲུལ་གར། །

སྟོན་མཛད་ཁྱབ་བདག་འོད་དཀར་གནས་འཛིན་དང་། །དབྱེར་མེད་དཔལ་ལྡན་བླ་མའི་ཞབས་པདྨོར། །

གཞན་དཀའི་བཀའ་དྲིན་དྲན་པའི་དྲི་གཞོན་གྱིས། །བསྐྱོད་པས་བདག་ལུས་འཁྲི་ཤིང་ལན་མང་དུ། །

ཕྱག་གི་གར་དུ་གཡོ་བའི་རོལ་སྒེག་དང་། །ལྷན་ཅིག་བསྟོད་བསྔགས་མེ་ཏོག་སིལ་མར་འཐོར། །

ཇི་སྲིད་མཁའ་དང་སེམས་ཅན་གནས་པ་དེ་སྲིད་ཕྱོགས་བཅུའི་འཇིག་རྟེན་དུ། །

བཅུ་གཉིས་མཛད་པས་མཐའ་ཀླས་འགྲོ་ལ་བདུད་རྩིའི་དགའ་སྟོན་མཆོག་སྦྱིན་པ། །

དུས་གསུམ་ཕྱོགས་བཅུའི་གཉིས་མེད་གསུངས་པ་དེ་སྲས་སློབ་མར་བཅས་རྣམས་ཀྱང་། །

གང་གི་སྤྲུལ་བའི་ཟློས་གར་ཉིད་ལས་གཞན་དུ་མེད་པར་ངེས་རྙེད་པས། །

ཁྱེད་ནི་སྲིད་གསུམ་འགྲོ་བའི་བླ་མ་སྟེ། །ཁྱེད་ནི་སྡུག་བསྔལ་བརྒྱ་ཕྲག་སྐྱོབ་པའི་མགོན། །

ཁྱེད་ནི་སྐྱེ་རྒུའི་མ་འདྲིས་མཛའ་བའི་བཤེས། །ཁྱེད་འབའ་ཞིག་ནི་གཏན་གྱི་སྐྱབས་སུ་འཛིན། །

དེ་ཕྱིར་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲིར། །བསྟན་འགྲོའི་མགོན་དུ་འཚོ་ཞིང་གཞེས་ངོས་ནས། །

རླབས་ཆེན་ཕྲིན་ལས་ཉིན་བྱེད་འབར་བའི་འོད། །ནམ་མཁའི་དཀྱིལ་འཁོར་མཐའ་དང་མཉམ་བདལ་བས། །

སྲས་བཅས་རྒྱལ་བའི་དགྱེས་ཞལ་པདྨོའི་འཛུམ། །རབ་བཞད་སྐྱེ་རྒུ་ཡོངས་ལ་འཕྲལ་ཡུན་དུ། །

དགེ་བའི་སྣང་བ་ཟད་མ་ཤེས་པ་རུ། །སྤྲོ་བར་དད་པས་ཐལ་མོ་ལན་བརྒྱར་སྦྱོར། །

འདི་ན་བླང་དོར་དཔྱོད་པའི་བློ་མིག་ལྡོང་། །དམ་པའི་མགོན་གྱི་དམིགས་བུ་དང་བྲལ་བཞིན། །

སྡེ་དགོན་ཕྱོགས་རེས་ཚེར་མའི་ཐང་འཁྱམས་པའི། །སློབ་མའི་ཐ་ཤལ་སྤྲུལ་མིང་འཛིན་བདག་ལ། །

བརྩེ་བའི་བཀའ་མཆིད་པདྨ་དཀར་པོའི་ཕྲེང་། །སྐྱེས་བཟང་གསེར་གྱི་ཀཻ་ས་རས་མཛེས་པ། །

བདེ་ཆེན་འཁོར་ལོའི་རྒྱན་དུ་སྩལ་བ་གང་། །ཡིད་རབ་དད་དང་སྤྲོ་བའི་གསོས་སུ་གྱུར། །

ཆགས་སྡང་རྨོངས་པའི་གདོན་གྱིས་ཆེར་གཡོས་པས། །སྒོ་གསུམ་ཉེས་སྤྱོད་གོམ་འགྲོས་འཁྱོར་བ་ཡིས། །

འཇིགས་རུང་ངན་འགྲོའི་གཡང་སར་ལྟུང་ཉེ་བའི། །བདག་སོགས་འགྲོ་ལ་བརྩེ་བས་རྗེས་དགོངས་ཏེ། །

ཞིང་འདིའི་མགོན་དུ་འགྲོ་བའི་སྒྲོན་མ་ཉིད། །རྒྱ་མཚོའི་རྡུལ་རྙེད་ལས་འདས་བསྐལ་བ་རུ། །

གཞོམ་མེད་གཡུང་དྲུང་གསུམ་གྱི་རང་བཞིན་དུ། །བརྟན་པར་བཞུགས་པའི་གསོལ་བ་སྙིང་ནས་འདེབས། །

ཕུན་ཚོགས་པད་ཚལ་འབུམ་དུ་བཞད་བྱེད་རྒྱལ་གཤེན་བསྟན་པ་སྣང་བའི་མཛོད། །

སྙིགས་མའི་ལོག་སྤྱོད་སྤྲིན་ནག་སྟུག་པོས་ཆེས་ཆེར་ཉིད་དུ་བསྒྲིབ་པ་གང་། །

ཁྱེད་ཀྱི་ཐུགས་རྗེ་འཐོར་རླུང་དྲག་པོས་མྱུར་བ་ཉིད་དུ་བསལ་བྱས་ཏེ། །

བཤད་དང་སྒྲུབ་པའི་འོད་ཀྱི་སྣང་བས་ཕྱོགས་མཐར་ཁྱབ་པའི་བཀའ་དྲིན་སྩོལ། །

ཕྲན་ཆུང་བདག་ཀྱང་ཚེ་ཡི་ལྷག་མ་ཅི་ཙམ་ལུས་པ་དེ་སྲིད་དུ། །

དབེན་པར་བྱང་ཆུབ་གཞུང་ལམ་དྲང་བོར་ཚུལ་བཞིན་སྒྲུབ་པའི་གོམ་སྟབས་གང་། །

བསྐྱོད་པས་ངེས་ལེགས་གྲོང་ཁྱེར་ཆེན་པོར་བདེ་བླག་འཇུག་པའི་ཉེར་བསྡོག་ལ། །

ཕྱི་ནང་གསལ་བའི་གེགས་བྱེད་མཐའ་དག་ཡོངས་སུ་ཞི་བའི་སྐྱབས་འཇུག་མཁྱེན། །

ཚེ་འདིའི་སྣང་བ་ཡོངས་སུ་འགག་ནས་བཟུང་། །བྱང་ཆུབ་བར་གྱི་ཚེ་རབས་ཐམས་ཅད་དུ། །

གང་གི་ཐུགས་རྗེའི་ལྕགས་ཀྱུས་ཉེར་བཟུང་སྟེ། །དོན་གཉིད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག