མདོ་དབུས་ཁམས་གསུམ་གྱི་བླ་སྤྲུལ་དང་དགེ་བཤེས་སྐོར་ཞིག་གིས། རྣམ་འདྲེན་གཤེན་རབ་མི་བོ་ཆེའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ། བོན་གྱི་ཤེས་ལྡན་མི་སྣ་མང་པོས་བསམ་བློ་བརྗེ་རེས་དང་ནུས་ཤུགས་མཉམ་འདོན་གྱི་ཁོར་ཡུག་གསར་བ་ཞིག་སྟེ། འདི་འདྲའི་ཚོགས་པ་ཞིག་དང་ཐོག་མདོ་སྨད་སྣང་ཞིག་དགོན་ཆེན་དུ་ངེས་པར་དུ་རྩ་འཛུགས་བྱ་རྒྱུའི་རེ་འདུན་ཡང་ཡང་བཏོན་པར་བརྟེན། སྤྱི་ལོ་༢༠༠༧ལོའི་ལོ་འགོར། ཨ་མདོ་རྔ་བ་རུ་བོད་ལྗོངས་དང༌། མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་རྒྱལ་ནང་གི་ཞིང་ཆེན་བཞི་རུ་བཞུགས་པའི་བོན་གྱི་དགོན་སྡེ་ཁག་དང༌། བླ་སྤྲུལ་རྣམ་པ། དགེ་བའི་བཤེས་གཉེན་གྱི་སྐོར་དང༌། གསང་སྔགས་འཆང་བའི་སྡེ། བོན་གྱི་རྩོམ་པ་པོའི་དཔུང་ཁག་དང༌། དགེ་རྒན་གྱི་ལས་བྱ་སྒྲུབ་པའི་མི་སྣ་སོགས་བོན་ལ་དགའ་ཞིང་གཤེན་ལ་དུང་བའི་མི་སྣ་ཆེས་མང་པོ་ཞིག་མཛའ་མཐུན་མཉམ་གནས་ཀྱི་སྒོ་ནས་དགྱེས་ཞལ་ལྷན་དུ་འཛོམས་ཏེ་ཐོག་མའི་གྲ་སྒྲིག་གི་འཚོགས་འདུ་བསྡུས་ཤིང༌། ལོ་དེའི་སྤྱི་ཟླ་༣ཚེས་༢ཉིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་གི་ཚོགས་ཁང་ཆེན་མོར་སྐོང་འཚོགས་བྱས།
ཚོགས་ཡུན་ཉིན་གསུམ་གྱི་རིང་ལ་ཚོགས་ཞུགས་མི་སྣ་ལྷན་རྒྱས་ཀྱིས་སྟོན་པ་གཅིག་གི་བསྟན་པའི་ལས་དོན་གླེངས་ཤིང༌། གྲུབ་མཐའ་གཅིག་གི་འཕེལ་རྒྱས་ཀྱི་ཐབས་ལམ་ལ་གྲོས་མོལ་རིན་ཐང་དང་ལྡན་པ་ཞིག་གནང་བར་མ་ཟད། ཐེངས་འདིར་ཕེབས་ཡོད་མིན་ལ་མ་བལྟས་པར་མདོ་དབུས་ཁམས་གསུམ་ན་བཞུགས་པའི་བོན་གྱི་ཤེས་ལྡན་མི་སྣ་དག་ལས། ཚོགས་པ་འདི་ལ་མེད་དུ་མི་རུང་བའི་མི་སྣ་སྟེ། བློ་འདྲི་ཞུ་ཡུལ་རྒན་རིམ་གྱི་གྲས་དང༌། ཚོགས་གཙོ། ཚོགས་གཞོན། དྲུང་ཆེ། དྲུང་གཞོན། དྲུང་ཡིག་པ་སོགས་དམངས་གཙོས་འདེམས་ཤོག་ལས་བདམས་ཏེ་བསྐོས་བཞག་གཏན་འཇོག་བྱས་ཚར་བའི་གཤེན་བསྟན་ཐུན་མོང་དུ་འཛིན་པ་ལ་བློ་ཁ་ཕྱོགས་པའི་ཚོགས་པ་ཞིག་ཡིན། ཚོགས་པའི་མི་སྣ་སོ་སོ་ནི་ཞང་བོད་ཀྱི་ཤེས་རིག་དང་ནང་བསྟན་གྱི་རིག་གཞུང་ལ་ཤ་ཞེན་ཟབ་ཅིང་དུང་བ་བརྟན་པའི་རང་རེའི་བསྟན་པའི་མཛེས་རྒྱན་དང༌། གྲུབ་མཐའི་ལ་རྒྱ་ལྟ་བུར་གྱུར་ནས་ཡོད། དེ་དང་མཉམ་དུ་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་མི་བརྒྱ་ངག་གཅིག་དང༌། གླུ་བརྒྱ་གདངས་གཅིག་གི་བྱེད་ཕྱོགས་ལྟར་ཐེངས་རྗེས་མའི་དངོས་གཞིའི་འཚོགས་འདུ་གྲ་རྒྱས་ཙམ་ཞིག་སླར་ཡང་སྣང་ཞིག་དགོན་པ་ཚང་གིས་འགན་ཁུར་ཏེ་འགོ་འདྲེན་དང་ལེན་བྱ་རྒྱུའི་དགོངས་འཆར་ནན་གྱིས་བཏོན་པ་ལྟར། སྤྱི་ལོ་༢༠༠༩ལོར་ཡང་བསྐྱར་རྔ་བ་སྣང་ཞིག་དགོན་ཆེན་དུ“གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས”ཀྱི་དངོས་གཞིའི་འཚོགས་འདུ་ཐེངས་དང་པོ་རྣམ་པ་གྲ་རྒྱས་ཤིང་ངོ་བོ་ཕུན་སུམ་ཚོགས་པ་ཞིག་འཚོགས་ཐུབ་པ་བྱུང༌། ཐེངས་འདིར་བརྡ་སྦྱོར་འཕྲོད་ས་ཉིས་བརྒྱ་དང་དོན་གཉིས། ཚོགས་ཐོག་ཏུ་དངོས་སུ་ཕེབས་པའི་བོན་དགོན་བརྒྱ་དང་སུམ་ཅུ། མི་སྣ་བརྒྱ་དང་གོ་གཉིས། རྐྱེན་སྣ་ཚོགས་ཤིག་གི་དབང་གིས་ཕེབས་མ་ཐུབ་པར་དགོངས་ཞུས་གནང་མཁན་གྱི་མི་སྣ་བཅོ་ལྔ། ཁ་པར་དང་འཕྲིན་ཡིག་གི་ལམ་ནས་རྟེན་འབྲེལ་ཞུ་མཁན་སུམ་ཅུ་སོ་བདུན་བཅས་ཡོད། འཚོགས་ཡུན་ཉིན་གསུམ་གྱི་རིང་ལ་གཡུང་དྲུང་བོན་གྱི་ད་ལྟའི་གནས་བབས་ལ་བརྟགས་ཀྱང་དཔྱད་པའི་སྒོ་ནས་མ་འོངས་པར་བསྟན་པའི་ཕྱོགས་སུ་ཁ་ཚ་དགོས་གཏུགས་ལྟ་བུར་གྱུར་འདུག་པ་གང་ཡོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བགྲོ་གླེང་བྱ་བའི་ཁ་ཕྱོགས་གཞིར་བཟུང་སྟེ། འཚོགས་པའི་ངོ་བོ་གོང་འཕེལ་དུ་གཏོང་ཐབས་དང༌། ཚོགས་པའི་སྒྲིག་ལམ། མི་སྣ་སོ་སོའི་འགན་ཁུར་འགྲོ་རིམ། ཚོགས་པའི་མི་སྣ་བརྗེ་སྤོར་འདེམ་བསྐོ་བྱ་སྟངས་སོགས་དང༌། ལོ་གསུམ་རེའི་ནང་འཐུས་མིའི་ཚོགས་ཆེན་ཐེངས་རེ་དང༌། ལོ་རེ་རེར་རྒྱུན་ལས་ལས་འཛིན་འཚོགས་འདུ་ཐེངས་རེ་འཚོགས་རྒྱུ་བཅས་གཏན་ཁེལ་བྱས་ཡོད་ལ། འཚོགས་འདུའི་སྐབས་ཀྱི་མི་སྣ་སོ་སོས་བསྟན་དོན་བགྲོ་གླེང་གི་ནང་དོན་གནད་བསྡུས་ཁག་དང༌། འཚོགས་འདུའི་རྣམ་པ་གསར་བའི་གནས་ཚུལ་བརྒྱུད་བསྒྲགས་སོགས་ཀྱི་བྱ་བའི་ཆ་རྐྱེན་དུ་དམིགས་ཏེ་
༼ཞང་བོད་གཏམ་གླེང་༽ཞེས་པའི་འཚོགས་པ་དང་འབྲེལ་བའི་དེབ་གཟུགས་ཤིག་ཀྱང་བསྐྲུན་དང་སྐྲུན་བཞིན་ཡོད་ལ། གནས་ཚུལ་འདི་དག་ལ་བསམས་ཏེ་འཚོགས་འདུའི་བརྙན་འཁོར་རེ་ཡང་ཐེངས་སྔ་ཕྱི་གཉིས་ཀར་པར་བསྐྲུན་ཞུས་ཏེ་ཕྱོགས་སོ་སོར་བཀྲམ་ཟིན། ད་ལན་ལོ་གསུམ་གྱི་རིང་རྐང་དུ་བསྒྲུབ་རྒྱུ་ཡིན་པའི་ཐེངས་འདིའི་ཚོགས་འདུའི་གྲོས་ཆོད་ཀྱང་རྣམ་གྲངས་བརྒྱད་ཙམ་བཞག་ཅིང༌། ཚོགས་ཐོག་ཏུ་ཚོགས་གཙོ་གཞོན་པ་དང༌། དྲུང་ཡིག་པ་སྐོར་ཞིག་ཀྱང་ཁ་སྣོན་བརྒྱབ་ཡོད། ཐེངས་རྗེས་མའི་འཐུས་མིའི་ཚོགས་ཆེན་འཚོགས་ས་དང༌། རྒྱུན་ལས་ལས་འཛིན་འཚོགས་ས་སོགས་གཏན་ཁེལ་བྱུང་ཡོད་པ་ལྟར། ད་ལོའི་སྤྱི་ཟླ་བདུན་པའི་ནང་མདོ་སྨད་རྩེ་ཞིག་དགོན་དུ་“གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས”ཀྱི་“རྒྱུན་ལས་ལས་འཛིན་འཚོགས་འདུ”ཐེངས་དང་པོ་དེ་དངོས་སུ་འཚོགས་ལ་ཉེ། ཞེས་འཚོགས་པ་འདིའི་གནས་ཚུལ་རགས་ཙམ་ཀློག་མཁན་རྣམ་ལ་ངོ་སྤྲོད་བྱེད་པ་པོ་དྲུང་ཆེ་གདོང་བཙུན་རྒྱ་ཐར་གྱིས།
གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་མི་སྣ།
མཚན་འཛིན་ཚོགས་གཙོའམ་བཀའ་འདྲི་ཞུ་ཡུལ།
གཤེན་སྲས་ནོར་བུ་དབང་རྒྱལ། རྟོགས་ལྡན་ཁྲི་བ་མཁྱེན་རབ་རྒྱ་མཚོ། སྐྱང་སྤྲུལ་དྲི་མེད་འོད་ཟེར།
རྒྱལ་ཚབ་བསྟན་འཛིན་དབང་རྒྱལ། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། སྨོན་རྒྱལ་ཀུན་གྲོལ་ལྷ་སྲས།
གྲུབ་ཆེན་ནམ་མཁའ་རྒྱལ་མཚན། རྒྱལ་ཚབ་འཇིགས་མེད་དབང་ཕྱུག
ཚོགས་གཙོ།
སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ།
ཚོགས་གཞོན།
ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ། རྩེ་དྲུག་བསྟན་འཛིན་འོད་ཟེར།
ཐར་བདེ་ཚེ་དབང་འཇིགས་མེད། སོག་སྡེ་བསྟན་པའི་ཉི་མ། རྩེ་ཞིག་ཤེས་རབ་བསྟན་པའི་ཟླ་བ།
མཁན་རྒྱ་མཚོ་ནོར་བུ། ཁྱུང་མོང་སྟོབས་ལྡན་དབང་ཕྱུག སེང་གེ་སྤྲུལ་སྐུ་རིག་འཛིན་ཉི་མ།
དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ། ལི་ཤུ་གཤེན་རྒྱལ་བསྟན་འཛིན།
རག་ཞིག་ཀུན་གསལ་སྙིང་པོ།
དྲུང་ཆེ།
གདོང་བཙུན་རྒྱ་ཐར།
དྲུང་གཞོན།
རྟོགས་ལྡན་སྐལ་ཁོ།
དྲུང་ཡིག་པ།
འགོ་བ་བསྟན་འཛིན་འབྲུག་གྲགས། དབྲ་ཁྱུང་སྐལ་བཟང་ནོར་བུ། བྲག་འགོ་ཚེ་རིང་ནོར་བུ།
ཁྱུང་དཀར་ཟླ་བ་བསྟན་འཛིན། དགེ་བཤེས་ཤེས་རབ་གྲགས་པ། བོན་བརྒྱའི་བསྟན་པའི་ཉི་མ།
སྙན་བཟང་བསོད་ནམས་གཡུང་དྲུང༌།