ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> བསྟོད་ཚོགས། >> བྱམས་མ་ཆེན་མོའི་སྔགས་བསྟོད།
བྱམས་མ་ཆེན་མོའི་སྔགས་བསྟོད།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྗེ་བཙུན་ཁྲོ་ཚང་འབྲུག་ལྷ།] [ཟླ་ཚེས། 10-07-06] [ཀློག་གྲངས། ]

༄༅།། ཡུམ་ཆེན་བྱམས་མ་ཆེན་མོའི་སྔགས་བསྟོད་བཞུགས་སོ། །

   ཡུམ་ཆེན་ཤེས་རབ་བྱམས་མ་ལ་ཕྱག་འཚལ་ལོ། །འདིར་བྱམས་མ་ཆེན་མོ་རྩ་བའི་འབུམ་བཞི་ལས། འཇུག་པའི་ཆོ་ག་ལ་བཞི་སྟེ། སྐྱབས་སུ་འགྲོ་བ་དང༌། གསོ་སྦྱོང༌། སེམས་བཟུང་བ། སེམས་བསྐྱེད་པའོ། །དང་པོ་སྐྱབས་སུ་འགྲོ་བ་ནི།

   དགེ་རྒྱས་ཆེན་པོ་བདག་ལ་དགོངས་སུ་གསོལ་ལོ། །བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས། དགེ་བཅུའི་རྒྱལ་བ་རྣམས་ཀྱི་མཛད་པ་ཇི་བཞིན་དུ། དུས་འདི་ནས་བཟུང་ནས་འབྲས་བུ་སངས་རྒྱས་ཀྱི་བར་དུ། སྐུ་ལྔ་ཡེ་ཤེས་ལྔ་ཡི་མངའ་བདག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཚད་གསུམ་བདེན་པ་གཉིས་ཀྱི་རང་བཞིན་བོན་ལ་སྐྱབས་སུ་མཆིའོ། །ས་གསུམ་སྤངས་རྟོགས་ལམ་གྱི་སྣ་འདྲེན་སེམས་དཔའ་ལ་སྐྱབས་སུ་མཆིའོ། གཉིས་པ་གསོ་སྦྱོང་བྱ་བ་ནི། དྲང་སྲོང་ཆེན་པོ་བདག་ལ་དགོངས་སུ་གསོལ་ལོ། །བདག་ནི་བསྐལ་པ་འབུམ་ཕྲག་གྲངས་མེད་པའི་དུས་ནས། ད་ལྟ་འདི་ལ་ཐུག་གི་བར་དུ། སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་ཐམས་ཅད་སྦྱང་བའི་ཐབས་ཅིག་འཚལ་ལོ། །རྩ་ལག་གི་ཉམས་ཆག་སྔར་བྱས་པ་ལ་གནོང་ཞིང་བཤགས་པར་འཚལ་ལོ། །ད་ལྟར་བགྱིད་པ་ལ་མི་འཆབ་ཅིང་འགྱོད་པར་འཚལ་ལོ། །སླད་ཆད་ཀྱང་མི་བགྱི་སྟེ་སྡོམ་པར་འཚལ་ལོ། །གསུམ་པ་སེམས་བཟུང་བ་ནི། སེམས་དཔའ་ཆེན་པོ་བདག་ལ་དགོངས་སུ་གསོལ་ལོ། །གཡུང་དྲུང་གི་ས་ཆེན་པོ་ལ་རབ་ཏུ་ཞུགས་ནས། སེམས་དཔའ་རྣམས་ཀྱིས་བགྲོད་པ་ཇི་བཞིན་དུ། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས། རིན་པོ་ཆེའི་སེམས་འདི་ཡོངས་སུ་བཟུང་ནས། ཐེག་པ་གོང་མ་ལ་སྤྱོད་ཅིང༌། ཁྲི་འཕང་དང་པོ་ལ་རྟོགས་ཏེ། གཤེན་རབ་ཀྱི་ལམ་བགྲོད་པར་བྱའོ། །དཀར་པོ་བག་ཆགས་མེད་པ་དང༌། ཐུགས་རྗེ་རྒྱུན་དུ་ཞུགས་པ་དང༌། དྲང་པོ་འཁོར་བ་མེད་པ་དང༌། དབུ་མ་མཐའ་རུ་ཕྱིན་པ་དང༌། གཤེན་རབ་ཀྱི་ལམ་བགྲོད་ཅིང་ངེས་དོན་སྒོམ་པར་འཚལ་ལོ། །བཞི་བ་སེམས་བསྐྱེད་པ་ནི། ཡེ་གཤེན་ཆེན་པོ་བདག་ལ་དགོངས་སུ་གསོལ་ལོ། །བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས། རྫོགས་པའི་སངས་རྒྱས་རྣམས་ཀྱི་མཛད་པ་ཇི་བཞིན་དུ། གཡུང་དྲུང་སེམས་དཔའི་སྤྱོད་པ་ཟབ་མོ་ལ་བསླབ་པར་བགྱིའོ། །འཁོར་བའི་བོན་རྣམས་འཁོར་བ་ལ་གནས་པར་མི་བྱའོ། །འཁོར་བའི་བོན་རྣམས་ལ་འཁོར་བ་ལ་གནས་པར་མི་བྱའོ། འཁོར་བའི་བོན་རྣམས་ཀྱིས་འཁོར་བ་ལ་གནས་པར་མི་བྱའོ། རྣམ་པར་བྱང་བ་མྱ་ངན་ལས་འདས་པ་ཡང་དག་པའི་དོན་ལ་སྤྱོད་ཅིང་སྤྱད་པར་བགྱིའོ། མ་མཆོག་དུས་གསུམ་རྒྱལ་བའི་ཡུམ་ཆེན་མོ། བདེ་བར་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་མ་ཆེན་མོ་ཡུམ་ལ་ཕྱག་འཚལ་ལོ། ཨཱོྃ་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་མ་ཡེ་རུ་པ་ཡེ་ཏ་འདུ་འདུ་སྭཱ་ཧཱ། ༧ །ཨཱོྃ་ནི་ཀུན་གསལ་བྱམས་མ་ཆེན་མོ། །ཐབས་ཆེན་སྨོན་ལམ་ཐུགས་རྗེ་ཉི་མ། །སྟོབས་ཀྱི་བྱམས་མ་སྐུ་ལྔ་མཆོག་གི། །རྒྱས་པ་འབུམ་བདག་ཡུམ་ལ་ཕྱག་འཚལ། །མ་ནི་སྐྱེ་མེད་གདོད་དག་བོན་སྐུ། །དྲན་པས་དགྲ་ཡི་འཇིགས་སྐྱོན་ཟློག་མ། །ཀུན་ཁྱབ་སངས་རྒྱས་སྐྱེད་བྱེད་བདག་ཉིད། །འབུམ་གཟུངས་མདོ་གསུམ་ཡུམ་ལ་ཕྱག་འཚལ། །བ་ནི་འགག་མེད་བོན་སྐུའི་རྩལ་མཆོག །གཙེ་བའི་བྱད་དང་རིག་སྔགས་གཅོད་མ། །ཀུན་ལྡན་ཡུམ་ཆེན་ཐར་པའི་ལམ་འདྲེན། །སྐུ་གསུམ་དོན་ལྡན་ཡུམ་ལ་ཕྱག་འཚལ། །མ་མཆོག་ཚད་མེད་རྫོགས་སྐུ་ཆེན་མོ། །བུ་འདོད་འགྲོ་ལ་རྒྱལ་རིགས་སྟེར་མ། །ཀུན་བསྐྱེད་སེམས་ཅན་དོན་ལ་བརྩེ་མཛད། །དོན་གསུམ་མངའ་བདག་ཡུམ་ལ་ཕྱག་འཚལ། །དེ་དོན་རྫོགས་སྐུ་རྟོགས་པའི་ཡེ་ཤེས། །མཛེ་དང་སུརྱ་ཀླུ་གདོན་འདུལ་མ། །ཀུན་སྒྲོལ་འཁོར་བའི་སྡུག་བསྔལ་ཞི་བྱེད། །རྣམ་གསུམ་གདོན་འདུལ་ཡུམ་ལ་ཕྱག་འཚལ། །མ་ཅིག་སྐུ་ཡི་ལམ་འབྲས་ཉིད་ནི། །མུ་སྟེགས་ཕ་རོལ་རྒོལ་བའི་གཤེད་མ། །ཀུན་མཁྱེན་ཐམས་ཅད་ཡུམ་གྱུར་ཇོ་མོ། །རྟགས་གསུམ་སྟོན་མཛད་ཡུམ་ལ་ཕྱག་འཚལ། །ཧི་ནི་སྤྲུལ་སྐུ་རིག་པའི་ཁམས་ཉིད། །མི་གཙང་སྐྱོན་རྣམས་འཇོམས་པར་མཛད་མ། །ཀུན་སྐྱོབ་གཟི་བརྗིད་ཆེ་བའི་ལྷ་མོ། །དག་པ་གསུམ་ལྡན་ཡུམ་ལ་ཕྱག་འཚལ། །མོ་ནི་གཡོ་མེད་ངོ་བོ་ཉིད་སྐུ། །འཆི་བའི་འཇིགས་ལ་ཚེ་མཆོག་སྦྱིན་མ། །ཀུན་རིག་མཚམས་སྦྱོར་ཐུགས་རྗེའི་ཐབས་མཁས། །མངོན་སུམ་སྣང་མཛད་ཡུམ་ལ་ཕྱག་འཚལ། །ཧ་ནི་ངོ་བོ་ཉིད་སྐུ་ཆེ་བ། །གཟའ་སྐར་སྡེ་བརྒྱད་མ་ལུས་འདུལ་མ། །ཀུན་འདུལ་མ་བྱོན་སངས་རྒྱས་སྐྱེད་བྱེད། །གནས་གསུམ་དག་པའི་ཡུམ་ལ་ཕྱག་འཚལ། །ཨེ་ནི་ཞེ་རྒྱས་དབང་དྲག་རྩ་བ། །ཕྲིན་ལས་རྣམ་བཞི་དགྱེས་མཛད་ཉིད་མ། །ལྷ་སྨན་འཁྲའ་འགྲོ་མ་མོའི་ཚོགས་བཅས། །སྟོབས་བཞི་ལྷུན་གྲུབ་ཡུམ་ལ་ཕྱག་འཚལ། །མ་ཞེས་བླ་མེད་སྲིད་པའི་བྱམས་ཆེན། །ཡེ་ཤེས་བཀྲ་ཤིས་སྣ་ཚོགས་སྟོན་མ། །རྣམ་དག་པདྨ་གཡུང་དྲུང་ཀློང་གི །སྡེ་བཞི་རྒྱས་མཛད་ཡུམ་ལ་ཕྱག་འཚལ། །ཧོ་ལས་ཕྱི་ནང་གསང་བ་ཡང་གསང༌། །མངོན་རྟོགས་ཐབས་དང་གནས་དག་ལམ་འབྱེད། །བཅུ་དྲུག་ལམ་འབྱེད་མངོན་ཞུགས་ཆེན་མོ། །སྒོ་བཞི་སྲུང་མཛད་ཡུམ་ལ་ཕྱག་འཚལ། །མ་ཆེན་བྱམས་ཆེན་བརྒྱ་དང་རྩ་བརྒྱད། །འབུམ་དང་ལུང་དང་རིག་པའི་གནས་མ། །མདོ་སྡེའི་མངའ་བདག་རྒྱུད་ཀྱི་དབང་འབུམ། །མཛོད་དོན་མཆོག་བཞིའི་ཡུམ་ལ་ཕྱག་འཚལ། །ཡེ་ནི་བྱམས་ཆེན་སུམ་བརྒྱ་དྲུག་ཅུ། །ཁམས་དང་གནས་དང་རིག་པའི་ཡུལ་ལ། །ལྟོས་མཛད་འགྲོ་བའི་དོན་དུ་བཞེངས་མ། །ཡུལ་བཞི་སངས་རྒྱས་ཡུམ་ལ་ཕྱག་འཚལ། །རུ་ནི་བྱམས་སྲས་ལྔ་སྟོང་ལྔ་བརྒྱ། །ཡེ་གཤེན་གཡུང་དྲུང་སེམས་དཔའི་ཡུམ་མ། །གནམ་ས་སྲིད་པའི་བོན་གཤེན་རྔ་ཐོགས། །མུ་བཞི་སྲས་བསྐྱེད་ཡུམ་ལ་ཕྱག་འཚལ། །བ་ནི་བྱམས་ཕྲན་འབུམ་ཕྲག་མཐའ་ཡས། །ལྷ་མོ་སྨན་མོ་མཁའ་འགྲོ་མ་མོ། །སྣ་ཚོགས་སྤྲུལ་སྐུ་འགྲོ་དོན་མངོན་ཞུགས། །ཚོགས་བཞི་དཔག་མེད་ཡུམ་ལ་ཕྱག་འཚལ། །ཡེ་ནི་རྒྱས་པ་རྒྱ་ཆེའི་ཡུམ་རྣམས། །ཐུགས་ཀྱི་ཡང་སྙིང་བྱམས་མར་འདུས་མ། །རྩ་བའི་སྔགས་བསྟོད་འདི་ཡིས་འགྲུབ་མ། །གསང་གསུམ་མཛོད་འཛིན་ཡུམ་ལ་ཕྱག་འཚལ། །ཏ་ནི་འཇིག་རྟེན་གསུམ་གྱི་དཔལ་མགོན། །ལྷ་ཀླུ་གནོད་སྦྱིན་ཕྱོགས་སྐྱོང་འདུལ་མ། །སྡེ་བརྒྱད་ཀུན་ལ་མངའ་མཛད་ཆེན་མོ། །འགྲོ་དྲུག་སྒྲོལ་མཛད་ཡུམ་ལ་ཕྱག་འཚལ། །འདུ་འདུ་འཁོར་འདས་གཉིས་ལ་གནས་ཀྱི། །ས་བཅུའི་སེམས་དཔའ་རྣམས་ཀྱིས་བསྟོད་མ། །སངས་རྒྱས་མ་ལུས་ཀུན་གྱི་ཡུམ་གཅིག །ས་གསུམ་འདུལ་མཛད་ཡུམ་ལ་ཕྱག་འཚལ། །སྭཱ་ཡི་ཡི་གེ་རྫོགས་པའི་བར་དེར། །ཀུན་གསལ་འབུམ་ལྔ་ཁམས་བརྒྱད་བྱམས་མ། །ཤེས་དང་ཤེས་བྱ་མ་ལུས་ཉིད་དོན། །མཐའ་གསུམ་བྲལ་གྱུར་ཡུམ་ལ་ཕྱག་འཚལ། །ཧཱ་ནི་མདོ་ཡི་སངས་རྒྱས་ཡུམ་སྟེ། །བདེ་བར་གཤེགས་པ་བླ་ན་མེད་པ། །ཡང་དག་མངོན་པར་རྫོགས་པའི་སངས་རྒྱས། །བྱམས་མ་ཆེན་མོ་ཡུམ་ལ་ཕྱག་འཚལ་ལོ། །ཨཱོྃ་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་མ་ཡེ་རུ་པ་ཡེ་ཏ་འདུ་འདུ་སྭཱ་ཧཱ། ༧ །སྔགས་ཀྱི་རྒྱལ་པོ་ཉི་ཤུ་རྩ་གཅིག །བོན་གྱི་རྒྱལ་པོ་བྱམས་མའི་བསྟོད་པ། །ལུང་གི་རྒྱལ་པོ་ཀུན་གསལ་ཆེན་མོ། །བཀའ་ཡི་རྒྱལ་པོ་སྟོན་པས་གསུངས་པ། །ཉེར་གཅིག་ལེའུ་འཁོར་འདས་མ་ལུས། །མཚན་བརྗོད་ཐམས་ཅད་ཚང་བ་ཉིད་དོ། །འདི་བཀླགས་བོན་རྣམས་རྫོགས་པར་འགྱུར་ཏེ། །ཕན་ཡོན་བསམ་མཐའ་ཡས་པ་འཐོབ་བོ། །རྩ་བའི་སྔགས་ཀྱི་བསྟོད་པ་ཉི་ཤུ་རྩ་གཅིག །སྟོན་པས་གསུངས་པ་ལ་མངོན་པར་བསྟོད་དོ། །

   བྱམས་མའི་སྔགས་བསྟོད་འདི་ནི་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་ཀྱིས་ཡེ་གཤེན་གཡུང་དྲུང་སེམས་དཔའ་རྣམས་ལ་གསུངས། དེ་ནས་རིག་འཛིན་སེམས་དཔའ་རྣམས་ལ་རིམ་པར་བརྒྱུད་ནས། རྒྱལ་བོ་གྲི་གུམ་གྱི་རིང་ལ་གཏེར་དུ་གཤེགས། ཕྱིས་ཕྱྭ་གསས་ཀེང་ཙེ་ལན་མེད་ཀྱིས་ལུང་བསྟན་ནས། རྗེ་བཙུན་ཁྲོ་ཚང་འབྲུག་ལྷས་ཟར་གྱི་སྟག་སྣ་ནས་སྤྱན་དྲངས་ཏེ་ཉལ་སྟོན་གཞོན་རྩེ་ལ་གནང་ནས་རིམ་པར་བརྒྱུད་པའོ། །

  ༧ སྐུ་ལྔ་སྐྱོབ་པ་མ་བརྒྱད་དང༌། །བཅུ་དྲུག་སོ་གཉིས་ལྔ་བཅུའི་ཚོགས། །སྐྱེ་རྒ་ན་འཆི་འདུལ་མཛད་སོགས། །བྱམས་ཆེན་རྒྱལ་བ་སྲས་བཅས་ཀྱིས། །དགྲ་དང་བྱད་དང་རིགས་དང་ཀླུ། །མུ་སྟེགས་སྐྱོན་སྒྲིབ་ཚེ་སྲོག་གཟའ། །འཇིགས་པ་བརྒྱད་ལས་སྐྱོབ་པ་དང༌། །དཔལ་དང་འབྱོར་བའི་དངོས་གྲུབ་སྩོལ། །རྫོགས་སངས་རྒྱས་པར་མཛད་དུ་གསོལ། །ཐམས་ཅད་བསྟོད་པའི་རྒྱལ་པོ་འདི་བརྗོད་པས། །ཤེས་རབ་བྱམས་མ་ཡུམ་གྱི་དབྱིངས་ཉིད་དུ། །སྤྲོས་བྲལ་བདེ་ཆེན་བོན་སྐུར་སངས་རྒྱས་ཤོག །རྒྱལ་ཡུམ་བྱམས་མ་ཁྱེད་སྐུ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབས་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང༌། །བོན་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག