ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> སྙན་རྩོམ། >> སྙིང་གཏམ་ངག་གི་རོལ་མོ།
སྙིང་གཏམ་ངག་གི་རོལ་མོ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྱུང་དཀར་འགྱུར་མེད་ཤེས་རབ།] [ཟླ་ཚེས། 10-11-05] [ཀློག་གྲངས། ]

ལོག་ལྟའི་རྨང་གཞི་བརྟན་པའི་མཁར་རྩེ་ན། །
རྩི་ཤིང་རླུང་གིས་བསྐྱོད་བའི་བཤུག་གླུའི་སྒྲ། །
ངོ་མཚར་ལེགས་བཤད་དབྱངས་སུ་འཁྲུལ་བ་ལ། །
ཤེས་ལྡན་ཁོང་ནས་བཞད་པའི་སྒྲ་ཞིག་གྲགས། །

ཀ་ཡེ་གྲོགས་ལ་བརྩེ་བའི་སྙིང་གཏམ་ཞིག །
ཁ་ནས་ཤོར་འདིས་ཁོག་པའི་གསང་རྒྱ་རལ། །
ག་ས་ག་ནས་བདག་བསྟོད་གཞན་སྨད་ཀྱིས། །
ང་དང་ཁྱོད་ཅེས་ཕྱོགས་འཛིན་མེ་ལྕེ་སྦར། །

ཅ་ཅོ་གཏམ་གྱི་གཞན་ཡིད་བསླུ་བཞིན་དུ། །
ཆ་ལུགས་ངུར་སྨྲིག་ངང་བའི་སྤུན་ཟླ་ཞིག །
ཇ་བཞེས་ལེན་པའི་ཐབས་མཁས་ལྷུར་བླངས་ཏེ། །
ཉ་མོ་ཆུ་ལ་དགའ་བཞིན་ཁྱིམ་ལ་བསྐྱོད། །

ཏ་ཕོག་འབུལ་ན་ད་དུང་མི་འདང་ཞེས། །
ཐ་མལ་ལས་ཀྱང་ཐུ་བའི་བསམ་སྤྱོར་ཅན། །
ད་ལྟ་ཁྲི་འཕང་མཐོན་པོར་བཞུགས་ཚུལ་ལ། །
ན་མོ་ལག་པའི་པད་མོ་སྙིང་གར་ཟུམ། །

པ་ཏྲའི་རི་མོ་འདྲ་བའི་བསམ་བློའི་རྩེར། །
ཕ་མར་ཕོ་ལུང་ཞུ་བའི་བུ་ཡོད་ན། །
བ་གླང་རྟ་ལུག་མང་པོ་འབུལ་ཡོང་ནས། །
མ་རབས་ཤན་པའི་ལག་ཏུ་སྤྲོད་དགོས་སྙམ། །

ཙ་ཀྲ་འཛིན་པའི་ཤན་པ་དང་མཉམ་དུ། །
ཚ་གྲང་སྡེ་བ་བཅོ་བརྒྱད་ཁྱིམ་ཞུས་སྐབས། །
ཛ་ཡས་སྐྱོབས་ཐབས་ཡོད་མེད་བསམ་ནས་ཅི། །
ཝ་སྲམ་གཟིག་ཚར་མཁོ་བའི་བུ་ཚ་སོགས། །

ཞྭ་གོས་གང་ལེགས་གྱོན་པའི་གཉེན་ཉེ་དང༌། །
ཟ་འཐུང་གང་ཞིམ་རོལ་བའི་བཟའ་ཟླ་རྣམས། །
འ་ཅག་ད་ལྟ་བླ་མ་འདི་བའི་དྲིན། །
ཡ་མེད་བཙན་ཕྱུགས་འཛོམས་པ་འདི་འདྲ་བྱུང༌། །

ར་ལུག་བརྒྱ་སྟོང་མེད་ན་འཚོ་ཐབས་བྲལ། །
ལ་བ་སྲམ་གྱིས་མ་རྒྱན་གྱོན་ཚུལ་མེད། །
ཤ་ཁྲག་ཚོན་པོ་མེད་ན་ཟ་ཚུལ་མེད། །
ས་སྟེང་འགྲོ་འདི་ཁོ་བོར་དབང་འདོད་པས། །

ཧ་ཧ་འཛུམ་པའི་ཞལ་དང་སྙན་པའི་གཏམ། །
ཨ་ལགས་བླ་མ་མིན་ན་སྨྲ་ཤེས་སུ། །
ཨི་ཐུ་དད་གུས་མཆོད་འབུལ་ཁྱེད་ལ་བྱེད། །
ཨུ་ཐུག་བྱུང་ན་བླ་མས་མཁྱེན་དགོས་ཟེར། །

ཨེ་མ་རེ་ཞིག་བསམ་བློ་གཏིང་ནས་འགྱུར། །
ཨོ་ཨོ་མ་བཟང་བླ་མའི་བསླུས་སོང་སྐད། །
ཨ་ལགས་དེ་ལས་ཐ་མལ་རྒད་པོ་བཟང༌། །
ཧ་བོ་རྒྱུ་ནོར་མང་པོ་ཁྱེར་བས་འགྱོད། །

ས་རུབ་རྡོ་རུབ་བླ་མའི་སྐྱོན་ལ་གཤེ། །
ཤ་མར་ཇ་གོས་གྲོ་ནས་མང་པོ་བཀལ། །
ལ་ལུང་བརྒལ་ནས་བསུ་བསྐྱེལ་དེ་འདྲ་བྱས། །
ར་ལུག་མང་པོ་བཤའ་ཁང་ར་བར་བསྐྱལ། །

ཡ་མ་བརླ་ཡི་བླ་མ་ཚུལ་འཆོས་ཅན། །
འ་འུར་ཟང་ཟིང་རྟ་བསུ་རྐང་བསུ་བྱས། །
ཟ་ཐབས་ཇ་ཐབས་གྱོང་གུད་ཆུད་ཟོས་བཏང༌། །
ཞྭ་ཕུད་གུས་བཏུད་ཕྱག་འཚལ་ཅི་ཕན་ཟེར། །

ཝ་སྲམ་གོས་སོགས་རང་གིས་གྱོན་མ་ནུས། །
ཛ་ལེ་ཛོ་ལེ་ཕུལ་བས་ཅི་ཞིག་ཕན། །
ཚ་གྲང་ཁྱད་དུ་བསད་ནས་ཞབས་ཞུ་སྒྲུབས། །
ཙ་རི་གནས་སྐོར་བྱས་ན་ཅི་མ་རུང༌། །

མ་རྒན་འདས་ནས་ཞུས་ཚེ་ངོ་མ་ཤེས། །
བ་གླང་རྟ་ནོར་ཕུལ་བ་ཐུགས་ནས་བརྗེད། །
ཕ་རོལ་ཕྱི་མར་ཕན་པ་གང་ན་ཡོད། །
པ་ར་ར་མི་ཏའི་སྤྱོད་པ་སྨོས་ཅི་དགོས། །

ན་འཆི་བྱུང་ན་རང་མགོ་མི་ཐུབ་ཚུལ། །
ད་དུང་ཉམས་རྟོགས་ཡོན་ཏན་ཡོད་ཁུལ་བྱེད། །
ཐ་མལ་སྐྱེ་བོ་དམར་སེར་གོས་ཀྱིས་བཏུམས། །
ཏ་ཐ་ག་ཏའི་བསྟན་པ་ཅི་ཞིག་འཛིན། །

ཉ་མོ་ཆུ་བཞིན་འཁོར་བ་རྒྱ་མཚོར་བྱིང༌། །
ཇ་ཆང་འདྲེན་པའི་ཡོན་བདག་སྐྱོབ་ཟེར་བ། །
ཆ་ག་བ་ཡིས་མཁའ་ལ་འཕུར་ཚུལ་གྱིས། །
ཅ་ཅོ་སྒྲོགས་པའི་རྗེས་སུ་རྐང་བ་འཇོག །

ང་རྒྱལ་ཕྲག་དོག་མེད་པའི་བླ་མ་ཞིག །
ག་ན་བཞུགས་ཀྱང་སྐྱབས་སུ་བསྟེན་ན་རུང༌། །
ཁ་མཚར་བཞད་གད་སློང་བའི་གཏམ་འདི་དག །
ཀ་ལ་པིངྐའི་དབྱངས་ལྟར་མི་སྙན་ཀྱང༌། །

ཀོ་ཏ་མ་ཡི་རིགས་རྣམས་བཀུར་དགོས་ན། །
ཀེ་ལ་ཤའི་ཡུལ་གཞོན་ནུ་རྣམས་ཀྱིས་གཟིགས། །
ཀུ་ཧུའི་མགྲིན་ནས་སྒྲོགས་པའི་ཀ་རྩོམ་འདི། །
ཀི་ཏ་ཀ་ཡི་སུག་རྗེས་བཞིན་དུ་བྲིས། །

ཀླུ་དབང་ཙན་དན་ནགས་ཚལ་གཞོམས་འདོད་ཀྱིས། །
གནོད་སྦྱིན་དྲག་པོས་སྟ་རེ་ཕྱར་ཆེ་བས། །
སྟ་ལྟག་གཤིན་རྗེ་རྭ་རྩེ་བཅག་པ་ལ། །
དྲི་ཟའི་བུ་མོའི་བཞད་སྒྲས་གནམ་ས་འུར། །
 

༼ལྔ་རིག་སྐྱེད་ཚལ༽དེབ་གྲངས་བཞི་བ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག