ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> རྒྱལ་རབས་ལོ་རྒྱུས། >> ༣༽བོད་ཀྱི་ལོ་རྒྱུས་གསར་དུ་བརྗེ་བའི་གཞུང་དངོས་བཞུགས་སོ།།
༣༽བོད་ཀྱི་ལོ་རྒྱུས་གསར་དུ་བརྗེ་བའི་གཞུང་དངོས་བཞུགས་སོ།།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བན་ཤུལ་དཔལ་མཁར་རྒྱལ།] [ཟླ་ཚེས། 12-04-18] [ཀློག་གྲངས། ]

དྲི་བ་དྲིས་ལན་གྱི་སྐོར།
བོད་མིའི་དད་པའི་སྐོར་གྱི་དྲིས་ལན།
ཨམ་སྐད་ཀྱི་ངག་དྲི།

ང་ལ་དྲི་བ་ཞིག་འདྲི་རྒྱུ་ཡོད། སྤྱིར་ཡིན་ན་ད་དེ་རིང་ཞིབ་འཇུག་སློབ་མས་འཆད་ཁྲིད་གནང་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་ལ་དྲི་བ་གཉིས་ཡོད། གཅིག་ནི་དད་པའི་སྐོར་དང་གཅིག་ནི་ཆོས་སྲིད་ཟུང་འབྲེལ་གྱི་སྐོར་ནས་ཡིན། ཁྱོད་ཀྱིས་སྔོན་ནས་དད་པ་ནི་རིག་གནས་ཀྱི་སྙིང་སྟོབས་ཤིག་གམ་རིག་གནས་ཤིག་རེད་ཅེས་བཤད་བྱུང་། གང་ལྟར་ཡང་རྒྱའི་བཤད་པ་ལྟར་གནས་པའི་རིན་ཐང་(存在价值)ཤིག་ཡོད་པ་རེད། ཡིན་ནའང་ད་ལྟའི་རིག་གནས་གང་དང་གང་ཡིན་ཀྱང་འཚོ་བ་དངོས་ལ་ཁ་གཏད་དགོས་པ་རེད། རེད་ལ། འཚོ་བ་དངོས་ལ་ཁ་གཏད་དགོས་ན་བོད་ཀྱི་དད་པ་དེ་ཇི་འདྲ་ཞིག་གི་ཚད་ན་ཡོད་པ་རེད། ཁྱོད་ཀྱིས་བཤད་པ་ལྟར་བར་སྐོར་དང་སེ་ར་འབྲས་སྤུངས་སོགས་ན་ཉི་མ་སུམ་བརྒྱ་དྲུག་ཅུར་ཕྱག་འཚལ་མཁན་མང་པོ་ཡོད་པ་རེད། དེ་ངས་མི་འགྲིག་གི་ཟེར་གི་མེད། ཡིན་ནའང་འཚོ་བ་དངོས་དང་མི་རིགས་རང་གི་སྤྱི་ཚོགས་ལ་ཁ་གཏད་པའི་ཆ་ནས་བཤད་ན་དད་པ་དེ་ནི་གཞན་བརྟེན་གྱི་དད་པ་ཞིག་རེད་དམ། བོད་ཀྱི་དད་པ་ནི་ངས་ཁྱེད་ལ་ཕྱག་ཞིག་འཚལ་ན་ཁྱེད་ཀྱིས་ང་ལ་ཅིག་གནང་རོགས་ཞེས་པ་དེ་ཙམ་ཨེ་རེད།

དེ་ནི་དྲི་བ་ཨང་དང་པོ་དེ་ཡིན།

   དྲིས་ལན། རེད་དང་རེད། སྟོད་མངའ་རིས་ནས་སྨད་མདོ་ཁམས་ཀྱི་ཡུལ་གྲུ་སོ་སོར་གནས་པའི་བོད་མིའི་བསམ་བློ་གཅིག་གྱུར་གྱི་སྟོབས་ཤུགས་སམ་དེའི་སྙིང་པོར་གྱུར་བའི་དད་པ་དེ་ནི་ནམ་ཡང་རིག་གནས་ཤིག་རེད་ཅེས་བཤད་རྒྱུ་ཡིན། ཁྱེད་ཀྱི་དྲི་བ་འདིའི་ཡོང་ཕྱོགས་ལ་བལྟས་ན་བོད་མིའི་དད་པ་ནི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལ་ཁ་གཏད་མེད་པའམ་ཡོད་ཚད་གཞན་ཁོ་ནར་བརྟེན་པའི་སྤྱོད་སྟངས་ཤིག་ཡིན་པར་བཤད་ཀྱི་ཡོད་པ་འདྲ། དེ་འདྲའི་ཕྱོགས་རེ་བའི་གནས་ཚུལ་ཁ་ཤས་ཀྱང་ཡང་ཡོང་སྲིད་ཀྱི་རེད། ཡིན་ནའང་བོད་མིའི་དད་པ་རྣམ་པ་ཐམས་ཅད་དུ་དེ་འདྲ་ཡིན་སྲིད་ཀྱི་རེད་ཅེས་ཐག་གཅོད་བྱེད་མི་ནུས་པས་ཅིས་བརྟགས་རྒྱུ་གལ་ཆེན་པོ་རེད། དེང་སྐབས་སུ་བོད་ཀྱི་ན་གཞོན་མང་པོ་ཞིག་གིས་མི་རིགས་ཀྱི་ཤ་ཞེན་དང་རིག་གཞུང་ཞིབ་འཇུག་གི་དབང་གིས་དད་པ་འདོར་བཞིན་ཡོད་ལ་སངས་རྒྱས་ཆོས་ལུགས་ལ་རྩ་བ་ཉིད་ནས་དགའ་མོས་མེད་པར་དད་པ་འདོར་བཞིན་ཡོད་པ་བཅས་ཁག་གཉིས་ཡོད། འདི་གཉིས་ལ་ཁྱད་པར་ཆེན་པོ་ཡོད། སྔ་མ་ཡིན་ན་དམིགས་བསལ་རེད་བསམ་ཡོང་། ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཧྭ་ཤང་གི་ལྟ་བ་འཁོད་པའི་ལྒིགས་བམ་མེ་ལ་བཏང་བ་དང་དུས་འགྱུར་གྱི་ནང་དུ་སངས་རྒྱས་ཆོས་ལུགས་ཀྱི་ལྒིགས་བམ་མེ་ལ་བཏང་བ་གཉིས་ལ་ཁྱད་པར་ཕྱེ་དགོས་རྒྱུ་རེད་བསམ་སོང་། གང་ལྟར་དད་པ་ཡོད་མེད་ལ་མ་ལྟོས་པར་ང་ཚོས་སངས་རྒྱས་ཆོས་ལུགས་ཁྲོད་བཤད་པའི་དད་པའི་མཚན་ཉིད་དང་རབ་དབྱེ་སོགས་འཁོར་སེམས་བྱུང་ཁྲོད་དུ་ཡོད་པའི་དད་པའི་སྐོར་དེ་ལ་རྒྱུས་ལོན་ཡག་པོ་ཞིག་བྱེད་དགོས། དེ་འདྲ་ནང་བཞིན་དད་པ་ལྡན་པའི་བོད་མིའང་མང་པོ་ཡོད་པ་རེད། བོད་མིའི་དད་པའང་སངས་རྒྱས་ཆོས་ལུགས་ཀྱི་དད་པའི་རིག་གནས་དེ་ལས་ཐོན་པའི་སྣང་ཚུལ་ཞིག་རེད། དེ་འདྲ་ཡིན་ཙང་ང་ཚོས་བོད་མིའི་དད་པ་དེ་རྫུན་མ་ཞིག་དང་གཞན་བརྟེན་གྱི་བསམ་བློ་ཞིག་ཡིན་མིན་དེ་ཐག་བཅད་ནས་བཤད་མི་ཐུབ། ང་ཚོས་མིའི་ནང་སེམས་ལ་དྲན་པའི་ཚོར་སྣང་དེ་གཟུགས་ཅན་མེ་ལོང་ལ་བལྟས་པ་བཞིན་གསལ་སེང་ངེར་རྟོགས་མི་ཐུབ་པ་ཞིག་རེད། བོད་མིའི་དད་པ་གཞན་རྟེན་ཡིན་མིན་ནི་དད་པ་བྱེད་མཁན་དེའི་ངོས་ནས་དད་པ་བྱེད་དགོས་པའི་དམིགས་ཡུལ་དང་དད་དགོས་པའི་རྒྱུ་མཚན་སོགས་ལ་མ་དཔྱད་པར་འོལ་ཚོད་ཀྱིས་གཞན་བརྟེན་གྱི་དད་པ་ཞིག་རེད་ཅེས་བཤད་མི་འོས་ལ་དེ་ལྟར་བཤད་ན་དེ་ནི་ཤིན་ཏུ་མ་བརྟགས་པའི་སྐད་ཆ་ཞིག་རེད། ངས་བལྟས་ན་གོང་ནས་བཤད་པ་བཞིན་དད་པ་ནི་རིག་གནས་ཤིག་ཡིན་པ་མ་ཟད་དད་པ་བྱེད་མཁན་དེ་དག་ནི་རིག་གནས་དེ་ཉམས་ལེན་དང་དེར་སློབ་སྦྱོང་བྱེད་མཁན་ཁོ་ན་རེད། ང་ཚོས་དད་པ་བྱེད་པ་ནི་ཕྱག་འཚལ་བའི་སྤྱོད་སྟངས་ཁོ་ནའི་སྟེང་ནས་འཇོག་མི་ཐུབ་པ་ཞིག་རེད་ལ་དད་པ་བྱེད་པ་ནི་ང་ལ་དངོས་གྲུབ་དང་མགོན་སྐྱབས་ཞིག་གནང་རོགས་ཞེས་པའི་སྤྱོད་སྟངས་དེ་ཙམ་ཡང་མ་རེད། ཡང་སྙིང་བོད་མིའི་དད་པ་དེ་ནི་ཡིད་ཆེས་ཀྱི་རྣམ་པ་ཚད་མཐོ་བ་ཞིག་དང་ཞེན་རིག་གི་ཉིང་བཅུད་ཁོ་ན་ཞིག་རེད། དེས་མིའི་རིགས་ཀྱི་སྤྱི་ཚོགས་དང་བསམ་བློའི་སྟེང་ལ་ཕན་ཐོགས་ཆེན་པོ་བྱུང་བཞིན་ཡོད། ང་ཚོས་བོད་མིའི་དད་པའི་གནས་ཚུལ་ལ་བལྟ་དུས་ཡིག་རྨོངས་པ་རྒན་རྒོན་གྱི་དད་པ་བྱེད་སྟངས་ཁོ་ན་ཙམ་ལ་བལྟས་ནས་བོད་མིའི་དད་པ་ག་ཡིན་འདི་ཡིན་ཞེས་ཚིག་ཐག་བཅད་ནས་བཤད་མི་ཐུབ། བོད་མིའི་དད་པ་ནི་གང་ཟག་གམ་མིའི་བློ་རབ་འབྲིང་ཐ་གསུམ་ལྟར་དད་པའི་ཚད་གཞིའང་མཐོ་དམན་རབ་དང་རིམ་པ་ཡོད་ལ་དེ་ཡོད་ཚད་ཀྱང་ཉལ་ཐ་ཙམ་གྱི་སྣང་ཚུལ་དུ་བཞག་ན་ཧ་ཅང་མི་འོས་པ་ཞིག་རེད་ལ་དངོས་ཡོད་འཚོ་བ་དང་བར་ཐག་ཆེན་པོ་ཡོད་ཅེས་བཤད་ནའང་ཧ་ཅང་མ་དཔྱད་པའི་ལྟ་ཚུལ་ཕྱོགས་རེ་བ་ཙམ་དུ་འགྱུར་བ་རེད།《མིའི་རིགས་ཀྱི་འཚོ་གནས་མཚན་ཉིད་རིག་པ》[114]ཞེས་པའི་དེབ་གཞིའི་ནང་དུ་དད་པ་ནི་མིའི་སེམས་ནང་གི་ཆེས་མཐོ་བའི་ཞེན་རིག་གམ་དགའ་ཞེན་རེད་ཅེས་བཤད་ཡོད། འདི་ནི་དངོས་སྨྲས་དད་པ་ལ་གོ་བ་ལེན་ཚུལ་རེད། ང་ཚོ་ན་གཞོན་གསར་བཤད་ལ་གོམས་པ་མང་པོས་སྤྱི་ཚོགས་འཚོ་བ་དངོས་ཟེར་བ་ཡང་སྙིང་གང་ཞིག་ལ་ངོས་འཛིན་པ་མི་ཤེས་མོད་ངས་བལྟས་ན་མིའི་རིགས་ཀྱི་ཁ་ཐོག་ལག་ཐོག་གི་འཚོ་བ་ནི་སྤྱི་ཚོགས་འཚོ་བ་དངོས་རེད་འདོད་ལ་དེར་མཐུན་ན་སྤྱི་ཚོགས་འཚོ་བ་དངོས་ལ་བསྟུན་པ་རེད་སྙམ། བོད་མིའི་དད་པའང་ཆེས་མཐོ་བའི་ཡིད་ཆེས་གཙང་མ་ཞིག་དང་དམ་བཅའ་བརྟན་པོ་ཞིག་རེད་ལ་དེས་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བར་ཕན་ཐོགས་ཆེན་པོ་བྱུང་བཞིན་ཡོད། ང་ཚོར་རྒྱུན་པར་འཁྲུག་རྩོད་དང་ཤ་འཁོན་ཡོང་བཞིན་ཡོད་པ་ནི་དད་པའི་ཡིད་ཆེས་དེའི་ནུས་པ་མེད་པའི་རྒྱུ་མཚན་གྱིས་ཡིན། འདི་ཤེས་པར་གྱིས། ང་ཚོ་བོད་མིའི་དད་པ་ནི་རྒྱུན་པར་ས་རྡོའི་བཞེངས་པའི་འབག་སྐུ་ཞིག་གི་མདུན་དུ་མགོ་བོ་ས་ལ་སྦྱར་ནས་ཕྱག་འཚལ་རྒྱུ་དེ་གཙོ་བོ་མ་ཡིན་ལ་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ནང་གི་མི་སྣ་རླབས་ཆེན་དག་དང་དེའི་མིའི་རིགས་ལ་ཕན་ཐོགས་སྒྲུབ་པའི་བྱ་བ་དེར་ཡང་དད་པ་བྱེད་བཞིན་ཡོད། དེ་ནི་ད་ལྟའི་སྐད་ཆས་བཤད་ན་རྒྱབ་སྐྱོར་གྱི་བསམ་བློ་ཞིག་དང་དེ་ལ་ཡི་རངས་དགའ་མགུ་བྱས་པའི་སྤྱོད་སྟངས་ཤིག་རེད། དེ་ཡག་པོ་མ་རེད་དམ། ངས་བལྟས་ན་བོད་མིའི་དད་པ་ཡོད་ཚད་རང་ཁོ་ནའི་ཆེད་དུ་གཞན་ལ་བརྟེན་པའི་འདུ་ཤེས་ཙམ་མ་ཡིན་པར་དེ་ལས་བརྒལ་པའི་རིག་གནས་ཀྱི་སྙིང་སྟོབས་ཤིག་མཚོན་གྱི་ཡོད་པ་རེད། ད་ལྟ་ནུབ་ཕྱོགས་ཀྱི་མི་མང་ཆེ་བས་དད་པ་མེད་པའི་མི་རྣམས་ནི་འཇིགས་སྐུལ་རིང་ལུགས་པ་རེད་ཅེས་བཤད་ཀྱི་ཡོད། གང་ལྟར་དད་པ་ངོ་མ་དེས་ང་ཚོའི་འཚོ་བར་ཕན་ཐོགས་པ་མ་ཟད་དད་པ་ངོ་མ་དང་རྨོངས་དད་ཀྱི་ཁྱད་པར་ལ་དབྱེ་ཞིབ་གནང་དགོས། རྨོངས་དད་ནི་དད་པ་རྫུན་མའི་རིགས་ཡིན་པས་དེའི་སྐོར་གྱི་དད་པ་ནི་དོར་བྱ་ཉག་གཅིག་ཡིན་ལ་རྨོངས་དད་དེས་ང་ཚོའི་དད་པ་ངོ་མའི་རིན་ཐང་དང་བེད་སྤྱོད་ལ་ཞབས་འདྲེན་བྱེད་བཞིན་ཡོད། མདོ་ལས་དད་པ་མེད་པའི་མི་རྣམས་ལ་དཀར་པོ་ཆོས་ནི་མི་འབྱུང་ཞེས་གསུངས་ཡོད་པ་རེད། འདི་ཁས་ལེན་མི་ལེན་མི་ཤེས་མོད་སྐབས་འདིར་དཀར་པོ་ཆོས་ཞེས་བྱ་བ་ནི་སངས་རྒྱས་ཆོས་ལུགས་ཁོ་ནར་གོ་བ་མིན། མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བ་དངོས་ཀྱི་བྱ་བ་ཡ་རབས་དང་སྤྱོད་སྟངས་ཡག་པོ་ཅན་རྣམས་ལ་ཟེར་བ་ཡིན། དེ་ལྟ་བུ་འབྱུང་དགོས་ན་སྔོན་ལ་དད་པའི་ཆ་རྐྱེན་དེ་འགྲོ་དགོས་ཞེས་གསུངས་པ་ཡིན། གང་ལྟར་འདིའི་སྐོར་ནས་ཞུ་རྒྱུ་མང་མོད་བོད་མིའི་དད་པའི་སྐོར་ནས་དེ་ཙམ་གྱིས་ཆོག་པར་བྱོས་ལ་སྐབས་བྱུང་ན་རྗེས་མར་ཐུག་འཕྲད་བྱས་ནས་དེའི་སྐོར་མུ་མཐུད་ནས་བགྲོ་ལྒིང་བྱས་ཆོག་གི་ཡིན། དངོས་ནས་རྫུན་གཏམ་དང་ཨུ་ཚུགས་མཁྲེག་པོ་མ་ཡིན་པར་རྒྱུ་མཚན་སྣ་ཁ་རེ་གཉིས་འདྲེན་རྒྱུ་ཡོད་ན་ཡི་གེ་ལམ་ནས་ལྟ་ཚུལ་བགྲོ་ལྒིང་བྱས་ཀྱང་ཆོག་པ་ཡིན།(ཉན་མཁན་གྱི་ཐལ་མོ་རྡེབ་སྒྲ)

ཆོས་སྲིད་ཟུང་འབྲེལ་སྐོར་གྱི་དྲིས་ལན།
ཨམ་སྐད་ཀྱི་ངག་དྲི།

   ཁྱེད་ཀྱིས་བཤད་པའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་མཐའ་མཚམས་དེ་ཧྥེ་ཨར་པ་ཧི་ཡི་ཆོས་སྲིད་ཟུང་འབྲེལ་གྱི་སྟེང་ནས་བཤད་གི་ཡོད་པ་རེད། ཧྥེ་ཨར་པ་ཧི་ཡི་ཆོས་སྲིད་ཟུང་འབྲེལ་གྱི་ལྟ་ཚུལ་དེ་དཔེ་ཆའི་སྟེང་ནས་ཡོ་རོབ་གླིང་གི་དུས་རབས་དཀྱིལ་མའི་སྤྱི་ཚོགས་ལས་ཐོན་ཞིང་དེ་ནི་ཆོས་དང་སྲིད་ཀྱི་གནས་ཚུལ་ཤ་སྟག་རེད། དོན་ངོ་མར་དེ་ནི་སྲིད་ཀྱི་འཇིག་རྟེན་རེད་མ་གཏོགས་ཆོས་ཀྱི་འཇིག་རྟེན་གཙོ་མི་ཆེ་བ་རེད། བོད་ལ་ཁྲི་སྲོང་ལྡེ་བཙན་གྱི་ཡན་ཆོད་ནས་བཟུང་སྲིད་ཀྱི་འཇིག་རྟེན་ཡིན་པ་མ་གཏོགས་ཆོས་ཀྱི་འཇིག་རྟེན་མིན་ལ་དེའི་སྟེང་ནས་ང་འཐད་པ་མིན། ཧྥེ་ཨར་པ་ཧི་སོགས་ཀྱི་ལྟ་བ་དེ་ངས་གོ་བ་ལེན་སྟངས་ཡིན་ན་གནའ་དེང་མའི་ཀེ་རི་སི་སོགས་ཀྱི་སྤྱི་ཚོགས་ཀྱི་ཆོས་སྲིད་ལྟ་ཚུལ་ཡིན་པར་འདོད་པ་དེ་ཡིན་པས་བོད་ཀྱི(འདིའི་མན་སྒྲ་ཕབ་ལས་མ་གསལ)
   དྲིས་ལན། ངས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལྟ་ཚུལ་དེ་ཉིད་ཧྥེ་ཨར་པ་ཧི་སོགས་ཀྱི་ལྟ་བར་ཁུངས་བཅོལ་ནས་ཞུས་མེད་ལ་དེ་ནི་ཉན་པ་པོས་ཉན་མ་ཤེས་པའམ་རིགས་པས་འཆུན་མ་ཐུབ་པའི་སྐྱོན་ཆ་ཁོ་ན་ཞིག་རེད། གང་ལྟར་གནའ་བོའི་སྤྱི་ཚོགས་ཀྱི་འགྲོ་སྟངས་རྣམས་ནི་གླིང་མི་གཅིག་ཀྱང་ཕན་ཚུན་འདྲ་བའི་ཆ་ཤིན་ཏུ་མང་པོ་ཡོད་པ་རེད། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ནི་བོད་ཀྱི་སྲིད་དབང་གི་སྒྲིག་འཛུག་དང་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་བལྟས་ནས་བཤད་རྒྱུ་ཞིག་རེད་མ་གཏོགས་མི་རིགས་གཞན་གྱི་ཆོས་སྲིད་ཟུང་འབྲེལ་ལྟ་ཚུལ་སྐོར་གྱི་སྤྱི་འགྲོས་ནང་དུ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལྟ་ཚུལ་བསྡུས་ན་ནོར་འཁྲུལ་ཚབས་ཆེན་འབྱུང་ངེས་པ་ཡིན། འདིའི་སྟེང་ནས་དཔྱད་ན་ཕྲན་ནས་ཨ་ལགས་དུང་དཀར་རིན་པོ་ཆེ་ཡི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལྟ་བའི་སྐོར་ལ་ངེས་ཤེས་གསལ་བོ་འདྲོངས་མི་ཐུབ་ཀྱང་ཁོང་གི་《གྲུབ་མཐའི་སྐོར་གྱི་རྣམ་བཤད་》[115]ལས་ལོ་རྒྱུས་ཐོག་སྲིད་དབང་དང་དམག་དཔུང་། ཁྲིམས་ཁང་སོགས་ཀྱིས་མིའི་བསམ་བློར་དབང་བསྒྱུར་བྱེད་མི་ཐུབ་སྟབས་སྲིད་དབང་བཟུང་མཁན་ཏེ་དབང་བསྒྱུར་གྲལ་རིམ་ཚང་མས་མིའི་བསམ་བློར་དབང་བསྒྱུར་བྱེད་ཆེད་ཆོས་ལུགས་བེད་སྤྱོད་བཏང་བ་དང་། ཆོས་བྱེད་མཁན་གྱི་འཚོ་བ་དེ་སྲིད་ལ་བརྟེན་དགོས་པར་བརྟེན་སྣང་ཚུལ་དེའི་ཐོག་ནས་བལྟས་ན་ཆོས་ལུགས་ཀྱིས་དུས་སྐབས་སོ་སོའི་སྲིད་དབང་ལ་ཞབས་འདེགས་མ་ཞུ་ཀ་མེད་ཐུག་ཡོད་ཅེས་ཁོང་གིས་བོད་རང་གི་ཐུན་མོང་མ་ཡིན་པའི་ཆོས་སྲིད་ཟུང་འབྲེལ་བྱེད་སྟངས་ཀྱི་ལྟ་བ་དམིགས་བསལ་ཅན་འདོན་གནང་མཛད་ཡོད་པ་འདི་ཉིད་ཚད་མར་འཛིན་འོས་ལ་དོན་ངོ་མར་ཡང་དག་པའི་ཆབ་སྲིད་ནི་འཇིག་རྟེན་འདིའི་ཆབ་འབངས་སྐྱོང་བྱེད་ཀྱི་ཐབས་ལམ་དང་སྲིད་བྱུས་ཤིག་ལ་གོ་དགོས་པ་དང་དེའི་དམིགས་ཡུལ་ནི་ངེས་པར་དུ་མི་དམངས་ལ་བདེ་ཐབས་བསྐྲུན་རྒྱུ་དང་ཡར་རྒྱས་གཏོང་རྒྱུ་དེ་ཡིན། དེར་བརྟེན་ཆབ་སྲིད་ཀྱི་ལས་ཀའང་ཡང་དག་པའི་ཆོས་ལུགས་ལ་མི་འདྲེས་རང་འདྲེས་དང་མི་བརྟེན་རང་བརྟེན་དུ་སོང་ཡོད་སྟབས་ཆོས་ལུགས་ཀྱིས་ཆབ་སྲིད་ལ་རམ་འདེགས་ཞུ་བ་དང་ཆབ་སྲིད་ཀྱིས་ཆོས་ལུགས་ལ་རམ་འདེགས་ཞུ་བ་དེ་ནི་ཧ་ཅང་མི་སྲིད་པ་ཞིག་རྩ་བ་ནས་མ་རེད། ཆབ་སྲིད་ཀྱི་ངོ་བོ་སྡུག་ཅག་ཏུ་གཏོང་མཁན་ནི་ཆབ་སྲིད་པ་དང་ཆོས་ལུགས་ཀྱི་ངོ་བོ་སྡུག་ཅག་ཏུ་གཏོང་མཁན་ནི་ཆོས་ལུགས་པ་ཡིན་པ་ལས་དེ་གཉིས་ཀྱི་རང་སྟེང་ན་འདི་འདིའོ་ཞེས་ཐག་གཅོད་བྱ་བ་ཞིག་ནམ་ཡང་མེད་ལ་དེ་དག་གི་ངོ་བོའི་དགེ་སྐྱོན་ནི་དེ་གཉིས་ལག་ཆར་སྤྱད་ནས་བྱ་བ་སྒྲུབ་མཁན་གྱི་འདོད་མོས་ལ་རགས་ལས་པ་ཞིག་རེད་བསམ་ཡོད། དེར་བརྟེན་ཡང་དག་པའི་ཆབ་སྲིད་པ་དང་ཡང་དག་པའི་ཆོས་ལུགས་པའི་འདོད་ཚུལ་ནི་ཕལ་ཆེར་མ་བགྲོས་གཅིག་མཐུན་དུ་འགྲོ་སྲིད་ཀྱང་སྐབས་ཁ་ཤས་སུ་ཁང་ཁྲི་ཡིས་བཤད་པ་ལྟར་ཆབ་སྲིད་པ་མང་ཆེ་ཤོས་ནི་སེམས་རྒྱུད་དོགས་པ། ཧམ་སེམས་ཆེ་བ། གཡོ་སྒྱུ་མང་བ། བདག་འཛིན་ཆེ་བར་བཤད་པ་ནི་ཆབ་སྲིད་ཀྱི་གཞུང་ལུགས་རང་སྟེང་ལ་འབྲེལ་བ་དེ་ཙམ་ཆེན་པོ་མེད་ཀྱང་ཆབ་སྲིད་པའི་སྒེར་ངོས་ཀྱི་འདོད་མོས་ཁོ་ན་ཙམ་གྱིས་དེ་ལྟ་བུའི་སྣང་ཚུལ་དང་ལངས་ཕྱོགས་ཐག་གཅོད་བྱས་པར་སེམས། དེ་ལྟ་བུ་ནི་ནམ་ཡང་མི་དམངས་ཀྱི་འདོད་བློ་དང་ཁྱོན་ནས་རྒྱབ་འགལ་དུ་གྱུར་པ་ཞིག་རེད། དེ་དང་འགྲོས་མཐུན་པར་ཉེ་བའི་དུས་ཀྱི་དཔྱོད་ལྡན་རྨེ་སྤྲུལ་བའི་དཔྱད་རྩོམ[116]ཞིག་ཏུ་བོད་མི་རྣམས་ཀྱི་བསམ་བློའི་འཁྱེར་སོ་དང་རིག་པའི་གཞུང་ལུགས། ཡུལ་སྲོལ་གོམས་གཤིས། ཐ་ན་ཉིན་རེའི་འཚོ་བའང་ཆོས་དང་ཁ་བྲལ་ཐབས་མེད་པ་ཞིག་ཆགས་པའི་རྒྱུ་མཚན་གྱིས་བྱ་བ་དེ་དག་ལས་ལོགས་ཤིག་ཏུ་རང་རྐྱ་བའི་ཚུལ་གྱིས་སྒྲུབ་ཐབས་མེད་པའི་ཕྱིར་ཆོས་སྲིད་ཟུང་འབྲེལ་ཞེས་པ་དེ་བྱུང་བ་རེད་ཅེས་པའི་ལྟ་ཚུལ་དེར་ཤིན་ཏུ་འཐད་ཅིང་ཁ་ཅིག་ནས་ཁྲི་སྲོང་ལྡེ་བཙན་གྱི་གོང་ནས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལྟ་ཚུལ་མེད་པར་འདོད་པ་ནི་ཧ་ཅང་མ་བརྟག་པའི་སྐད་ཆ་ཙམ་ཡིན་སྟེ་ཉག་ཁྲིའི་རིང་གི་དོགས་དྲུག་དང་སྲོང་བཙན་སྒམ་པོའི་ཁྲིམས་ཀྱི་ནང་དུ་དགེ་བ་བཅུའི་ཁྲིམས་ཡོད་པའི་སྐོར་ལའང་དཔྱད་མ་ཤེས་པ་ཙམ་རེད་ལ་《ལོ་རྒྱུས་ཀྱི་མཚན་ཉིད་རིག་པ》[117]ཞེས་པའི་དེབ་དེར་བླ་མ་རྣམས་ཀྱི་ཆབ་སྲིད་བཀོད་འདོམས་ནི་ལྒིང་རིན་མེད་པ་ཞིག་སྟེ་བློན་ཆེན་པོ་ཞིག་གིས་སྲིད་ཀྱི་བཀོད་འདོམས་གཙོ་བོར་གཉེར་ཞིང་བླ་མར་ཡར་ཞུ་བརྒྱུད་རྗེས་དོན་རྐྱེན་རྣམས་ཐག་གིས་གཅོད་ཅིང་དེ་ནི་ཤིན་ཏུ་སྟབས་བདེ་ལ་ཁོད་ཡངས་པ་ཞིག་རེད་ཅེས་བཀོད་པ་ནི་ཕལ་ཆེར་དགའ་ལྡན་སྲིད་དབང་ལྟ་བུའི་དུས་སྐབས་ཀྱི་ཆབ་སྲིད་གནས་ཚུལ་ལ་གཞིགས་ནས་བཤད་པ་ཞིག་གམ་ཡང་ན་རང་བཟོས་ཙམ་ལས་དཔྱད་པའི་རིན་ཐང་ཆེར་མེད་པར་འདོད་ལ་གང་ལྟར་ངའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལྟ་ཚུལ་ནི་གོང་ནས་ཞུས་པ་དེ་རྣམས་ཡིན་ཞིང་ད་དུང་དེའི་སྐོར་ལ་དཔྱད་པའི་གཞི་ཕུན་སུམ་ཚོགས་པ་ཞིག་ཡོད་དེ་རྒྱལ་སྡེ་སྐར་ཆུང་རྡོ་རིང་ལས་བཙན་པོ་དབོན་སྲས་སྐུ་ཆུང་ངུར་བཞུགས་པ་ཡན་ཆད་དང་ཆབ་སྲིད་ཀྱི་མངའ་བདག་མཛད་པ་མན་ཆད་ཀྱང་དགེ་སློང་ལས་དགེ་བའི་བཤེས་གཉེན་བརྐོས་སྟེ་ཆོས་ཐུགས་སུ་ཆུད་ཆུད་དུ་བསླབ[118]ཅེས་པ་བཀོད་པ་ལས་སྐབས་དེར་ཆབ་སྲིད་ཀྱི་མངའ་བདག་ལ་ཆོས་སློབ་མི་དགོས་པའི་དམིགས་བསལ་ཞིག་ཡོད་པ་སོགས་བཤད་བྱ་ཧ་ཅང་མང་ཡང་དུས་ཚོད་ཀྱི་དབང་གིས་ད་ཁྱེད་ཀྱི་དྲི་བ་གཉིས་པ་དེ་ཙམ་གྱིས་ཆོག་པར་བྱོས།(ཉན་མཁན་གྱི་ཐལ་མོ་རྡེབ་སྒྲ)

ལོ་རྒྱུས་གསར་བརྗེ་སྐོར་གྱི་དྲིས་ལན།
ཨམ་སྐད་ཀྱི་ངག་དྲི།

   ད་ཐོག་མར་བན་ཤུལ་དཔལ་མཁར་རྒྱལ་ཁྱེད་ཀྱིས་འདིར་བཞུགས་ཀྱི་དགེ་སློབ་ཚང་མར་འདི་ལྟ་བུའི་འཆད་ཁྲིད་ཅིག་བྱས་སོང་། ངས་དེར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། འདི་ནི་ང་རང་བོད་ལྗོངས་སློབ་ཆེན་ནས་མི་ལོ་གསུམ་ལ་སློབ་སྦྱོང་བྱས་པའི་རིང་ལ་ཞིབ་འཇུག་སློབ་མས་འཆད་ཁྲིད་བྱས་པ་ཐེངས་དང་པོ་ཡིན་པས་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་དང་ཞིབ་འཇུག་སློབ་མའི་དབུ་འཛིན་པ་རྒན་ལྷག་པ་ཚེ་རིང་མཆོག་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་བཤད་བཤད་ནས་རི་གསུམ་རྩེར་སོང་ནས་དེད་དེད་ནས་ལུང་གསུམ་མདོར་ཐོན་ན་(ཨ་མདོའི་གཏམ་དཔེ)བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་བཤིག་འོ་མའི་མར་ལོ་(ཨ་མདོའི་གཏམ་དཔེ)བོད་ཀྱི་ལོ་རྒྱུས་ལ་གསར་བརྗེ་བྱེད་དགོས་ཞེས་པ་དེ་རེད་ལ་གཙོ་བོ་གསར་བརྗེ་ཞེས་པའི་མིང་ཚིག་དེ་གཉིས་རེད། ང་རང་གིས་ཁྱེད་ལ་འདྲི་རྒྱུ་ནི་ད་ལྟ་ཁྱེད་ཀྱིས་ང་ཚོས་བོད་ཀྱི་ལོ་རྒྱུས་སྐོར་ལ་གསར་བརྗེ་བྱེད་དགོས་ཞེས་བཤད་པ་བཞིན་ང་ཚོ་དོན་ངོ་མར་བོད་ཀྱི་ལོ་རྒྱུས་གསར་བརྗེ་བྱེད་པའི་ཚད་ཞིག་ལ་ཐོན་ཨེ་ཡོད། ད་ལྟ་ཁྱེད་རང་གིས་ལུང་རིགས་དཔེ་གསུམ་གྱི་སྟེང་ནས་བོད་ཀྱི་ལོ་རྒྱུས་ཀྱི་སྐོར་ནས་མང་པོ་བཤད་སོང་ལ་དོན་དངོས་སུ་ཁྱེད་རང་གིས་ཁ་བཤད་ཆུའི་ཝུ་བ་དང་ལག་ལེན་གསེར་གྱི་ཐིགས་པ་ཞེས་པའི་དཔེ་ལྟར་ལག་ལེན་དུ་བཀལ་ནས་འདིའི་སྐོར་ཞིག་འབྲི་འཆར་ཡོད་དམ་མེད། དེའི་སྐོར་ནས་ཁྱེད་རང་གི་ལྟ་ཚུལ་ཅུང་ཙམ་བཤད་རོགས། 
   དྲིས་ལན། རེད། ང་ཚོ་བོད་རིགས་ནི་ལོ་རྒྱུས་ལ་མཐོང་ཆེན་པོ་བྱེད་པའི་མི་རིགས་ཞིག་མིན་ཏེ་སྔོན་འདས་པའི་དུས་སུའང་ལོ་རྒྱུས་ཡི་གེར་འགོད་པའི་ལམ་སྲོལ་རྒྱ་ཆེན་པོ་བྱུང་མེད་སྟབས་འདས་པའི་བྱུང་བ་རྣམས་ལ་བརྟགས་པའི་ཚེ་ནའང་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་བཀོད་པའི་བོད་རིགས་ཀྱི་གནས་ཚུལ་ལ་ངེས་པར་དུ་བལྟ་དགོས་པ་ལྟ་བུ་ཞིག་ཆགས་བསྡད་ཡོད་པ་རེད། སྔོན་ཆད་རྒྱ་རིགས་དང་དབྱིན་ཇི་བས་བྲིས་པའི་བོད་ཀྱི་ལོ་རྒྱུས་ཙམ་ལས་ལོ་རྒྱུས་ཀྱི་ས་བོན་འཚོལ་བ་ལས་བོད་རང་ལ་སྔོན་ཆད་ཀྱི་ལོ་རྒྱུས་ཡི་གེར་འཁོད་པའི་དཔེ་ཆའི་རིགས་མཐོང་དཀོན་པོ་ཞེ་དྲག་རེད། དུས་རབས་ཕྱི་མར་བྱུང་བའི་ལོ་རྒྱུས་རྣམས་ཀྱང་ལྷ་སྒྲུང་དང་ཆགས་སྡང་གིས་བསླད་དྲགས་པས་ལོ་ཚིགས་སོགས་འདྲ་མི་འདྲའི་རྙོག་དྲ་མང་པོ་ཐོན་ཡོད་སྟབས་བཞད་གད་ཤོར་བའི་རྒྱུ་ཙམ་ལས་མ་འདས་པས་དངོས་ནས་བོད་ལ་ཚད་དང་ལྡན་པའི་ལོ་རྒྱུས་དང་ལོ་རྒྱུས་འབྲི་མཁན་ཧ་ཅང་དཀོན་པོ་རེད། དེར་བརྟེན་ངས་བོད་ཀྱི་ལོ་རྒྱུས་ཀྱི་དཔེ་ཆ་མང་པོར་བལྟས་རྗེས་ཡིད་ངོར་ཤར་ཡོང་བ་ནི་གསར་བརྗེ་ཞེས་པའི་ཡིག་འབྲུ་དེ་གཉིས་རེད། བོད་ཀྱི་ལོ་རྒྱུས་ལ་ཡུན་རིང་པོའི་ཉམས་ཞིབ་བྱས་པའི་སྤྱི་སྡོམ་ཡང་ཐ་སྙད་དེ་རེད། གསར་བརྗེ་ཞེས་བཤད་མ་ཐག་ཐ་སྙད་དེ་ནི་ལམ་སེང་རྣ་བའི་བུ་གར་ཤོངས་མི་ཐུབ་པའི་འཚེར་སྒྲ་ཆེན་པོ་ཞིག་རེད། ཡིན་ནའང་འདི་ཉིད་སོ་སོའི་རྣམ་རྟོག་གི་འཇོག་སྟངས་ཙམ་མ་གཏོགས་དོན་ལ་བོད་ཀྱི་ལོ་རྒྱུས་ཀྱི་བསྟན་བཅོས་རྣམས་ལ་གསར་བརྗེ་མི་བྱེད་རང་བྱེད་ཀྱི་ཚད་དུ་སླེབས་ཡོད་པ་རེད། དུས་རབས་བཅུ་བ་ཙམ་གྱི་རྗེས་སུ་བོད་ཀྱི་ལོ་རྒྱུས་དེ་ཉིད་སོ་སོའི་ཆོས་བརྒྱུད་དང་གྲུབ་མཐའི་ཆེ་བ་འདོན་པའི་ལག་ཆར་སྤྱད་ནས་འདས་པའི་ལོ་རྒྱུས་ཀྱི་བརྗོད་དོན་རྣམས་ལ་རང་བློའི་མཐུན་ཕྱོགས་ལྟར་བཟོ་བཅོས་བརྒྱབ་པ་དང་མ་འོངས་པའི་ལོ་རྒྱུས་ཀྱི་ཤོག་ལྷེ་ངོས་སུ་གསུབ་ཏུ་མེད་པའི་ནག་ཉེས་ཀྱི་ཐམ་ཀ་སྣ་ཚོགས་ཤིག་བརྒྱབ་ཡོད་པ་རེད། དེར་བརྟེན་ཤ་ཞེན་ཁོ་ནའི་དབང་དུ་མ་སོང་བར་དཔྱད་པའི་འདུ་ཤེས་ཡོད་མཁན་ཞིག་ཡིན་ཚེ་བོད་ཀྱི་ལོ་རྒྱུས་ཀྱི་བརྗོད་དོན་ལ་དག་སེལ་དང་གསར་བརྗེ་བྱས་ནས་སླར་ཡང་ཡང་དག་པའི་ཁ་ཕྱོགས་སུ་བསྐྱོད་རྒྱུར་ཅིས་ཀྱང་ཐེ་ཚོམ་སྐྱེས་མི་དགོས་པ་ཞིག་རེད། ཁ་ཅིག་གིས་དུངས་ཞེན་དང་དད་མོས་ཁོ་ནས་བོད་ཀྱི་ལོ་རྒྱུས་ལ་བལྟས་པའི་ཚེ་ན་ཡིད་ལ་འདྲ་མི་འདྲའི་སྣང་ཚུལ་ཤར་ཡོང་བ་ནི་བཟློག་ཏུ་མེད་པའི་ཆོས་ཉིད་ཅིག་ཡིན་ནའང་ཡང་དག་པའི་བདེན་དོན་ལ་གུས་བརྩི་བྱེད་མཁན་ཞིག་ཡིན་ཕྱིན་དེ་ཙམ་གྱིས་བློ་ཡིད་ག་ལ་ཚིམས། ང་ཚོར་སྤོབས་པའི་གངས་རི་འདེགས་པའི་ཡིད་ཆེས་ཡོད་བཞིན་དུ་ལོ་རྒྱུས་ཀྱི་བྱུང་བ་སྣ་ཚོགས་ལ་དགག་བཞག་གི་བློ་སྤོབས་ཅིའི་ཕྱིར་མ་སྐྱེས་པ་ཡིན་ནམ། དྲི་བ་འདྲེན་པ་པོའི་བསམ་ཚུལ་ནི་ཡང་སྙིང་ང་ཚོ་བོད་ཀྱི་ལོ་རྒྱུས་ལ་གསར་བརྗེ་བྱེད་པའི་ཚད་དུ་སླེབས་ཡོད་དམ་མེད་ཅེས་པའི་དོགས་པ་དེ་རེད། དོགས་པ་འདི་ནི་ཐེ་ཚོམ་དང་བག་འཁུམས་འདྲེས་མར་གནས་པའི་དོགས་འདྲི་ཞིག་རེད། ཚད་གཞི་འདི་འདྲ་ཞིག་ལ་ཐོན་ན་བོད་ཀྱི་ལོ་རྒྱུས་ལ་གསར་བརྗེ་བྱས་ཆོག་ཅེས་པའི་ཐག་གཅོད་རྩ་བ་ནས་མེད་ལ་ཚད་ངེས་ཅན་ཞིག་ལ་ཐོན་མིན་དེ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཡིག་ཚངས་ལ་སློབ་སྦྱོང་བྱས་མ་བྱས་ཀྱིས་འཇོག་བཞིན་ཡོད་པས་ང་ཚོས་ལོ་རྒྱུས་ཀྱི་དཔེ་ཆར་ཞིབ་དཔྱད་གནང་ནས་སྐད་ཆ་བཤད་པ་ལས་གང་བྱུང་འདི་བྱུང་གི་སྐད་ཆ་ལྡོམ་པོ་བཤད་ན་དགོས་མཁོ་མེད་ལ་བརྟག་དཔྱད་ཀྱི་བརྒྱུད་རིམ་ཁྲོད་དུ་ངེས་ཤེས་འདྲོངས་པ་དང་བོད་ཀྱི་སྲོལ་རྒྱུན་ལོ་རྒྱུས་འབྲི་སྟངས་ལ་བླངས་དོར་གྱི་ཚ་འདྲི་ཞིག་བྱེད་དགོས་པ་ནི་སྐབས་སུ་བབས་པའི་རིག་གནས་ཞིབ་འཇུག་གི་གནད་ཀ་ཞིག་ཏུ་གྱུར་ཡོད་དེ་དགའ་སྐྱོ་འདྲེས་མའི་ལོ་རྒྱུས་ཀྱི་ཟིན་ཐོ་ལ་དབྱེ་ཞིབ་བྱེད་པ་ནི་མེས་པོའི་དུར་ཁུངས་སློག་ནས་རུས་པའི་ཆག་གྲུམ་གྱི་སྒྲིག་སྟངས་ལ་དབྱེ་ཞིབ་བྱེད་པ་ལྟ་བུ་ཞིག་རེད་སྙམ་ལ་དེ་ལས་ང་ཚོར་སྦྱིན་པ་ནི་ད་ལྟ་སྐད་གྲགས་ཆེ་བའི་ཧྥང་ལུང་གིས་བཤད་པའི་《ལོ་རྒྱུས་ཀྱི་གཏམ་རྒྱུད》[119]ཞེས་པའི་དེབ་གཟུགས་ན་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ལ་བསམ་གཞིགས་བྱས་ན་རྩ་བའི་རྣམ་འགྱུར་གཉིས་ཁོ་ན་འབྱུང་སྟེ་གཅིག་ནི་འཛུམ་དཀར་དང་གཅིག་ནི་མིག་ཆུ་ཁོ་ནའོ་ཞེས་བྲིས་ཡོད་པ་དེ་རེད། དེ་ནི་ལོ་རྒྱུས་ཀྱི་སྤྱི་སྡོམ་ཡག་པོ་ཞིག་རེད། ངོ་མ་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ནི་ཞི་བདེ་དང་དམག་འཁྲུག་གཉིས་རེས་མོས་བཞིན་འཁོར་བའི་སྣང་ཚུལ་ཅན་ཞིག་ཡིན་སྟབས་ཧ་ཅང་དབྱེ་ཞིབ་དཀའ་བ་ཞིག་རེད། བོད་ཀྱི་ལོ་རྒྱུས་ཀྱང་སྣང་ཚུལ་འདི་ལས་མ་འདས་ནའང་ང་ཚོས་ཤུགས་བརྒྱབ་ནས་བོད་ཀྱི་སྲོལ་རྒྱུན་ལོ་རྒྱུས་འབྲི་སྟངས་ཀྱི་ཁྲོད་དུ་ལྟ་ཚུལ་འཁྱོག་པོ་རྣམས་ལ་དག་སེལ་དང་ལྟ་ཚུལ་དྲང་མོ་རྣམས་རྒྱུད་འཛིན་བྱས་ནས་གསར་བརྗེ་ཡི་རྣམ་པས་བོད་ཀྱི་ལོ་རྒྱུས་ལ་སྤྱི་སྡོམ་ཡག་པོ་ཞིག་བྱེད་འོས་པ་རེད་ལ་དུས་རབས་གསར་བའི་ལོ་རྒྱུས་འབྲི་མཁན་བྱུང་བར་རེ་བ་བརྒྱབ་དགོས་པའི་དུས་ཚོད་ཅིག་ལའང་སླེབས་ཡོད་པ་རེད། ད་ཁྱེད་ཀྱི་དྲི་བ་དེའི་ལན་དེ་ཙམ་གྱིས་ཆོག་པར་བྱོས།(ཉན་མཁན་གྱི་ཐལ་མོ་རྡེབ་སྒྲ)

ཞང་ཞུང་དང་གཤེན་རབས་སྐོར་གྱི་དྲིས་ལན།
ཨམ་སྐད་ཀྱི་ངག་དྲི།

   བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཆོས་ལུགས་ཞིབ་འཇུག་ཚན་ཁག་གི་འབྲོང་བུ་ཚེ་རིང་རྡོ་རྗེ་ཡི་《སྐལ་བའི་གཏམ་ལྒིང་དམར་ལྡིང་མ》ཞེས་པའི་དཔེ་ཆ་ཞིག་གི་ནང་དུ་ཞང་ཞུང་གི་ས་ཆ་ངོས་འཛིན་གྱི་ཐད་ནས་ཞང་ཞུང་སྒོ་ཕུགས་བར་གསུམ་ཞེས་དབྱེ་ཡོད་ཅིང་ཞང་ཞུང་ཕུགས་པའི་ནང་ན་དེང་སང་གི་ཨ་ཧྥུའུ་ཧན་དང་ཨུ་རུ་སུ། རྒྱ་གར་སོགས་ཞང་ཞུང་གི་ཁོངས་སུ་གཏོགས་པ་དེ་འདྲ་ཞིག་རེད། དེ་འདྲ་བྱས་ན་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་འདི་བོན་ཆོས་གསར་གཏོད་པ་པོའི་ལོ་རྒྱུས་མི་སྣ་ཞིག་ལ་བརྩིའམ་ཡང་ན་དུས་རབས་རྗེས་མ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་དེ་འདྲ་ཞིག་ངོས་འཛིན་ནམ། དེ་འདྲ་བྱས་ན་ཁོང་ནི་མ་ནི་ཆོས་ལུགས་བོད་ལ་སྤེལ་བའི་ཆོས་སྤེལ་ཞིག་མིན་ནམ་སྙམ། དེ་ནི་དྲི་བ་དང་པོ་ཡིན། 
   དྲིས་ལན། ཁྱེད་ཀྱི་དྲི་བ་དེ་དཔེ་ཆར་ཅུང་ཟད་བལྟས་ནས་བཏོན་པའི་དྲི་བ་ཞིག་རེད། ཡིན་ཙང་ངས་དྲི་བ་ཧ་ཅང་ཡག་པོ་ཞིག་རེད་བསམ་ཡོད། འོན་ཀྱང་ཞང་ཞུང་སྒོ་ཕུགས་བར་གསུམ་དང་དེའི་ནང་ནས་ཀྱང་སྒོ་ཕུགས་བར་གསུམ་གྱི་ལྟ་ཚུལ་ཕྱེས་ཡོད་པ་འདི་ནི་བོན་གྱི་ཡིག་ཚངས་དག་ལས་བྱུང་བའི་ལྟ་ཚུལ་ཞིག་ཡིན་པ་ལས་འབྲོང་བུའི་གསར་དུ་གཏོད་པ་མིན་ལ་ངས་《སྐལ་བའི་གཏམ་ལྒིང་དམར་ལྡིང་མ》[120]ཞེས་པའི་དེབ་དེར་ཞིབ་པར་བལྟ་མ་མྱོང་ཡང་ཕལ་ཆེར་ཁོང་གིས་བོན་གྱི་ཡིག་ཚངས་ཞིག་ལུང་དྲངས་ནས་བཤད་པ་ཞིག་ཡིན་རྒྱུ་རེད། ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་རྣམ་གཞག་དེ་ཉིད་ཞིབ་པར་ཞུས་ན་དུས་ཚོད་ནར་འགྱངས་ལས་མེད་པས་དེའི་སྐོར་དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱི་《འཛམ་གླིང་མཐའ་དབུས་ཀྱི་རྣམ་གཞག་ཉེར་མཁོའི་སྣང་བ》[121]དང་བསྟན་འཛིན་རྣམ་དག་མཆོག་གི་《སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ》[122]གྲུབ་དབང་བསྟན་འཛིན་རིན་རྒྱན་གྱིས་མཛད་པའི་《འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག》[123]ཞེས་པ་སོགས་ལས་དེའི་སྐོར་ཅུང་ཟད་ཞིབ་པར་བྲིས་ཡོད་པས་དེར་གཟིགས་ན་ཞང་ཞུང་གི་ས་སྐོར་ལ་ཆ་རྒྱུས་གསལ་པོ་ལོན་ཐུབ་གི་རེད། ཡིན་ནའང་མིག་སྔའི་བོད་ཀྱི་ཡིག་ཚངས་ཕྱོགས་སྡོམ་བརྒྱུད་ནས་བལྟས་ན་ཞང་ཞུང་ནི་ཚོ་བ་ཤིག་ལ་འཇུག་པ་དང་རྒྱལ་རབས་ཤིག་ལ་འཇུག་པའམ་རྒྱལ་ཁབ་ཞིག་ལ་འཇུག་པ་སོགས་ལྟ་ཚུལ་འདྲ་མི་འདྲ་ཅི་རིགས་ཤིག་ཡོད།《གངས་རྒྱལ་ཏི་སེའི་དཀར་ཆགས་ཚངས་དབྱངས་ཡིད་འཕྲོག》[124]ལས་ཞང་ཞུང་བྱ་རུ་ཐོགས་པའི་རྒྱལ་བོ་བཅོ་བརྒྱད་སོགས་བྱུང་བར་གཞིགས་ན་ཞང་ཞུང་ནི་གནའ་བོའི་དུས་སུ་རྒྱལ་ཁབ་ཅིག་ཡིན་པ་མ་ཟད་དུས་རབས་རང་བཞིན་གྱི་ཤེས་རིག་ཕུན་སུམ་ཚོགས་པའི་ཡ་གླིང་གི་རྒྱལ་ཁབ་སྟོབས་ལྡན་ཞིག་ཡིན་པ་ཤེས་ཐུབ་ཀྱང་དུས་སྐབས་སོ་སོའི་ཆག་འཇིག་གམ་དངོས་པོའི་ཆོས་ཉིད་ལྟར་ད་ལྟ་ཤུལ་མེད་དུ་གྱུར་ནས་དེའི་སྐོར་ལ་ཞིབ་འཇུག་གནང་རྒྱུ་ཧ་ཅང་དཀའ་ཚེགས་ཆེ་བའི་ལས་ཀ་ཞིག་ཏུ་གྱུར་ཡོད་པ་རེད། དེའི་སྐོར་གྱི་གོ་དོན་ཁ་ཤས་ཤིག་བདག་གི་དཔྱད་རྩོམ་《གནའ་བོའི་ཞང་ཞུང་ཞེས་པའི་ཐ་སྙད་ཀྱི་འཇུག་ཡུལ་ལ་དཔྱད་པ》[125]ཞེས་པ་ཉིས་སྟོང་དགུ་ལོའི་བོད་ལྗོངས་ཞིབ་འཇུག་གི་དེབ་ཅིག་ཏུ་བཀོད་ཡོད་པས་དེར་གཟིགས་རྟོགས་ཡོད་པ་ཞུ།
   སྟོན་པ་གཤེན་རབ་མི་བོ་ཆེ་ནི་གནའ་བོའི་ལོ་རྒྱུས་མི་སྣ་ཞིག་ལ་འདོད་མཁན་དང་དུས་རབས་བཅུ་བའི་སྐབས་སུ་བྱུང་བའི་མི་ཞིག་རེད་ཅེས་ལྟ་ཚུལ་འདོན་མཁན་ཡང་ཡོད། ཁོང་ནི་བོད་ཀྱི་གནའ་བོའི་ལོ་རྒྱུས་མི་སྣ་ཞིག་ཡིན་པ་སངས་རྒྱས་ཆོས་ལུགས་པས་བྲིས་པའི་ཆོས་འབྱུང་མང་པོ་ནས་ཀྱང་ཤེས་ཐུབ་པ་ཞིག་རེད། ཡིན་ནའང་བོན་པོ་རང་གི་ལུགས་ལྟར་ན་《རྒྱལ་རབས་བོན་གྱི་འབྱུང་གནས》[126]ལས་སྟོན་པ་འདས་ནས་ལི་ཤུ་འཁྲུངས། དེ་ནས་ལོ་ཉིས་སྟོང་ལྔ་བརྒྱ་བཞེས་དུས་ཆུ་ཕག་གི་ལོ་ལ་ཁྲི་སྲོང་གིས་བོན་སྣུབ་པའི་དབུ་ཚུགས་ཞེས་པའི་ལུང་ཚིག་ཅིག་ཡོད། འདི་ཁུངས་སུ་བྱས་ནས་བརྟག་ན་ཁྲི་སྲོང་ལྡེ་བཙན་གྱི་ལོ་ཚིགས་ལ་འདྲ་མི་འདྲ་སྣ་ཚོགས་ཤིག་ཡོད་ཀྱང་ཏུན་ཧོང་ཡིག་རྙིང་གི་ལུགས་ལྟར་སྤྱི་ལོ(742-797)གྱི་བར་ལ་ཆ་འཇོག་བྱས་ནས་བརྩིས་ནའང་ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ་ཆིག་སྟོང་བརྒྱད་བརྒྱ་ལྷག་གི་བར་དུ་རིགས་འདེད་ཐུབ་ལ་དེ་ནི་རྫོགས་ཆེན་པ་ནམ་མཁའ་ནོར་བུའི་གསུང་རྩོམ་《སྒྲུང་ལྡེའུ་བོན་གསུམ་གྱི་གཏམ》[127]ནའང་ཅུང་ཟད་ཞུས་ཡོད། སྤྱི་ལོ་སྔོན་གྱི་ལོ་ཆིག་སྟོང་བརྒྱད་བརྒྱ་ལྷག་གི་དུས་མཚམས་དེ་ནི་ཀྲུང་གོའི་ཞཱ་རྒྱལ་རབས་ཚུགས་ནས་ལོ་ཉིས་བརྒྱ་དགུ་བཅུ་གོ་བརྒྱད་ལྷག་སོང་ཟིན་པ་དང་《འཛམ་གླིང་ཤེས་རིག་ལོ་རྒྱུས་ཀྱི་ལོ་ཚིགས་རེའུ་མིག》[128]ལྟར་ན་ཧི་སྡེ་པས(赫梯人)[129]གནའ་བོའི་ཚོ་བ་མཉམ་འབྲེལ་གྱི་ལམ་ལུགས་འཛུགས་པའི་དུས་རབས་ཤིག་རེད། སྐབས་འདི་དུས་སུ་འཛམ་གླིང་ཤར་ཕྱོགས་ཧི་མ་ལ་ཡའི་རི་རྒྱུད་དུ་ཞང་ཞུང་སྟག་གཟིག་གི་རྒྱལ་རབས་སྟོབས་ཤུགས་ཆེ་ཞིང་ཡ་གླིང་གི་ས་ཆ་གང་སར་བཙན་འཛུལ་དང་ཤུགས་རྐྱེན་ཐེབས་བཞིན་ཡོད་ཅིང་དུས་མཚམས་འདི་འདྲ་ཞིག་ལ་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་འཁྲུངས་ཞིང་ཁོང་ནི་བོད་རང་ས་རང་ཡུལ་གྱི་ལོ་རྒྱུས་མི་སྣ་གྲགས་ཆེན་ཞིག་ཡིན་པ་མ་ཟད་འཁྲུངས་ཡུལ་དངོས་ཀྱང་གངས་ཏི་སིའི་མདུན་མཚོ་མ་ཕམ་གྱི་འགྲམ། ཆུ་བོ་བཞི་འདུས་ཀྱི་འགོ་སྟེ་ད་ལྟའི་སྟོད་མངའ་རིས་ཀྱི་སྤུ་ཧྲང་ས་ཆ་ཡིན་པ་ནི་ཚིག་ཐག་ཆོད་པ་རེད། ཡིན་ནའང་ད་ལྟར་བོད་རིག་པའི་ཁྱབ་ཁོངས་ནས་ཆེས་དཀའ་གནད་དུ་གྱུར་ཡོད་པ་ནི་ཁོང་གི་འཁྲུངས་འདས་ལོ་ཚིགས་ཡང་དག་ཅིང་ཐུན་མོང་གིས་ཁས་ལེན་ཐོབ་པ་ཞིག་མེད་པ་དེ་ཡིན། དེ་འདྲ་ཡིན་ཙང་ང་ཚོས་ལུང་རིགས་དཔེ་གསུམ་གྱིས་ཁོང་གི་འཁྲུངས་འདས་ལོ་ཚིགས་ལ་ད་དུང་ཡང་དབྱེ་ཞིབ་བྱས་ནས་ཞིབ་འཇུག་བྱེད་རྒྱུ་ལས་བོད་མི་ཡིན་མིན་དང་སྟོན་པ་ཡིན་མིན་སོགས་ལ་བསམ་བློ་གཏོང་དགོས་གི་མ་རེད། ཁོང་གི་མི་ཚེའི་མཛད་འཕྲིན་སོགས་ལ་རྒྱུས་ལོན་བྱེད་པར་བསམ་ན་རྣམ་ཐར་རྒྱས་པ་པོད་བཅུ་གཉིས་དང་ལེའུ་རེ་གཅིག་གི་བདག་ཉིད་ཅན་《མདོ་དྲི་མེད་གཟི་བརྗིད》[130]དང་རྣམ་ཐར་འབྲིང་བ་པོད་གཉིས་དང་ལེའུ་བཅོ་བརྒྱད་ཀྱི་བདག་ཉིད་ཅན《མདོ་གཟེར་མིག》[131]རྣམ་ཐར་ཤིན་ཏུ་བསྡུས་པ་པོད་གཅིག་དང་ལེའུ་ཉེར་བཞིའི་བདག་ཉིད་ཅན་《མདོ་འདུས》[132]ལ་གཟིགས་ན་ཁོང་གི་མི་ཚེའི་ལོ་རྒྱུས་དང་རིན་ཐང་བྲལ་བའི་བསམ་བློ་ལ་རྒྱུས་ལོན་བྱེད་ཐུབ་གི་རེད། དེར་གཟིགས་ན་ཁོང་ནི་དུས་རབས་བརྒྱད་པ་དང་བཅུ་བའི་ཡས་མས་སུ་འཁྲུངས་ཟེར་བའི་བཤད་ཡམས་དེའི་ཆ་ལ་ངེས་ཤེས་ཡག་པོ་འདྲོངས་ཐུབ་གི་རེད། མ་ནི་ཆོས་ལུགས་བྱ་བར་སྟོན་པ་གཤེན་རབ་མི་བོའི་མཚན་དང་ཆ་འདྲ་བ་དང་སྟོན་པ་མ་ནི་བྱ་བ་སོགས་བོན་ལུགས་དང་ཆ་འདྲ་བའམ་དབྱིབས་འདྲ་བ་ཁ་ཤས་མཐོང་རྒྱུ་འདུག་མོད་དེས་སྟོན་པ་གཤེན་རབ་མི་བོ་ཆེ་མ་ནི་ཆོས་ལུགས་སྤེལ་མཁན་ཞིག་ཏུ་སྒྲུབ་མི་ཐུབ་པ་ཞིག་རེད། དེ་འདྲའི་སྣང་ཚུལ་འཛམ་གླིང་གི་ཆོས་ལུགས་འདྲ་མི་འདྲའི་ནང་ན་མཐོང་རྒྱུ་མངས་པོ་འདུག་པས་དབྱིབས་འདྲ་བའི་རྣམ་རྟོག་དེ་ནམ་ཡང་རྫོགས་རྒྱུ་ཡོད་པ་མ་རེད། (ཉན་མཁན་གྱི་ཐལ་མོ་རྡེབ་སྒྲ)

དཔལ་ལྡན་ཇོ་ནང་བའི་སྐོར་གྱི་དྲིས་ལན།
ཨམ་སྐད་ཀྱི་ངག་དྲི།

   དྲི་བ་གཉིས་པ་ནི་《ཐུའུ་བཀྭན་གྲུབ་མཐའ》ཡི་ནང་ལ་བོད་ཀྱི་ཇོ་ནང་བའི་ཆོས་ལུགས་དེ་མུ་སྟེགས་པའི་ཆོས་ལུགས་རེད་ཅེས་གསུངས་ཡོད། འདི་ནི་སྐབས་དེ་དུས་རྒྱལ་ཚབ་དར་མ་རིན་ཆེན་གྱིས་རྗེ་ཙོང་ཁ་བར་མ་མཇལ་བའི་ཡར་སྔོན་དུ་ཇོ་ནང་བའི་ལྟ་བ་མུ་སྟེགས་པའི་ལྟ་བ་རེད་ཅེས་རྩོད་པ་མང་པོ་བརྒྱབ་ཡོད་པ་རེད། ད་ལྟའི་སྤྱི་ཚོགས་ནང་ང་ཚོས་ཇོ་ནང་བའི་གྲུབ་མཐར་ངོས་འཛིན་ཇི་ལྟར་བྱེད་དགོས།××ཡན་ཆད་ནས་བོད་ལ་མུ་སྟེགས་པའི་ལྟ་བ་བྱུང་མ་མྱོང་བ་རེད། 
   དྲིས་ལན། དངོས་ནས་རེད།《ཐུའུ་བཀྭན་གྲུབ་མཐའ》[133]ཡི་ནང་དུ་ཇོ་ནང་བའི་ལྟ་བ་ངན་པར་སྒྲུབ་པ་ཞེས་པའི་ལེ་ཚན་ལས་དཔལ་ལྡན་ཇོ་ནང་བའི་རིང་ལུགས་དེ་ཉིད་མུ་སྟེགས་ཚངས་བ་པའི་ལྟ་ཚུལ་དང་མཐུན་པར་སྒྲུབ་ཡོད་ལ་ཡང་དུས་རབས་བཅུ་གཉིས་ཀྱི་དུས་མཚམས་སུའང་ས་སྐྱ་པ࿄་ཆེན་དང་བུ་སྟོན་ཐམས་ཅད་མཁྱེན་པ་སོགས་ཀྱིས་དགག་བཞག་མཛད་ཡོད་ཅིང་གྲུབ་མཐའ་ཁ་ཤས་སུ་ཕྱི་རོལ་གྲངས་ཅན་པའི་ལྟ་ཚུལ་དུའང་སྒྲུབ་ཡོད། རྒྱལ་ཚབ་མི་ཕམ་པའི་《དགོངས་འགྲེལ་རྒྱུད་བླ》[134]རུ་བཀའ་བར་བ་པས་ཆོས་རྣམས་སྒྱུ་མ་ལྟ་བུའི་བདེན་མེད་དུ་གསུངས་ནས་ཐ་མས་སེམས་ཅན་ལ་སྙིང་པོ་ཡོད་པར་གསུངས་པ་ནི་སྒྲ་ཇི་བཞིན་མ་ཡིན་པར་སྤྱིར་ཐེག་ཆེན་སེམས་ཞུགས་ལ་སེམས་ཞུམ་པའི་ཉེས་པ་དང་། སེམས་ཅན་དམན་པ་ལ་བརྙས་པའི་ཉེས་པ་དང་། ཡང་དག་མིན་འཛིན་གྱི་ཉེས་པ་དང་། ཡང་དག་པའི་ཆོས་ལ་སྐུར་འདེབས་ཀྱི་ཉེས་པ་དང་། བདག་ཅག་ལྷག་པའི་ང་རྒྱལ་གྱི་ཉེས་པ་སྟེ་སྐྱོན་དེ་ལྔ་བྱང་སེམས་ཀྱིས་སྤང་པའི་དོན་དུ་གསུངས་པ་ཙམ་ལས་དོན་ཇི་བཞིན་མིན་པའི་དགོངས་འགྲེལ་མཛད་པ་སོགས་ཇོ་ནང་བའི་རིང་ལུགས་ལ་དགག་བཞག་མཛད་ཡོད། དྲི་བ་གཏོང་མཁན་ཁོས་རྒྱལ་ཚབ་དར་མ་རིན་ཆེན་གྱིས་ཇོ་ནང་བའི་ལྟ་བར་རྩོད་པ་བརྒྱབ་པ་རེད་ཅེས་པའི་དོན་དག་དེ་ནི་དངོས་ནས་བདེན་པ་རེད། འདི་ནི་དཔེ་ཆར་ཅུང་ཟད་བལྟས་པའི་འབྲས་བུ་ཡིན་པས་ང་ཚོས་ཁོས་བཏོན་པའི་དྲི་བ་འདིར་གདེང་འཇོག་བྱེད་འོས་པ་ཞིག་རེད། གང་ལྟར་ཇོ་ནང་བའི་ལྟ་བ་ངོ་མ་ནི་དབུ་མ་གཞན་སྟོང་ཟེར་བ་དེ་ཡིན། དབུ་མ་གཞན་སྟོང་བའི་ལྟ་བ་དེ་རྗེ་བཙུན་ཙོང་ཁ་བ་ཆེན་པོའི་རྩ་བའི་སྒྲུབ་བྱའི་གནད་འགག་ཆེ་གསུམ་དུ་མཁས་མང་སྒྲོས་མཐུན་པར་ངོས་འཛིན་གནང་བའི་ཡ་གྱལ་གཅིག་རེད། སྤྱིར་བཏང་རྗེ་བཙུན་ཙོང་ཁ་བའི་ཐུགས་དགོངས་ལ་ལྟ་བ་ཆ་ཚང་རྫོགས་མ་རྫོགས་དང་དབུ་མའི་ལྟ་བ་ལ་ལྟོས་ཏེ་སྔ་རྩོམ་ཕྱི་རྩོམ་གྱི་སྲོལ་ཕྱེས་ཡོད་པའི་ལུགས་ལྟར་ན་ལེགས་བཤད་གསེར་ཕྲེང་ནི་སྔ་རྩོམ་གྱི་ཁོངས་སུ་གཏོགས་པ་ཞིག་རེད་ལ་བསྟན་བཅོས་དེར་དབུ་མ་གཞན་སྟོང་གི་ལྟ་བར་དགག་པ་ཞིབ་མོ་བརྒྱབ་ཡོད། མཉམ་མེད་ཙོང་ཁ་བའི་དགུང་གྲངས་ཞེ་གཅིག་གི་མས་ཕྱོགས་སུ་རྩོམ་གནང་མཛད་པའི་དྲང་ངེས་ལེགས་བཤད་འབྱེད་པའི་སྙིང་བོ་ནའང་གཞན་སྟོང་གི་ལྟ་བ་དེ་རྟག་མཐར་ལྷུང་གི་འདུག་ཅེས་ཡང་ཡང་གསུངས་ཀྱི་ཡོད་པ་རེད། རྗེ་བཙུན་ཙོང་ཁ་བའི་གསུང་རྩོམ་ན་དབུ་མ་གཞན་སྟོང་བར་དགག་པའི་དམིགས་བསལ་གྱི་ས་བཅད་སོགས་ཡོད་པ་མ་རེད། དེ་ནི་ཕལ་ཆེར་ཁོང་གི་དགེ་རྒན་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་དབུ་མ་གཞན་སྟོང་བ་ཞིབ་པར་འགོག་གནང་མཛད་སྟབས་དེས་འཐུས་པར་བྱས་པ་ཡིན་རྒྱུ་རེད། རྗེ་བཙུན་ཙོང་ཁ་བ་ཆེན་མོས་ཁོང་གི་དགེ་རྒན་གྱི་ལྟ་བར་སྣོན་མ་ཙམ་མ་གཏོགས་ཆེད་མཛད་ཀྱི་བསྟན་བཅོས་དང་ས་བཅད་སོགས་མཛད་མི་དགོས་པ་ཞིག་དགོངས་ཡོད་ཤས་ཆེ་སྙམ། གཞོན་ནུ་རེད་མདའ་བས་གཞན་སྟོང་གི་ལྟ་བ་དེ་ཉིད་ཞིབ་པར་དགག་ཡོད་ནའང་འདིར་སླ་ཆོས་ཀྱི་དཔེ་མཚོན་ཙམ་ཞུས་ན་《རྒྱུད་བླའི་དོན་བསྡུས》[135]སུ་དེས་ན་རྟག་བརྟན་སོགས་ཀྱི་དོན་སེམས་རང་བཞིན་འོད་གསལ་དེ་ཉིད་ལ་གདུལ་བྱའི་ལོག་རྟོག་འགའ་ཞིག་བསལ་བའི་ཕྱིར་རྟག་བརྟན་སོགས་ཀྱི་སྒྲ་རྣམས་དྲང་བའི་སྒོ་ནས་སྦྱར་བ་ཡིན་གྱི་སེམས་ལས་མ་གཏོགས་པའི་དོན་པར་གྲུབ་པའི་ཆོས་འགའ་ཞིག་དེ་བཞིན་གཤེགས་པ་སྙིང་བོར་བསམ་ནས་དེ་ཉིད་རྟག་པ་དང་བརྟན་པ་སོགས་སུ་འཆད་པ་ནི་དབུ་སེམས་གང་གི་ཡང་ལུགས་མ་ཡིན་སོགས་ཐིག་ཕྲེང་བཅུ་བཞི་ཙམ་གྱིས་བསྟན་ཡོད་པ་ལྟ་བུ་རེད། གང་ལྟར་དབུ་མ་གཞན་སྟོང་གི་ལྟ་བ་དེའི་ཁུངས་བཅོལ་གཞི་འཛིན་གནང་ཡུལ་གྱི་གཞུང་ཁ་ཤས་ཤིག་ཡོད་ནའང་གཙོ་བོ་ནི་《ཡུམ་གསུམ་གནོད་འཇོམས》[136]དང་བདེ་གཤེགས་སྙིང་བོ་སྟོན་པའི་མདོ་བཅུ་ལས་《དེ་བཞིན་གཤེགས་པའི་སྙིང་བོའི་མདོ》[137]གཉིས་རེད། ཡུམ་གསུམ་གནོད་འཇོམས་བྱ་བའི་བསྟན་བཅོས་ནི་རྒྱ་གཞུང་ཡིན་མིན་ལ་དོགས་པའི་ཞོར་དུ་དབུ་མ་གཞན་སྟོང་བའི་ལྟ་བ་དེ་ཉིད་ཀྱང་རྒྱ་གཞུང་ལ་ཁུངས་གཏུགས་ས་ཡོད་མེད་ཐད་དོགས་པ་མི་ཟ་རང་ཟ་རེད་འདུག རྗེ་བཙུན་ཙོང་ཁ་བ་ཆེན་མོའི་《ལེགས་བཤད་གསེར་ཕྲེང》[138]ན་དེ་ལྟར་གནོད་འཇོམས་འདི་སྔོན་གྱི་ཡི་གེ་རྙིང་བ་རྣམས་ལས་ཁ་ཆེ་མཆེ་བའི་སྡེས་མཛད་པར་གྲགས་ལ་སོགས་ཐིག་ཕྲེང་ཉི་ཤུ་རྩ་བདུན་ལས་ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་དང་ཁ་ཆེ་མཆེ་སྡེ་གཉིས་ཀྱི་སུས་ཡིན་མིན་ལ་དོགས་པ་འགོད་པར་མཛད་ནས་ལུང་རིགས་གཉིས་ཆར་གྱིས་བསྟན་བཅོས་དེ་ཉིད་ཁ་ཆེའི་མཆེ་སྡེས་མཛད་པར་དགོངས་ཡོད་ལ་དེ་དང་འགྲོས་མཐུན་པར་ཁོང་གི་ཕྱི་རྩོམ་དྲང་ངེས་ལེགས་བཤད་སྙིང་བོ་ནའང་དེའི་ཆར་སྒྲུབ་བྱེད་འཐད་ལྡན་མང་པོ་བཀོད་ཡོད། ཡིན་ནའང་ཁོང་དང་དུས་མཉམ་གྱི་ས་སྐྱའི་མཁས་པ་པ࿄་ཆེན་ཤཱཀྱ་མཆོག་ལྡན་གྱིས་ཡུམ་གསུམ་གནོད་འཇོམས་བྱ་བ་སློབ་དཔོན་དབྱིག་གཉེན་གྱི་བསྟན་བཅོས་རང་རེད་ལ་དེར་རྗེ་ཙོང་ཁ་བས་འོལ་ཚོད་ཀྱིས་བཤད་པ་ཙམ་རེད་ཅེས་དགག་པ་བསྐྱོན་ཡོད། དེ་བཞིན་བདེ་གཤེགས་སྙིང་བོའི་མདོ་དེ་ཉིད་ཀྱང་ཙོང་ཁ་བ་ཆེན་མོའི་《དྲང་ངེས་ལེགས་བཤད་སྙིང་བོ》[139] ན་གཟུགས་སོགས་རྣམ་མཁྱེན་བར་སོགས་ཐིག་ཕྲེང་ལྔས་སྟོང་བའི་དོན་དུ་འཆད་པ་མི་ལེགས་པར་གསུངས་ཡོད་ཀྱང་མདོ་དེར་དྲང་ངེས་ཀྱི་ཁྱད་པར་ཕྱེས་མེད་པར་སྣང་ངོ་།། གང་ལྟར་དབུ་མ་གཞན་སྟོང་ཞེས་པའི་ལྟ་བ་དེ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དང་བོད་ཀྱི་སངས་རྒྱས་ཆོས་ལུགས་གང་ལའང་མི་མཐུན་པའི་ལྟ་བ་ཟུར་བ་ཞིག་རེད་ཅེས་ཉེ་དུས་ཀྱི་མཁས་པའི་དབང་བོ་ཨ་ལགས་དུང་དཀར་རིན་པོ་ཆེ་ཚང་གི《གྲུབ་མཐའི་སྐོར་གྱི་རྣམ་བཤད》[140]དུའང་གསུངས་ལ་དེའི་ལྟ་བ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་བདེན་པ་ཡིན་ལ་དེ་རྟག་པ་ཡིན། རྣམ་ཡེ་གཉིས་ལས་ཡེ་ཤེས་ཡིན་པ། དངོས་པོ་ཐམས་ཅད་ཀྱི་བྱེད་པོ་ཡིན་པས་དངོས་པོ་ཐམས་ཅད་ལ་ཁྱབ་ཅིང་དོན་དམ་པའི་དཀོན་མཆོག་དེ་ཡིན་པས་ཆ་རྐྱེན་དེ་འདྲ་འཛོམས་པ་ལ་བདེ་གཤེགས་སྙིང་པོ་ཞེས་འབོད། སངས་མ་རྒྱས་གོང་སེམས་ཅན་ཚང་མར་ཡོན་ཏན་ཚང་འཛོམས་ཀྱི་བདེ་གཤེགས་སྙིང་པོ་དེ་ཡོད། འོན་ཀྱང་རྣམ་ཤེས་སུ་དེའི་འཆར་སྣང་ཡོང་མི་ཐུབ་པས་དེ་སྔགས་ཀྱི་ལམ་ལ་བརྟེན་ནས་མཐོང་དགོས་པར་གསུངས་སོ།། གང་ལྟར་ལྟ་བའི་འབབ་སོ་ཡ་མཚར་ཞིང་བློ་ཡུལ་ལས་འགོང་བ་ཞིག་ཡིན་ནའང་མུ་སྟེགས་པ་རེད་ཅེས་མཐའ་གཅིག་དུ་ཐག་གཅོད་མི་ནུས་ལ་ང་ཚོས་རིག་གནས་ཞིབ་འཇུག་གི་ཁྱབ་ཁོངས་ནས་ཇོ་ནང་བའི་གྲུབ་མཐར་བལྟས་ན་དེ་ནི་རིག་གནས་ཀྱི་སྣང་ཚུལ་ཁོ་ན་ཡིན་པས་ཞིབ་འཇུག་དང་རྒྱུས་ལོན་བྱེད་འོས་ཤིང་ད་ལྟར་གཞོན་ནུ་བསམ་བློ་སྔོན་ཐོན་ཅན་ཁ་ཤས་ནས་ཇོ་ནང་བར་ཞིབ་འཇུག་དང་དེའི་གསུང་རྩོམ་མང་པོ་དཔར་དུ་འགྲེམས་པ་དེ་ནི་དགའ་འོས་པའི་བྱ་བ་ཞིག་རེད། དུས་རབས་བཅུ་གཉིས་པའི་ཡས་མས་སུའང་དཔལ་ལྡན་ཇོ་ནང་བའི་ལྟ་གྲུབ་ལ་ཞིབ་འཇུག་བྱེད་པའི་གནའ་རྩོམ་གྲགས་ཅན་ཀུན་མཁྱེན་དོལ་བུ་བས་མཛད་པའི་《རི་ཆོས་ངེས་དོན་རྒྱ་མཚོ》[141]དང་《བཀའ་བསྡུ་བཞི་བ》[142]ལྟ་བུ་སོགས་ཡོད་ལ་དེར་ཇོ་ནང་བའི་དབུ་མ་གཞན་སྟོང་གི་ལྟ་བ་རྩལ་དུ་བཏོན་ནས་གསུངས་ཡོད་ནའང་ཉེ་ཆར་བོད་ཀྱི་སྐྱ་བོ་ན་གཞོན་ཐམས་ཅད་བློ་ཁ་ཧ་ཅང་དམན་པས་ཟབ་མོའི་དོན་གོ་དཀའ་བ་མིག་མཐོང་ལག་ཟིན་ཡིན་ཀྱང་དོན་དངོས་སུ་ཇོ་ནང་བའི་ལྟ་བར་རྒྱུས་ལོན་གནང་བར་མོས་པ་ཡོད་ན་དེང་སང་གི་གཞོན་ནུའི་བློ་ཁར་འཚམས་ཤིང་རྒྱས་བསྡུས་རན་ལ་ཞལ་དང་གསལ་བ་ཞིག་ཡུལ་ཛམ་ཐང་གི་མཁས་པ་སྐད་གྲགས་ཅན་ངག་དབང་ཡོན་ཏན་མགོན་པོས་མཛད་པའི་《རྒྱུ་འབྲས་ཐེག་པ་མཆོག་གི་གནས་ལུགས་ཟབ་མོའི་དོན་རྣམ་པར་ངེས་པ་རྗེ་ཇོ་ནང་པ་ཆེན་པོའི་རིང་ལུགས་འཇིགས་མེད་གདོང་ལྔའི་ང་རོ》[143]ཞེས་པའི་གསུང་རྩོམ་ཡིན་པས་དེར་མཇལ་ཐུབ་ན་ཡག་པོ་རེད། བདག་གསུང་རྩོམ་དེར་མཇལ་དུས་སུ་དཔལ་ལྡན་ཇོ་ནང་བ་མུ་སྟེགས་པ་ཡིན་པའི་ཉམས་སྣང་གང་ཡང་མ་བྱུང་ལ་དེ་ལས་ལྡོག་སྟེ་ཇོ་ནང་བའི་གྲུབ་མཐའི་སྐོར་ལ་སློབ་སྦྱོང་བྱེད་ཐུབ་པར་སྨོན་ལམ་བརྒྱབ་པ་ཡིན།(ཉན་མཁན་གྱི་ཐལ་མོ་རྡེབ་སྒྲ)

བོད་ཀྱི་ཆོས་ལུགས་གྲུབ་མཐའི་སྐོར་གྱི་དྲིས་ལན།
ཨམ་སྐད་ཀྱི་ངག་དྲི།

   དྲི་བ་གསུམ་པ། དེ་ནི་གླང་དར་མས་ཆོས་ལུགས་བསྣུབ་ནས་བོད་ཁམས་སིལ་འཐོར་གྱི་དུས་སུ་བོད་ལ་ཆོས་ལུགས་གྲུབ་མཐའ་འདི་འདྲ་མང་པོ་ཞིག་འབྱུང་དགོས་པའི་རྒྱུ་རྐྱེན་གང་ཡིན་ནམ།
   དྲིས་ལན། དེ་རེད། ཆོས་འབྱུང་རྣམས་ཀྱི་ལུགས་ལྟར་ཡོང་གྲགས་སུ་བཙན་པོ་ལྷ་སྲས་དར་མས་སངས་རྒྱས་ཆོས་ལུགས་ཀྱི་བསྟན་པ་སྣུབ་པར་གྲགས་པ་ནས་དེའི་ཡན་ཆད་ཀྱི་བསྟན་པ་ལ་སྔ་དར་དང་དེའི་རྗེས་སུ་སླར་ཡང་སངས་རྒྱས་ཆོས་ལུགས་དར་སྤེལ་བྱུང་བ་དེར་བསྟན་པ་ཕྱི་དར་ཞེས་ཐ་སྙད་ཆགས་ཡོད་པ་རེད་ལ་བསྟན་པ་ཕྱི་དར་ནི་ཕལ་ཆེར་དུས་རབས་བཅུ་བའི་ལོ་རབས་བདུན་ཅུ་ཙམ་གྱི་ནང་རེད། དེ་ནི་བསམ་ཡས་ཀྱི་མཁན་པོ་ཡེ་ཤེས་རྒྱལ་མཚན་ནས་ཀླུ་མེ་ཚུལ་ཁྲིམས་སོགས་མི་བཅུ་ཕྲག་གཅིག་མདོ་ཁམས་སྨད་དུ་ཆོས་འདུལ་སོགས་ཞུ་བར་བཏང་བ་དང་དེའི་རྗེས་སུ་དབུས་གཙང་ཁུལ་ནས་དགོན་སྡེ་མང་པོ་བསྐྱར་གསོ་སོགས་དེའི་བྱ་བཞག་སྣ་ཚོགས་ལ་བརྟེན་ནས་བསྟན་པ་ཕྱི་དར་གྱི་ལོ་ཚིགས་དེའང་ཕྱི་ལོ978ཙམ་ལ་ངོས་འཛིན་གནང་ཡོད་པ་ཞིག་རེད། ཕྱི་དར་གྱི་སྐབས་སུའང་སྟོད་འདུལ་དང་སྨད་འདུལ་ཞེས་ལུགས་གཉིས་བྱུང་ཞིང་སྟོད་འདུལ་ནི་གཙོ་བོ་བོད་བཙན་པོའི་གདུང་རྒྱུད་དངོས་གནས་བ་སྟེ་འོད་སྲུང་གི་མི་རབས་བཞི་བ་ལྷ་བླ་མ་ཡེ་ཤེས་འོད་ནས་གང་ནུས་ཅི་ལྕོགས་ཀྱིས་བོད་ཕྲུག་རྣམས་རྒྱ་གར་ལ་སངས་རྒྱས་ཆོས་ལུགས་སློབ་སྦྱོང་བྱེད་པར་མངགས་ཤིང་དགོན་སྡེ་སོགས་འཛུགས་སྐྲུན་རྒྱ་ཆེར་བྱས་ནས་རྒྱ་གར་གྱི་མཁས་པ་ཨ་ཏི་ཤ་གདན་དྲངས་སྟེ་སངས་རྒྱས་ཆོས་ལུགས་འཆད་སྤེལ་བྱས་པ་སོགས་སྐུ་ཚེ་མཐར་ཕྱིན་པའི[144]བར་གྱི་མཛད་འཕྲིན་ལ་ལྟོས་ནས་བཤད་པ་ཞིག་དང་སྨད་འདུལ་ནི་གཙོ་བོ་མདོ་སྨད་ཙོང་ཁའི་རྒྱུད་དུ་བོན་པོའི་རུས་རྒྱུད་ཅན་གྱི་མཁས་དབང་དགོངས་པ་རབ་གསལ་སོགས་མཁས་པ་མི་གསུམ་གྱི་མཛད་པའི་སྟེང་ནས་བཤད་པ་ཞིག་ཡིན་ཀྱང་དེའི་སྐོར་གྱི་ལོ་རྒྱུས་ཞིབ་པ་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་སྡོམ་བརྒྱུད་གསོལ་འདེབས་ཀྱི་འགྲེལ་བ་མཁན་རྒྱུད་རྣམ་ཐར་སྨིན་གླིང་ལོ་ཆེན་གྱིས་མཛད་པར་ཞལ་ཤིན་ཏུ་གསལ་པས་དེར་གཟིགས་པར་ཞུ། གང་ལྟར་བསྟན་པ་ཕྱི་དར་གྱི་དུས་དེ་ནས་བཟུང་རྙིང་མ་བ་དང་བཀའ་གདམས་པ། ས་སྐྱ་བ། ཇོ་ནང་བ། བཀའ་བརྒྱུད་པ། ཞི་བྱེད་པ། དགེ་ལུགས་པ་སོགས་རིམ་བཞིན་གྲུབ་མཐའ་མང་པོ་ཞིག་བྱུང་ཡོད་པ་རེད། དེ་ལས་བོད་དུ་དར་བའི་གྲུབ་མཐའ་ཐམས་ཅད་ཀྱི་ཐོག་མར་རྙིང་མ་བ་བྱུང་བ་ཞིག་རེད། རྙིང་མ་བ་ཞེས་པའི་མིང་དེ་ནི་དུས་རབས་བཅུ་གཅིག་པའི་ཚུན་ཆད་དུ་བཏགས་པའི་མིང་ཞིག་ཡིན་པ་གསལ་གྱི་ཡོད། ལོ་ཆེན་རིན་ཆེན་བཟང་པོ་སོགས་མ་བྱོན་པའི་ཡར་སྔོན་དུ་བསྒྱུར་བའི་གསང་སྔགས་ལ་རྙིང་མ་དང་ཕྱིས་ཀྱི་རིན་མར་འགོས་གསུམ་གྱིས་བསྒྱུར་བ་དེར་གསང་སྔགས་གསར་མ་ཞེས་འབོད་སྟངས་བྱུང་ཡོད། ཆོས་བརྒྱུད་དེ་ནི་གཙོ་བོ་དེ་ནི་སྟོན་པ་དགའ་རབ་རྡོ་རྗེ་དང་སློབ་དཔོན་པདྨ་འབྱུང་གནས་གཙོ་ཆེར་བཞག་ནས་བཤད་པ་ཞིག་རེད། དེ་ནས་བཀའ་གདམས་པ་རེད། དེ་ནི་སྟོད་ལུང་བདེ་ཆེན་གྱི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ཕྱི་ལོ1045ལོར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དབུས་གཙང་ཁུལ་དུ་གདན་དྲངས་ནས་ལོ་བཅུ་གསུམ་ལ་ཆོས་འཆད་ཉན་མཛད་ཅིང་ཁོང་གི་དགོངས་པ་བོད་ནས་རྫོགས་རྗེས་སུ་འབྲོམ་སྟོན་པས་རང་གི་དགེ་རྒན་གྱི་རྒྱུད་འཛིན་མཛད་ནས་རྭ་སྒྲེང་དགོན་པ་བཏབ་ཅིང་ཆོས་འཆད་ཉན་མང་པོ་མཛད་སྟབས་བཀའ་གདམས་པའི་གྲུབ་མཐའ་བྱུང་བ་ཞིག་རེད། ཕྱིས་ཀྱི་དུས་རབས་བཅོ་ལྔ་ཙམ་གྱི་ནང་དུ་བཀའ་གདམས་པའི་གྲུབ་མཐའ་དགེ་ལུགས་པར་འདྲེས་ནས་མིང་ཙམ་དུ་ཆགས་པ་རེད། དེ་རྗེས་ས་སྐྱ་བའི་གྲུབ་མཐའ་བྱུང་བ་རེད། དེ་ནི་གཙང་གྲོང་ཆུའི་འགྲམ་ནས་སྐྱེས་པའི་འཁོན་རྒྱུད་དཀོན་མཆོག་རྒྱལ་མཚན་ནས་བྱུང་བ་ཞིག་རེད་ལ་ཕྱི་ལོ1073ལོར་སྐྱ་དགོན་པ་བཏབ་རྗེས་གྲྭ་བཙུན་མང་དུ་བསྡུས་ནས་ཐུན་མོང་མ་ཡིན་པའི་ས་སྐྱའི་གྲུབ་མཐའ་བྱུང་ཡོད་པ་ཞིག་རེད། ས་སྐྱའི་ཆོས་བརྒྱུད་ཁྲོད་དུ་ས་སྐྱ་གོང་མ་རྣམ་ལྔ་སོགས་བོད་གངས་ཅན་ལ་གྲགས་ཆེ་བའི་མཁས་དབང་རིམ་པར་བྱོན་མྱོང་བ་ཞིག་དང་དེའི་ཁྲོད་ཀྱི་ས་སྐྱ་པ࿄་ཆེན་དང་འགྲོ་མགོན་འཕགས་པ་གཉིས་ཀྱི་སྐུ་རིང་ལ་བོད་ཀྱི་ལོ་རྒྱུས་སྟེང་གྲགས་ཆེ་བའི་བོད་སོག་མཆོད་ཡོན་གྱི་འབྲེལ་བ་དེ་བྱུང་ཡོད་པ་ཞིག་རེད། དེ་ནས་ཇོ་ནང་བ་ནི་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དང་ཁོང་གི་སློབ་མ་དོལ་བ་ཤེས་རབ་རྒྱལ་མཚན་བརྒྱུད་ནས་བྱུང་བ་ཞིག་རེད། དེ་ནས་བཀའ་བརྒྱུད་པ་ནི་དུས་རབས་བཅུ་གཅིག་པའི་རྗེས་ཙམ་ལ་བྱུང་ཞིང་མར་མི་དྭགས་གསུམ་གྱི་གཙོས་པའི་དྭགས་པོ་བཀའ་བརྒྱུད་དང་ཁྱུང་བོ་རྣལ་འབྱོར་གཙོ་བྱས་ནས་བརྒྱུད་པའི་ཤངས་པ་བཀའ་བརྒྱུད་ཅེས་ལུགས་ཆེ་བ་གཉིས་བྱུང་ཞིང་དྭགས་པོ་བཀའ་བརྒྱུད་ལའང་ཆེ་བཞི་ཆུང་བརྒྱད་སོགས་ནང་གསེས་རིགས་མི་འདྲ་བ་བྱུང་ཡོད་པ་ཞིག་རེད། དེ་ནས་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ནས་ཞི་བྱེད་པ་སོགས་དར་བ་ཞིག་དང་དུས་རབས་བཅོ་ལྔ་བར་དགེ་ལུགས་པ་དར་བ་ཞིག་རེད་ལ་བོད་དུ་གྲུབ་མཐའ་ཁག་གི་བྱུང་བ་སོགས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་གྲུབ་མཐར་ཧ་ཅང་གསལ་བས་དེར་གཟིགས་རོགས་ཞུ། གང་ལྟར་བསྟན་པ་ཕྱི་དར་གྱི་རྗེས་ནས་བོད་ལ་གྲུབ་མཐའ་རིགས་མི་འདྲ་བ་རིགས་མང་པོ་ཞིག་དར་ནས་གཞི་ལམ་འབྲས་གསུམ་གྱི་འདོད་ཚུལ་མི་འདྲ་བ་ཕྲན་བུ་བྱུང་མྱོང་ཡོད་ནའང་གནད་འགག་གི་ལྟ་བའི་ཆ་ནས་མི་མཐུན་པ་ཆེར་མེད་ལ་མདོར་དེད་ན་གྲུབ་མཐའ་རིགས་མི་འདྲ་བ་དེ་དག་འབྱུང་བའི་རྒྱུ་རྐྱེན་ནི་གྲུབ་མཐའ་དེ་དག་གི་རྗེས་འཇུག་མཁས་པ་དག་གིས་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་སོགས་ཀྱི་དོན་སྙིང་ལ་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད་སོ་སོའི་དགོངས་པ་མ་མཐུན་ལ་དེའི་ཆ་ནས་སོ་སོའི་ལྟ་བ་འབུར་ཐོན་གྱིས་གསུངས་པའི་དབང་གིས་ཕྱིས་སུ་གྲུབ་མཐའ་སྣ་ཚོགས་བྱུང་བ་འདྲ་ཡང་ཁུངས་བཅོལ་ནས་ཞུ་ཐུབ་ཀྱི་མེད་ལ་རིག་གནས་འཕེལ་རྒྱས་ཀྱི་ཆ་ནས་བཤད་ན་བོད་ལ་གྲུབ་མཐའ་མང་པོ་ཞིག་བྱུང་ཡོད་པ་དེ་ནི་ཧ་ཅང་དགའ་འོས་པའི་རིག་གནས་འགྲན་རྩོད་ཀྱི་སྣང་ཚུལ་ཞིག་ཡིན་ཀྱང་ཕྱིས་སུ་གྲུབ་མཐའ་མང་པོ་འབྱུང་མི་ཐུབ་པ་དེ་ནི་བོད་ཀྱི་རིག་གནས་ཉམས་ཞན་དུ་འགྲོ་བའི་མཚོན་རྟགས་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་ཞིག་རེད།

སྟག་གཟིག་སྐོར་གྱི་དྲིས་ལན།
ཨམ་སྐད་ཀྱི་ངག་དྲི།

   ཁྱོད་རང་གི་བསམ་བློ་ལྟར་ན་སྟག་གཟིག་ཅེས་པ་འདི་སྟོན་པ་གཤེན་རབ་ཀྱིས་དུས་རྟག་ཏུ་གཟིགས་པའི་གནས་ཡིན་ནམ་ཡང་ན་ཏ་ཟིག་ཟེར་བ་དེ་རེད།
   དྲིས་ལན། སྟག་གཟིག་ཅེས་པའི་སྐོར་ལ་ལྟ་ཚུལ་རིགས་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་རེད། དེའི་ཐད་ཀྱི་ཡི་གེ་འབྲི་སྟངས་ཀྱང་གཅིག་གྱུར་ཞིག་མ་རེད་དེ་སྟག་གཟིག་དང་ཏ་ཟིག རྟག་གཟིགས་སོགས་ཧ་ཅང་མང་པོ་ཞིག་ཡོད་པས་ཡང་སྙིང་གང་ཞིག་ཡང་དག་པ་ཞིག་ཡིན་མིན་ཁ་ཚོན་གཅོད་དཀའ་ནའང་ཁྱེད་ཀྱིས་བཏོན་པའི་སྟོན་པ་གཤེན་རབ་མི་བོའི་དུས་རྟག་ཏུ་གཟིགས་པའི་གནས་ཡིན་པས་ན་རྟག་གཟིགས་ཟེར་ཞེས་པའི་ལྟ་ཚུལ་དེ་ནི་དུས་ཕྱིས་སུ་གསར་དུ་བསྒྲིགས་པའི་བཤད་སྟངས་ཤིག་ལས་ལོ་རྒྱུས་ཀྱི་ཁུངས་གང་ཡང་ཡོད་པ་མ་རེད། བོན་གྱི་ཡིག་ཚངས་དུ་གྲགས་ཆེ་བའི་སྟག་གཟིག་དེ་ནི་བོད་ཀྱི་ནུབ་ཕྱོགས་དང་རྒྱ་གར་བྱང་ཕྱོགས་ཀྱི་ཧི་མ་ལའི་རི་རྒྱུད་དུ་འཚོ་བའི་གནའ་བོའི་ཚོ་ཁག་ཧ་ཅང་ཆེན་པོ་སྟག་སྡེ་རྔམ་ལུང་དང་གཟིག་འཕེན་འཇིགས་པ་གཉིས་ཀྱི་བསྡུས་མིང་ལ་སྟག་གཟིག་ཟེར་ཞིང་ཚོ་བ་དེ་གཉིས་ཀྱིས་དབང་བསྒྱུར་ལྟེ་གནས་ནི་ད་ལྟའི་སྤུ་ཧྲེང་གི་ས་ཆ་འདི་གཙོ་བྱས་པའི་ཡུལ་གྲུ་ཁག་ལ་འདོད་ཅིང་དེའི་གནས་ཚུལ་རྒྱ་ནག་གི་བཙུན་པ་སྐད་གྲགས་ཅན་ཞོང་ཙང་གི་ལམ་ཡིག་སྟེ་《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆགས》[145]ན་སྟག་ཟིག་པ་ནི་ཤ་ཁྲག་ལོངས་སྤྱོད་པ་གསོད་གཅོད་ལ་མི་འཛེམས་པ། ཕྱིང་བའི་གུར་ལ་གནས་ཤིང་རྟ་ཕྱུགས་ཀྱི་ཆེད་དུ་རྩ་ཆུ་བཟང་སར་སྤོ་ཞིང་སྡོད་པ་གནས་གཅིག་གི་ངེས་པ་མེད་ཅེས་བཀོད་ཡོད་པ་ལས་ང་ཚོའི་རིགས་རྒྱུད་གཅིག་པའི་འབྲོག་ལས་ཀྱི་འཚོ་བ་གཉེར་བའི་ཚོ་བ་གཉིས་ཡིན་པ་ཤིན་ཏུ་གསལ་ཞིང་ཡུལ་མིང་འདིར་དུ་རུ་ཀ་ཞེས་ཀྱང་འབོད་སྟབས་རྒྱའི་གནའ་བོའི་ཡིག་ཚངས་དག་ན་སྒྲ་དེ་ཉིད་གསལ་བོར་མ་ཐོན་པར(突厥)ཐུའུ་ཅེ་ཟེར་ཞིང་ཕྱིས་སུ་ཐུའུ་ཅེ(TURKS)ཞེས་པའི་སྒྲ་དེའང་རིམ་བཞིན་འགྱུར་ནས་དྲུ་གུ་དང་བྲུ་ཤ་སོགས་འཇུག་ཡུལ་དུ་མར་ཆགས་ཤིང་ཐུའུ་ཅེ་ཞེས་པའི་ཚོ་བ་དེ་ཉིད་ཕལ་ཆེར་དུས་རབས་དྲུག་པའི་དུས་དཀྱིལ་ཙམ་ལ་ཉམས་ཆུང་སྒོས་ཨར་ཐེ་རི་བོའི་(阿尔泰山)(མཆན། ཞིན་ཅང་维吾尔族རང་སྐྱོང་ཁུལ་གྱི་བྱང་རྒྱུད་དང་སོག་པོའི་ནུབ་རྒྱུད་དུ་གནས་ཤིང་ནུབ་བྱང་ཨུ་རུ་སུའི་ནང་དུ་ཟུག་པའི་རི་རྒྱུད་ཅིག་གི་མིང)ལྷོ་རྒྱུད་ནས་ཐོག་མར་འཚར་ལོངས་བྱུང་ཞིང་དུས་རབས་དྲུག་པའི་ལོ་རབས་བརྒྱད་ཅུ་ནས་དུས་རབས་བདུན་པའི་ལོ་རབས་ཉི་ཤུའི་ནང་རོ་མ་ཤར་མའི་རྒྱལ་ཁབ་(东罗马帝国)དང་མནའ་འབྲེལ་སྒོས་ལོ་བསྟུད་མར་པོ་སི(波斯)དང་འཐབ་མོ་མང་དུ་བཀྱེས་ཤིང་ཐུང་ཡེ་ཧོར་ཧན་(统叶护可汗619-628)གྱི་དུས་མཚམས་སུ་ཐུའུ་ཅེ་ནུབ་མའི(西突厥)ཆབ་སྲིད་སྟོབས་ཤུགས་རྩེར་སོན་ཆགས་ཤིང་ཤར་ཕྱོགས་ཨར་ཐེ་རི་བོའི་མཚམས་ལ་ཐུག་པ། ལྷོ་ནུབ་ཏེའུ་མོ་ལུའུ་གཙང་བོའི(抵末禄河)ལྷོ་རྒྱུད་དང་པར་སིག་ལ་ཐུག་པ། ལྷོ་རྒྱ་གར་ཆུ་བོའི་ལྷོ་རྒྱུད་ཀྱི་ཁུ་བྷོར་(喀布尔河)ལ་ཐུག་གི་བར་དུ་རྒྱ་བསྐྱེད་བྱུང་ཡོད[146] དེའི་ཕྱིས་སུ་པོ་སི་(波斯)དང་རོ་མ་ཤར་མའི་(东罗马帝国)རྒྱུན་རིང་གི་འཐབ་རྩོད་དེས་སྟག་གཟིག་ཨ་རབ་པ(阿拉伯人)རྣམས་རྒྱ་བསྐྱེད་ལ་མཐུན་རྐྱེན་གལ་ཆེན་བསྐྲུན་ཡོད་པ་ཞིག་རེད[147] མདོར་དེད་ནས་བཤད་ན་ཐུའུ་ཅེ་ཞེས་པ་ནི་སྟག་གཟིག་གམ་སྟོད་ཧོར་གྱི་ཡུལ་སྡེ་རྣམ་ལ་འཇུག་ཅིང་བོད་ཀྱི་ཡིག་ཚངས་སུའང་མངའ་རིས་མང་ཡུལ་ནས་ཕྱིན་ན་སྟོད་ཧོར་གྱི་རྒྱལ་ཁམས་དང་སོག་སྡེ་མང་བར་[148]བཤད་པ་དང་ཨོ་རྒྱན་པ་རྣམས་ཀྱིས་ཧོར་སོག་རྣམས་ལ་སྟག་གཟིག་དུ་འབོད་པ[149]དང་ཧོར་ཀླ་ཀློ[150]རྣམས་སུའང་འབོད་པ་ནི་མིང་འདོགས་སོ་སོར་སྣང་བ་མ་གཏོགས་དོན་ལ་སྟག་གཟིག་གི་ཁྱབ་ཁོངས་ལ་བརྒལ་མེད་པ་ཞིག་རེད། དེར་བརྟེན་ཡུལ་དེའི་ཆོས་ལུགས་ཀྱང་བོན་ལ་སྤྱོད་པ་ཁོ་ན་ཡིན་ལ་སྟོན་པ་གཤེན་རབ་མི་བོ་ཆེ་ཡི་འཁྲུངས་ཡུལ་ཡང་སྟག་གཟིག་གི་ས་ཆ་འདི་ཡིན་པ་ནི་《ཁྱུང་ཕོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང》[151]ལས་སྟོན་པ་གཤེན་རབ་ཁོང་ལ་སྟག་གཟིག་གི་མི་ཐམས་ཅད་ཀྱིས་ཆགས་ཤིང་སྤྱིར་འགྲོ་བ་ཡོངས་ཀྱི་ལྷ་སྐལ་ལས་སུ་བབས་པ་ཤེས་ནས་ཕྱག་འཚལ་ལོ། སྐོར་བ་བྱེད་དོ། མཆོད་པ་འབུལ་ལོ། ཁམས་དྲི་བྱས་སོ་ཞེས་བཀོད་པ་ལས་གསལ་བོར་ཤེས་ཐུབ་ཅིང་ཁོང་གིས་བོན་ཆོས་ཐོག་མར་གསུངས་ཡུལ་སྟག་གཟིག་གི་ཡུལ་འདི་ཡིན་ལ་བཅོམ་ལྡན་རིག་པའི་རལ་གྲིའི《གྲུབ་མཐའ་རྒྱན་གྱི་མེ་ཏོག》[152]ནའང་བོན་པོ་རྣམས་དང་སོག་པོའི་གྲུབ་མཐའ་རྣམས་ནི་སྟག་གཟིག་གི་ཡུལ་ནས་བྱུང་བ་ཡིན་ཞེས་བཀོད་ཡོད་པས་ཀྱང་དེའི་ཆ་རྣམས་ལ་ངེས་ཤེས་གསལ་པོ་འདྲོངས་ཐུབ་པ་མ་ཟད་བོན་གྱི་འོལ་མོ་ལུང་རིང་ཡང་སྟག་གཟིག་གི་སའི་ཆ་ཤས་ཞིག་ཏུ་ཡོད་པས་ལོ་རྒྱུས་ཡིག་ཚངས་སུ་སྟག་གཟིག་འོལ་མོ་ལུང་རིང་ཞེས་འབོད་པ་རེད། འདི་ནི་བོན་པོའི་དག་ཞིང་སྟེ་བསམ་པའི་སྟེང་གི་འོལ་མོ་ལུང་རིང་ལ་བཤད་པ་མིན་སྟེ་དེ་ནི་འཇིག་རྟེན་འདིར་བཙལ་ནས་སྟོན་རྒྱུ་ཡོད་པའི་ཞིང་ཁམས་ཤིག་མ་ཡིན་པས་ཡིད་གཟབ་བྱེད་དགོས། ཕྱིས་སུ་དུས་འགྱུར་གྱི་དབང་གིས་སྟག་གཟིག་པའི་སྟོབས་ཤུགས་ཉམས་རྨས་སུ་ཕྱིན་ནས་ས་ཆ་སོ་སོར་འཐོར་ཞིང་དེའི་རིག་གནས་ཀྱི་ཤུགས་རྐྱེན་ཁ་ཤས་ཨ་རབ་(阿拉 伯)དང་པོ་སི་(波斯)སོགས་ཀྱི་རིག་གནས་ཁྲོད་དུ་མངོན་ཐུབ་ཀྱི་ཡོད། དེ་འདྲ་ཡིན་ཚང་ཕྱིས་ཀྱི་བོན་པོ་ཚོས་སྟོན་པ་ཤཱཀྱ་ཐུབ་པ་རྒྱ་གར་གྱི་མི་ཡིན་པ་ནང་བཞིན་བོན་གྱི་སྟོན་པའང་ཕྱིའི་རྒྱལ་ཁབ་པོ་སི་དང་ཏ་ཧྲི་ལྟ་བུ་ཞིག་ལ་སྒྲུབ་ཅི་ཐུབ་བྱས་ཡོད། བོན་དུ་གྲགས་ཆེ་བའི་སྟག་གཟིག་དེ་བོད་རང་གི་ཡུལ་ལུང་ཞིག་དང་སྟོན་པ་གཤེན་རབ་མི་བོ་ཆེ་དེའང་བོད་རང་སའི་ཡུལ་གྱི་བསམ་བློ་བ་སྐད་གྲགས་ཅན་དེ་ཡིན། ཡིན་ནའང་པོ་སིའི་རིག་གནས་དང་བོན་གྱི་རིག་གནས་ལ་འབྲེལ་བ་ཡོད་པའི་རྒྱུ་མཚན་ནི་སྟག་གཟིག་གི་རིགས་རྒྱུད་དེ་པོ་སི་སོགས་ས་ཆ་གང་སར་འཐོར་ཞིང་སྟག་གཟིག་གི་རིག་གནས་དེས་ཕར་རྒྱལ་ཁབ་དེ་དག་ལ་ཤུགས་རྐྱེན་ཐེབས་པ་ཞིག་རེད། སྐབས་ཁ་ཤས་སུ་སྟག་གཟིག་གི་མིང་ལ་མི་རིགས་གཞན་གྱིས་དུ་རུ་ཀ་ཞེས་ཀྱང་འབོད་པ་ནི་《རྣམ་ཐར་ཡི་གེ་གསུམ་ལྡན》[153]ལས་བཤད་ལ་རང་རེའི་བོད་ཀྱི་སྐད་དུ་དུ་རུ་ཀ་སྒྲ་འགྱུར་བྱས་ནས་གར་ལོག་དང་སྐབས་ཁ་ཤས་སུ་ཏ་ཟིག་ཅེས་ཀྱང་འབོད་ཅིང《ཁྱུང་ཕོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང》[154]ལས་སྒ་རིགས་ཏ་ཟིག་ཅེས་སྟག་གཟིག་གི་རུས་སྒ་ཡིན་པར་བཤད་ཡོད་པས་དེ་ནི་བསམ་གཞིགས་བྱེད་དགོས་པའི་གནས་ཤིག་ཡིན། ཕྱིས་སུ་ཏ་ཟིག་གམ་སྟག་གཟིག་ཕྱིའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་པའི་ལྟ་ཚུལ་ནི་དགེ་ཆོས་ཀྱི་སྲིད་ལུགས་《དེབ་ཐེར་དཀར་བོ》[155]རུ་བཀོད་ཡོད་པས་དེར་གཟིགས་པར་ཞུ། ད་སྟག་གཟིག་གི་སྐོར་ལ་ཞུ་བྱ་མང་ཡང་དེ་ཙམ་གྱིས་ཆོག་པར་བྱོས།(ཉན་མཁན་གྱི་ཐལ་མོ་རྡེབ་སྒྲ)
(འདིའི་བར་གྱི་དྲི་བ་གཅིག་སྒྲ་ཕབ་འཕྲུལ་ཆས་ལས་མ་གསལ་བས་འགོད་ཐབས་མ་བྱུང་།)

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག