ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> མཐུན་ཚོགས་སློབ་གླིང་། >> སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ།
སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྨན་དགེ་རག་ཤི་ཚུལ་ཁྲིམས་སངས་རྒྱས།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

     

བཀྲ་ཤིས་དགེ་རྒྱས་མཐའ་བརྟན་གླིང་གི་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་དང་སྨན་ཁང་བཅས་པ། ཐོག་མར་ལུགས་གཉིས་དཔལ་གྱི་དབང་ཕྱུག་བོན་སྤྱི་བྱ་དུར་བསོད་ནམས་བཟང་པོ་མཆོག་གིས་གྲོས་འཆར་གནང་བ་དང་འབྲེལ། འདི་ཕྱི་གཏན་གྱི་སྐྱབས་གནས༧སྨན་རིའི་མཁན་སློབ་རྣམ་གཉིས་ཀྱིས། འགྲོ་ཀུན་སྡུག་བསྔལ་ནད་ཀྱིས་གདུང་བ་རྣམས་ལ་འཚེ་མེད་ཞི་བདེ་ཡོང་བའི་ཐབས་དང་། འདི་ཕྱི་གཉིས་བདེའི་ལམ་བཟང་བསྐྲུན་རྒྱུའི་གནད་མིག་ལུས་ཁམས་བདེ་སྲུང་ཐུབ་མིན་ལ་རག་ལས་སོ། །ཞེས་པའི་བཀབ་ཆབ་བདུད་རྩིའི་ཟེགས་མར་གཞི་བཅས། དེ་ནས་བཀྲ་ཤིས་དགེ་རྒྱས་མཐའ་བརྟན་གླིང་གི་མཁན་པོ་བསོད་ནམས་རྒྱལ་མཚན་རིན་པོ་ཆེས་དབུ་ཁྲིད་གནང་བར་བརྟེན། སྤྱི་ལོ་༡༩༨༨ལོའི་ཧོར་ཟླ་དང་པོའི་ཚེས་ལྔ་ཉིན་༧རྒྱལ་བ་མཉམ་མེད་ཆེན་པོའི་སྐུ་ཡི་འཁྲུངས་དུས་ཁྱད་པར་ཅན་གྱི་ཉིན་དང་སྐབས་བསྟུན། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་ཞེས་རྟེན་འབྲེལ་གྱི་དབུ་འཛུགས་བྱས་པ་ཡིན། སྐབས་དེ་དུས་སྡེ་དགོན་གཉིས་ཆར་ཆ་རྐྱེན་ཞན་པ་མ་ཟད་སློབ་གཉེར་གྱི་མ་རྩ་དང་ཕྱི་ཕྱོགས་ཀྱི་རོགས་རམ་སོགས་གང་ཡང་མེད་ནའང་། རང་ཉིད་ཀྱིས་མི་མང་གི་ལུས་གནས་བདེ་སྲུང་བྱེད་དགོས་པ་ལ། སྨན་མེད་ན་ཐབ་ཆག་པས་མ་བཟོད་ནས་མཁན་པོ་བསོད་ནམས་རྒྱལ་མཚན་རིན་པོ་ཆེར་དེ་ལུགས་ཞུས་དོན་ལྟར།

ཁོང་ནས་སྨན་གྱི་མ་རྩའི་ཆེད་དུ་བལ་སྒོར༤༤༤གནང་བ་ལས་གཞི་བཅོལ་ཏེ་རང་ལ་དད་སྦྱིན་རྣམ་པས་ཤི་གསོན་གྱི་བསྔོ་རྟེན་གང་སྤྲད་པ་དེ་དག་དེར་འགྲོ་གྲོན་བཏང་སྟེ། སྨན་གྱི་སློབ་ཁྲིད་བྱས་ཁུལ་དང་སྒོ་བརྟེན་སྨན་ཁང་གསར་འཛུགས་ཀྱིས། བལ་བོད་རིས་མེད་དུ་སྨན་ཡོན་ཡོད་མེད་ལ་མ་བལྟོས་པར། ཐུན་མོང་ལ་ཞབས་ཞུ་གང་ཐུང་བསྒྲུབས་པ་ཡིན། སྤྱི་ལོ་༡༩༩༠ལོར་གཞིས་འགོ་བསམ་གཏན་རྡོ་རྗེ་ལགས་ནས་གང་འཁོད་ཀྱི་གནས་ཚུལ་རྣམས་གསལ་རྟོགས་བྱུང་བར་བརྟེན། ཚོགས་པ་ཁ་ཤས་ལ་གནས་ཚུལ་གསལ་བཤད་ཞུས་འབྲས་སུ་རོགས་སྐྱོར་ཕྲན་ཙམ་ཐོབ་བྱུང་།

དེར་བརྟེན་བོད་ཀྱི་གསོ་རིག་སྔར་སྲོལ་བཟང་པོའི་རྒྱུན་འཛིན་དང་མི་མང་གི་ལུས་གནས་བདེ་ཐང་ཡོང་སླད་སྨན་གྱི་སློབ་གཉེར་གྱི་གཞུང་ཚད་སློབ་ཡུན་དང་། ཉིན་སློབ་གྱི་སྒྲིག་ལམ་དང་བཅས་༧ཡོངས་འཛིན་ཆེན་པོའི་བཀའ་བཀོད་ལྟར་བཟོས་ཏེ། གཞུང་འཆད་རྒྱུ་དང་ལག་ལེན་མཛུབ་ཁྲིད། སྨན་རྩ་འཐུ་སྒུག སྨན་རིགས་སྦྱོར་བཟོ་བཅས་གང་ལ་གང་མཚམས་དང་འབྲེལ། སྒོ་བསྟེན་སྨན་བཅོས་སྦྲག་མའི་དུས་ཚོད་དང་མི་གྲངས་སོགས་ཚད་བཀག་གང་ཡང་མེད་པའི་ཐོག

སྨན་ཡོན་ཡོད་མེད་ལ་མ་ལྟོས་པར་རིས་མེད་ཀྱི་ནད་པ་ཚང་མར་གང་མཚམས་ཀྱིས་ནད་བཅོས་བྱས་པ་མ་ཟད། ནད་གཞི་དང་བསྟུན་ནས་སྨན་བཅོས་དང་། ནད་ཡམས་མྱུར་སྐྱོབ་ཆེད་སྨན་བཅོས་མི་སྣ་ས་གནས་དེར་བསྐོར་བསྐྱོད་གཏོང་གི་ཡོད། མདོར་ན་ད་བར་ཐབས་ཤེས་གང་ལེགས་ཀྱིས་མི་མང་ནད་གསོ་མཐོར་འདེགས་ཀྱིས་སྨན་ཁང་དང་ནད་པ་ཉལ་ཁང་བཅས་གསར་བསྐྲུན་བྱས་ནས་སྒོ་བསྟེན་སྨན་ཁང་གི་ལམ་སྲོལ་གང་མཐོར་བཏང་སྟེ། རིས་སུ་མ་ཆད་པར་ཉམ་ཐག་ནད་ཀྱི་གདུང་བ་སེལ་བའི་བདེ་རྩ་སྦྱིན་པའི་ལམ་སྲོལ་བསྟན་པའི་གནས་ཚུལ་ལགས། 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག