ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> མཐུན་ཚོགས་སློབ་གླིང་། >> ཀོ་དགོན་བཤད་སྒྲུབ་སློབ་གླིང་།
ཀོ་དགོན་བཤད་སྒྲུབ་སློབ་གླིང་།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་ཡོན་ཏན་ཕུན་ཚོགས།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

      

      དཔལ་གཤེན་བསྟན་ཀོ་རྒྱལ་དགོན་པ་འདི་ཉིད་ཀོ་སྟོན་དམ་པ་ཡེ་ཤེས་རྒྱལ་མཚན་གྱིས་ཕྱག་བཏབས་ནས་ད་ལྟའི་བར་བགྲང་བྱ་བརྒྱ་ཕྲག་དྲུག་ལྷག་གི་ལོ་རྒྱུས་ཡོད་ལ། ནང་བཤད་སྒྲུབ་ཀྱི་བསྟན་པ་འདི་ཉིད་སྤྲིན་བར་གྱི་ཉི་མ་བཞིན་དུས་སྐབས་རེར་གྲ་རྒྱས་པོ་བྱུང་ཡོད་ལ། སྐབས་རེ་གདུལ་བྱའི་བསོད་ནམས་མ་འགྲུབ་དབང་གིས་མིང་ཙམ་དུ་གྱུར་ཡོད་ཀྱང་། བསོད་ནམས་ཀྱི་རྒྱུན་ཐག་མ་ཟད་པ་དང་། སྔོན་བྱོན་རིག་འཛིན་གོང་མའི་སྨོན་ལམ་གྱི་མཐུ་བཙན་པ་དང་། སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་ཀྱི་ཐུགས་བསྐྱེད་བླ་མེད་དང་། རང་དགོན་གྱི་ཁྲི་རིན་པོ་ཆེ་ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་རིན་པོ་ཆེས་བཀའ་དྲིན་སོགས་ཀྱིས་སླར་ཡང་སྤྱི་ལོ་ 1997 ལོར་སྤྱང་དྲང་སྲོང་ཤེས་རབ་བླ་མེད་དམ་རྣམ་རྒྱལ་གཙུག་ཕུད་ཀྱིས་གཙོར་འགན་བཞེས་ཏེ་དགོན་གནས་འདིར་སླར་ཡང་བཤད་གྲྭའི་དབུ་བརྙེས་པ་དང་། བཅའ་སྒྲིག་ཡུལ་དུས་ཀྱི་ལུགས་བཞིན་སྐྱོང་གནང་མཛད། སྤྱི་ལོ་ 2006 ལོར་སླར་ཡང་བཤད་གྲྭའི་བཅའ་སྒྲིག་རྩ་བའི་གྲྭ་ས་དཔལ་གཤེན་བསྟན་སྨན་རི་གླིང་། ཁྲི་བརྟན་ནོར་བུ་རྩེ་སོགས་ཀྱི་ལུགས་བཞིན་སྒྲིག་གཞི་གཏན་ལ་ཕབས་ཏེ། སློབ་གཉེར་ཚགས་ཚུད་པར་གནང་འགོ་ཚུགས་ཡོད། དེ་ཡང་སློབ་གཉེར་བའི་སྦྱང་བྱ་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་དང་། རིག་པའི་གནས་བཅུ་སོགས་ཡིན། སྦྱང་བྱའི་དཔེ་ཆའི་མཚན་དང་། ལོ་རིམ་སོགས་རེའུ་མིག་ཟུར་གསལ་ལྟར་ཡིན།
     

       འདིར་སློབ་གཉེར་བའི་ཆ་རྐྱེན་ནི། ས་ཕྱོགས་ཉེ་རིང་གང་ནས་ཕེབས་པའི་སློབ་གཉེར་བ་རྣམས་ལ་བཞུགས་ཤག་བཀོད་སྒྲིག་དང་། ཉལ་ཁྲི་འབོལ་གདན་རང་སྒྲིག མདོ་སྔགས་སེམས་གསུམ་དང་རིག་གནས་བཅས་པའི་སློབ་དེབ་དང་། བྲིས་དེབ་སྨྱུ་གུ། ལོ་འཁོར་མར་སློབ་གཉེར་བའི་གུང་གསེང་གི་དུས་ཚོད་མ་གཏོགས་གཞན་ཉིན་རེར་ལྟོ་དུས་བཞི་རེ་བཅས་བཀོད་སྒྲིག་མཐུས་ཚང་གནང་བཞིན་ཡོད།
      སློབ་ཁྲིད་དགེ་རྒན་ནམ་སློབ་དཔོན། རྒྱལ་བ་སྨན་རི་དགོན་དང་། ཁྲི་བརྟན་ནོར་བུ་རྩེ། མདོ་སྨད་སྣང་ཞིག་དགོན་སོགས་ཁག་སོ་སོར་ནས་སློབ་གཉེར་མཐར་སོན་བའི་དགེ་བའི་བཤེས་གཉེན་རྣམ་པ་དང་། སློབ་གཉེར་གནང་བཞིན་ཡོད་པའི་འཛིན་རིམ་རྒན་པ་རྣམས་ཡིན། 


      

        སློབ་ཁྲིད་དང་འཆད་རར་རྩོད་སྦྱོང་སོགས་ཀྱི་སྐོར། འཛིན་གྲྭ་རེར་ཉིན་རེ་ལ་གཞུང་ཁྲིད་ཐུན་རེ། ཟུར་ཁྲིད་ཐུན་རེ། རིག་གནས་ཀྱི་ཁྲིད་ཐུན་རེ་གནང་བཞིན་ཡོད། སྔ་ཐུན་རྩོད་ར་དུས་ཚོད་རེ་དང་། ཕྱི་ཐུན་རྩོད་ར་དུས་ཚོད་ཕྱེད་གཉིས་རེ་གནང་གི་ཡོད་ལ། བདུན་གཉིས་རེའི་མཚམས་སུ་འཛིན་གྲྭ་གཉིས་རེ་ཐུག་རྒྱག་རྒྱུ་སོགས་སློབ་གཉེར་བའི་རིག་པ་གོང་འཕེལ་འགྲོ་བའི་ཐབས་ལམ་རབ་དང་རིམ་པ་སྤེལ་བཞིན་ཡོད།
རྒྱུགས་སྤྲོད་སྐོར། སློབ་གཉེར་བ་རྣམས་དབུ་ནས་རིམ་བཞིན་བདུན་རེ་རེའི་མཚམས་རྩོད་རྒྱུགས་དམ་བཅའ་བཞུགས་ཞིང་། སློབ་གཉེར་བ་ཡོངས་རྫོགས་ཀྱིས་རྟགས་གསལ་རེ་རེ་འབུལ་ཏེ། དམ་བཅའ་བའི་ལོ་འཁོར་གཅིག་གི་རྩོད་པའི་རྒྱུགས་འབུལ་ཆེན་མོ་དང་། གཞན་སློབ་གཉེར་བའི་བདུན་རེ་རེའི་རྩོད་པ་རྒྱུགས་འབུལ་བྱེད་དགོས་པ་ཡིན། དེའང་རང་རང་གི་དཔེ་ཆ་གང་དང་གང་གི་སྒོ་ནས་དགག་བཞག་གནང་བ་དེ་ལུང་རིགས་ཚུལ་མཐུན་གྱི་དགག་སྒྲུབ་གནང་ཐབས་ལ་དགེ་སློབ་ཡོངས་ནས་འབད་པ་བྱེད་བཞིན་ཡོད།
       རིག་གནས་ཀྱི་རྒྱུགས་ལེན་སྐོར་ནི། དག་ཡིག་མིང་གཞི་སྦྱོང་སྐབས་བདུན་རེ་རེར་དཔོད་བྲིས་ཀྱི་ལམ་ནས་རྒྱུགས་ལེན་དང་། གཞན་སྐབས་བབས་རིག་གནས་ཀྱི་སྡེ་ཚན་རེ་ཁྲིད་ཟིན་པ་དང་། རིག་གནས་རྒན་ལགས་ཀྱིས་བཀོད་སྒྲིག་འོག་རྒྱུགས་ཤོག་ཐོག་རྒྱུགས་ལེན་དང་། རྒྱུགས་འབྲས་ཁྱབ་བསྒྲག་མཛད་ཀྱི་ཡོད་ལ། ཟླ་བ་རེ་རེར་སློབ་གཉེར་བ་ས་ལམ་ཡན་སླེབས་པ་རྣམས་ཀྱིས་རྩོམ་རྒྱུགས་སྣ་ཁ་རེ་འབུལ་དགོས་ལ། འཇུག་ཏུ་རིག་གནས་སོ་སོའི་གྲུབ་འབྲས་ཀྱི་ཤོག་བྱང་རེ་འབུལ་དགོས།
      ངག་རྒྱུགས་སྐོར། གཞུང་རང་རང་གི་རྩ་བ་གང་དག་འགྲེལ་བ་མ་ཁྲིད་གོང་༧སྐྱབས་རྗེ་ཁྲི་རིན་པོ་ཆེ་མཆོག་དང་། སྐབས་བབས་ཀྱི་སློབ་དཔོན། བཤད་གྲྭའི་དགེ་སྐོས་སོགས་ཀྱི་མདུན་དུ་ངག་རྒྱུགས་འབུལ་དགོས་ཞིང་། རིག་གནས་ཀྱིི་རྩ་བ་རྣམས་དགེ་རྒན་གྱི་མདུན་དུ་དུས་སོ་སོར་ངག་རྒྱུགས་འབུལ་དགོས།
       སློབ་གཉེར་འཛིན་སྐྱོང་སྐོར། སྤྱི་ཡོངས་ཀྱི་སྒྲིག་གཞི་དང་། བཞུགས་ཤག གསོལ་ཟས། དམ་བཅའ། གུང་གསེང་། ཐུགས་སྤྲོ་སོགས་སློབ་གཉེར་གཙོ་སྐྱོང་ཚོགས་པས་ཐུགས་ཁུར་འོག སྤྱི་མང་འདེམས་ཐོན་བྱུང་བའི་ལོ་རེའི་འགན་འཛིན་ཚོགས་གཙོ་དང་། དགེ་རྐོས། དངུལ་གཉེར། འཕྲོད་བརྟེན་འགན་འཛིན། གཉེར་པ་སོགས་ཀྱིས་ཉིན་མཚན་ལྟོས་མེད་ངང་སློབ་གཉེར་བར་ཞབས་ཕྱི་ཞུ་བཞིན་ཡོད་ལ། དགོས་ར་སྐོར་སོ་སོའི་དགེ་རྒན་དང་། ཤག་སོ་སོའི་དགེ་རྒན་སོགས་བརྐོ་བཞག་བྱས་ཏེ། ཞོགས་ཀ་དུས་ཚོད་དྲུག་པ་ནས། དགོང་མོ་དུས་ཚོད་བཅུ་གཅིག་བར་སློབ་གཉེར་ལ་དུས་འདའ་བར་གནས་ཡོད།


     

        བཤད་གྲྭའི་སློབ་གཉེར་གྱི་དུས་ཚོད། ལོ་ལྟར་ཧོར་ཟླ་དང་པོའི་ཚེས་བརྒྱད་ནས་སློབ་འགོ་ཚུགས་རྒྱུ་དང་། ཟླ་བ་ལྔ་པའི་ཚེས་བརྒྱད་ནས། ཟླ་བ་ལྔ་པའི་ཚེས་ཉེར་གཉིས་བར་ཉིན་བཅོ་ལྔ་ལ་དབྱར་ཁའི་གུང་གསེང་། ཟླ་བ་ལྔ་པའི་ཚེས་ཉེར་གསུམ་ནས་སློབ་འགོ་ཚུགས་རྒྱུ་དང་། ཟླ་བ་བཅུ་པའི་གནམ་སྟོང་ནས། ཟླ་བ་དང་པོའི་ཚེས་བརྒྱད་བར་དགུན་ཁའི་གུང་གསེང་ཡིན།
      ཚད་མའི་རིག་གྲྭ་ཆེན་མོ། ༧ འདི་ཉིད་ཀྱི་མཚན་དཔེ་བཞད་ནས་ད་བར་མི་ལོ་ཁྲི་ཁྲག་གཅིག་ལྷག་ཕྱིན་ཡོད། འདི་ཡི་ངོ་བོ་ནི། སློབ་གཉེར་བའི་ཤེས་རིག་གོང་འཕེལ་འགྲོ་བའི་ཆེད་དང་། ཕན་ཚུན་བསམ་ཚུལ་བརྗེ་ལེན་དང་། གྲུབ་མཐའ་ཁག་དང་། སྡེ་བ་ཁག དགོན་སྡེ་ཁག་འཆམ་མཐུན་གྱི་སྤྱི་ཚོགས་བསྐྲུན་པའི་ནུས་པ་ཆེན་པོ་ཡོད། ང་ཚོར་འདི་འདྲའི་དར་སྲོལ་ཆེ་བ་དེ་གཡས་རུ་དབེན་ས་ཁ་དང་། གཙང་བཀྲ་ཤིས་སྨན་རི། རུ་ལག་གཡུང་དྲུང་གླིང་སོགས་སུ་གྲ་རྒྱས་པོ་བྱུང་བའི་ལོ་རྒྱུས་ཡོད་ལ། ལྷག་པར་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱིས་ཐུགས་རྗེའི་བཀའ་དྲིན་ཉག་ཅིག་ལས་གྲུབ་པའི་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུ་འཆད་རྩོད་ཆེན་མོ་དང་། དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་ཚད་མའི་རིག་སྒྲ་ཆེན་མོ་ལོ་རེ་ཟླ་བ་གཅིག་དང་། ཞག་ཉེར་གཅིག་སོགས་སུ་འཚོགས་ཏེ། ཚད་མ་རིག་པའི་རླབས་ཕྲེང་དགུང་ལ་འཕྱུར་བར་གནང་བའི་ལམ་སྲོལ་རྒྱུན་འཛིན་མཛད་བཞིན་པའི་སྐབས་འདིར། ཕྱོགས་སོ་སོ་ནས་སློབ་གཉེར་ཡོད་པའི་དགོན་སྡེ་ཁག་གིས་ཀྱང་། རང་སའི་སློབ་གཉེར་བའི་རིག་པ་གོང་འཕེལ་འགྲོ་བའི་ཆེད་ཐབས་ལམ་སྣ་ཚོགས་ལ་བརྟེན་བཞིན་ཡོད་རེད། དེ་མཚུངས་ངེད་ཁྱུང་ཡུལ་ཀོ་རྒྱལ་དགོན་དུ་བཤད་སྒྲུབ་ཀྱི་འདུས་སྡེ་འདི་ཉིད་དབུ་བརྙེས་ནས། གོང་འཕེལ་དུ་འགྲོ་བཞིན་པ་དང་བསྟུན་སློབ་གཉེར་བའི་ཚད་མའི་རིག་ལམ་འཕེལ་རྒྱས་འགྲོ་བའི་ཆེད་དང་། བོན་གྱི་བཤད་གྲྭའི་སློབ་གཉེར་བ་རྣམས་ཕན་ཚུན་ངོ་ཤེས་དང་། མཐུན་ལམ་དང་། ཕན་ཚུན་མིག་ལྟོས་དང་། སྤྱིར་གྲུབ་མཐའ་སྤྱི་དང་། ཁྱད་པར་དུ་བོན་པོའི་དགོན་སྡེ་ནང་ཕན་ཚུན་སྟོན་པ་གཅིག་གི་རྗེས་འཇུག་ཏུ་ཤེས་པ་སོགས་གཞོན་སྐྱེས་ཚོའི་རྒྱུད་ལ་བག་ཆགས་བཟང་པོ་འཇོག་པ་ལ་དམིགས་ཏེ། སྤྱི་ལོ་ ༢༠༠༩ ལོའི་ཟླ་ ༨ པའི་ཚེས་ ༢༡ ནས་ ༩ པའི་ཚེས་ ༡༠ བར་ཉིན་ཉེར་གཅིག་རིང་སྐབས་དང་པོའི་༼ཚད་མའི་རིག་སྒྲ་ཆེན་མོ་༽འཚོགས་པ་ཡིན་ལ། དེའི་སྐབས་རྗེ་རིན་པོ་ཆེའི་ཚད་མའི་རང་འགྲེལ་ལེའུ་དང་པོ་ལ་འཆད་རྩོད་བྱས་ཤིང་། དམ་བཅའ་དང་། རྩོད་པ་སོགས་གཙོ་བོ་གྲྭ་ས་གཉིས་ཀྱི་སྒྲིག་ལམ་ལྟར་དང་། ཡང་དགོས་ཡུལ་དུས་དང་འཚམས་པའི་སྒྲིག་ལམ་བཞག་སྟེ། སློབ་གཉེར་བའི་བློ་གྲོས་ཀྱི་གོ་རྟོགས་གོང་འཕེལ་ཡོང་བས་མཐུན་རྐྱེན་གང་ལེགས་སྐྲུན་ཡོད། མ་འོངས་པར་ལོ་རེ་བཞིན་དུས་ཚོད་ངེས་ཅན་ཐོག་རྗེ་ཡི་ཚད་འགྲེལ་ལ་འཆད་ཁྲིད་བྱེད་དེ་རྩོད་པ་བྱེད་རྒྱུ་ཡིན་པས། རིས་མེད་ཀྱི་སློབ་གཉེར་བ་རྣམས་ཕེབས་ཡོང་རྒྱུར་དགའ་བསུ་ཞུ་བཞིན་ཡོད་ལ། རིས་མེད་སློབ་གཉེར་བ་རིག་སྒྲ་ཆེན་མོར་ཞུགས་རྒྱུའི་གོ་སྐབས་སྤྲོད་བཞིན་ཡོད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག