དང་པོ། ཚོགས་པའི་དགོས་པ།
འཛམ་གླིང་ཡང་རྩེ་རུ་འབོད་པའི་བསིལ་ལྡན་མངའ་རིས་ཀྱི་གླིང་འདི་ནི་སྔོན་ཞང་ཞུང་རྒྱལ་ཁབ་ཆེན་མོའི་སྲིད་འབྱོར་རིག་གསུམ་གྱི་ལྟེ་དབུས་ཡིན་པ་དང༌། ལོ་རྒྱུས་ཀྱི་ཆུ་རྒྱུན་ཤིན་ཏུ་རིང་ཞིང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་སྣ་ཚོགས་ལྡན་པ། གཞན་ཡང་གནའ་བོའི་དགོན་རྙིང་དང་མཁར་ཤུལ། རང་བྱུང་བཀོད་པ་སོགས་ཡུལ་གྲུ་གཞན་དང་མི་མཚུངས་པའི་ཁྱད་ཆོས་དང་ངོ་མཚར་དུ་མས་ཕྱུག་པ་ཞིག་ཡིན་མོད། ཕྱིས་ཀྱི་ཆོས་ལུགས་ཀྱི་ཕྱོགས་རིས་དང་དུས་འགྱུར་འདྲ་མིན་ཁྲོད་གནའ་བོའི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་དངོས་ཇི་སྙེད་ཅིག་ལ་ཉམས་ཉེས་དང་གཏོར་བརླག་ཚབས་ཆེན་ཐེབས་ཏེ་མིང་གི་ལྷག་མར་གྱུར། དེས་མ་ཚད་དེང་སང་ཡང་རིན་བྲལ་གྱི་རིག་དངོས་སོགས་ཉིན་རེ་བཞིན་བོར་བརླག་དང་གཏོར་སྐྱོན་ཐེབས་པའི་གནས་ཚུལ་འོག འུ་ཅག་ཞང་ཞུང་ཡུལ་གྱི་ཐུན་མོང་མ་ཡིན་པའི་ཤེས་རིག་དང་ཤུལ་བཞག་རིག་དངོས་བགྲངས་ལས་འདས་པ་དེ་དག་སྲུང་སྐྱོབ་དང་དར་སྤེལ་གྱིས་བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་རིག་གནས་ཐམས་ཅད་མི་ཉམས་གོང་འཕེལ་དང༌། ཉམས་པ་སོར་ཆུད་ཡོང་ཐུབ་པའི་ཆེད་དུ་ཡིན།
གཉིས་པ། ཚོགས་པ་བཙུགས་པའི་བརྒྱུད་རིམ།
བོད་ཀྱི་སྤྱི་ཚོགས་འཚོ་བའི་འཕེལ་རྒྱས་དང་བསྟུན་ནས་མི་རྣམས་ཀྱི་བསམ་པའི་དཔལ་ཡོན་ཇེ་ཕྱུག་དང་ཇེ་རྒྱས་སུ་ཕྱིན་ཡོད་དེ། བོད་ཡུལ་གྱི་ས་ཁུལ་གང་སར་ཕན་བདེའི་ལྷག་བསམ་གྱིས་རབ་བསྐུལ་བའི་མི་སྒེར་རམ་ཚོགས་པ་ཇི་སྙེད་ཅིག་གིས་དེང་གི་གནས་བབས་དང་དགོས་མཁོར་དམིགས་ནས་སྤྱི་ཚོགས་ལ་ཐད་ཀར་སྨན་པའི་བྱ་བ་བླ་ན་མེད་པ་མང་པོ་ཞིག་བསྒྲུབས་ཡོད། ངེད་ཚོགས་པའང་སྤྱི་ལོ་༡༩༧༢ནས་རྨང་ཚུགས་ཤིང་ད་ལྟའི་བར་མི་རིགས་རིག་གནས་འཕེལ་རྒྱས་བྱ་བཞག་སོགས་ལ་ཕན་པའི་ལས་དོན་མང་པོ་ཞིག་བསྒྲུབས་དང་སྒྲུབ་མུས་ཡིན་ལ། མཁས་གྲུབ་ཆེན་མོ་༧དགེ་སློང་བསྟན་འཛིན་དབང་གྲགས་མཆོག་སྐུ་ངོ་མས་ཚོགས་པའི་འགན་འཁུར་ཏེ་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ། ས་གནས་དམངས་སྲིད་ཅུས། དེ་མིན་ས་གནས་མི་རིགས་ཆོས་དོན་ཅུས་སོགས་གོང་རིམ་སྡེ་ཁག་གི་རྒྱབ་སྐྱོར་དང་རོགས་རམ་ཚད་མེད་འོག་སྤྱི་ལོ་༢༠༠༥ལོའི་ཟླ་༤བར་《ཞང་ཞུང་རིག་གནས་དར་རྒྱས་ཚོགས་པ》ཞེས་དངོས་སུ་སྲིད་གཞུང་གིས་ཆོག་མཆན་དང་ལག་འཁྱེར་གནང་བ་ཡིན་ནོ། །
གསུམ་པ། ཚོགས་པའི་དམིགས་ཡུལ།
སྤྱི་ཚོགས་ཡོངས་ཀྱིས་ཞང་ཞུང་རིག་གནས་ཀྱི་དམིགས་བསལ་ཁྱད་ཆོས་དང་ཐུན་མོང་མ་ཡིན་པའི་དགེ་མཚན་ཤེས་རྟོགས་ཐུབ་པ་དང༌། ཞང་ཞུང་རིག་གནས་ཀྱིས་སྤྱི་ཚོགས་སྔོན་ཐོན་དང་མི་དམངས་བདེ་སྐྱིད་ལ་ཞབས་འདེགས་གང་ལེགས་ཞུ་བ་སྟེ། འཛམ་གླིང་གིས་ཞང་ཞུང་ཤེས་པ་དང་ཞང་ཞུང་རིག་གནས་སྤྱི་ཚོགས་ལ་ཁ་ཕྱོགས་པའོ། །
བཞི་པ། ཚོགས་པའི་ངོ་བོ།
ཞང་ཞུང་རིག་གནས་བྱ་གཞག་ལ་དུང་ཞེན་ཆེ་བའི་མི་སྣ་དང༌། མཁས་དབང༌། དེ་བཞིན་ཞང་ཞུང་རིག་གནས་ལས་དོན་ཕྱོགས་ཀྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མི་སྣ་བཅས་མཉམ་འབྲེལ་སྒོས་བཙུགས་པའི་སྤྱི་ཚོགས་རང་བཞིན་དང༌། སྤྱི་ཕན་རང་བཞིན། རིག་གཞུང་རང་བཞིན་བཅས་ལྡན་པའི་ཚོགས་པ་ཞིག་ཡིན།
ལྔ་པ། ཚོགས་མིའི་གནས་ཚུལ།
ཚོགས་པའི་ཚོགས་མི་ནི་བོད་ཀྱི་རིག་གནས་ཁྱབ་ཁོངས་ཀྱི་རྒན་དར་གཞོན་གསུམ་གྱི་ཤེས་ཡོན་ཅན་དང་མི་དྲག་སོགས་ལས་གྲུབ་པ་ཡིན་ལ། དེའི་ཁྲོད་དུ་རྒྱལ་ཁབ་རིམ་པའི་མཁས་དབང་དང་ལྗོངས་རིམ་པའི་དབུ་ཁྲིད། དེ་བཞིན་མདོ་དབུས་ཁམས་གསུམ་གཙོས་པའི་རྒྱལ་ཁབ་ཕྱི་ནང་ན་སྐད་གྲགས་ཡོད་པའི་ཆེད་མཁས་པ་སོགས་ད་ལྟ་མི་སྣ་སུམ་ཅུ་ལྷག་ལས་མེད་རུང༌། ཚོགས་པའི་རྩ་ཁྲིམས་ལྟར་ན་ཁྱོན་བསྡོམས་ཚོགས་མི་༥༠ཡན་གྱི་གྲངས་ཡོད་དགོས།
དྲུག་པ། ཚོགས་མིའི་ཁེ་དབང།
༡ ཚོགས་པའི་འདེམས་བསྐོའི་དབང་ཆ་དང༌། གདམ་བྱ་དང་བརྡ་ཐག་གཅོད་དབང་ཡོད།
༢ ཚོགས་པ་འདིས་གཉེར་བའི་བྱེད་སྒོ་ཁག་ལ་ཞུགས་ཆོག་པ།
༣ ཚོགས་པའི་ཞབས་ཞུ་ཁག་དམིགས་བསལ་གྱིས་སྔོན་ལ་ལོངས་སྤྱོད་ཆོག་པ།
༤ ཚོགས་པའི་ལས་ཀར་བལྟ་རྟོགས་དང་སྐྱོན་བརྗོད། བསམ་འཆར་འདོན་ཆོག་པ།
༥ ཚོགས་པར་ཁྲིམས་མཐུན་ཁེ་དབང་ལ་ཉེས་སྐྱོན་མི་ཕོག་པའི་སྲུང་སྐྱོབ་རེ་འདུན་ཞུ་ཆོག་པ།
༦ ཚོགས་ཞུགས་རང་མོས་དང་ཕྱིར་འཐེན་རང་མོས་ཡིན།
བདུན་པ། ཚོགས་མིའི་འོས་འགན།
ཚོགས་པའི་གནས་ཚུལ་དྲིལ་བསྒྲཊ་བྱེད་པ། སྲིད་གཞུང་དང་མི་སྒེར། ཐེབས་རྩ་ཚོགས་པ། སྤྱི་ཚོགས་བཅས་ལ་བྱེད་སྒོའི་མ་དངུལ་བརྩོན་ལེན་སོགས་ཚོགས་པའི་ལས་དོན་གང་སར་རང་ནུས་ཡོད་རྒུ་བཏོན་པ། ཚོགས་དངུལ་དུས་ཐོག་ཏུ་བསྡུ་བའོ། །
བརྒྱད་པ། ཚོགས་པའི་བྱེད་སྒོ།
གནའ་བོའི་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཁྱབ་ཁོངས་དང་དེ་འབྲེལ་གྱི་ས་ཁུལ་རྣམས་ཀྱི་ལོ་རྒྱུས་དང༌། རིག་གནས། ཡུལ་སྲོལ་གོམས་གཤིས། གནའ་ཤུལ། རི་མོ། སྒྱུ་རྩལ། ལག་ཤེས་སོགས་གང་ཅིའི་ཐད་ཞིབ་འཇུག་དང༌། སྲུང་སྐྱོབ། རྒྱུད་འཛིན། དར་སྤེལ། ཁྱབ་སྒྲོག་བཅས་བྱ་རྒྱུ་ཡིན།
དགུ་པ།ཚོགས་པའི་ལས་དོན་དང་མི་དོན།
ཚོགས་པ་འདི་དྲུང་ཆེའི་འགན་འཁུར་ལམ་ལུགས་ཡིན་པས་ལས་དོན་ཚང་མ་དྲུང་ཆེའི་བཀོད་སྒྲིག་བྱེད་དགོས་པ་དང༌། མི་དོན་ཐད་ཚོགས་པའི་རྒྱུན་ལས་སམ་ཚོགས་གཙོ་ཚོགས་པས་བསྐོ་བཞག་བྱེད་རྒྱུ།
བཅུ་པ། ཚོགས་པའི་རྒྱུ་དངོས།
ཚོགས་པ་འདིའི་རྒྱུ་དངོས་ཐམས་ཅད་རྒྱལ་ཁབ་ཀྱི་ནོར་རྩིས་དོ་དམ་ལམ་ལུགས་བཞིན་དོ་དམ་དང་གཉེར་སྐྱོང་བྱེད་རྒྱུ་ཡིན།
བཅུ་གཅིག མིག་སྔར་སྒྲུབ་བཞིན་པའི་བྱ་བ།
ཚོགས་པའི་ལས་དོན་གྱི་ཐོག་མཐའ་བར་གསུམ་ཀུན་ཏུ་གནའ་བཟང་དེང་སྤྱོད་དང་སྙིགས་དོར་བཅུད་ལེན་གྱི་བསམ་བློའི་རྩ་དོན་གཞིར་བཟུང་ནས། བསྒྲུབ་བྱའི་ཁྱབ་ཁོངས་མང་པོའི་ཁྲོད་ནས་ད་ལྟ་ང་ཚོས་དངོས་སུ་སྒྲུབ་བཞིན་ཡོད་པའི་ལས་དོན་ཁག་ནི།
༡ མངའ་རིས་གཙོས་པའི་སྔ་རབས་ཞང་ཞུང་གི་རིག་དངོས་ཤུལ་བཞག་རྣམས་ལ་བརྟག་དཔྱད་ཞིབ་འཇུག་གིས་སྲུང་སྐྱོབ་ཀྱི་འཆར་བཀོད་ལེགས་པོ་བྱེད་པ།
༢ མངའ་རིས་ཀྱི་བདག་མེད་ལྡེབས་རིས་ལྡན་པའི་ཕུག་པ་༣༨ལ་ལོ་གསུམ་རིང་རྐུན་འགོག་སྒོ་དང་ཉམས་བཟོ་རྒྱུ།
༣ 《ཞང་ཞུང་རིག་གནས》དུས་དེབ་དང་《ཞང་ཞུང་རིག་གནས་དཔེ་དཀོན་གཅེས་ཕྲེང་》《ཞང་ཞུང་ལོ་ཐོ》བཅས་རྩོམ་སྒྲིག་དང་དཔར་སྐྲུན་བྱེད་པ།
༤ 《ཞང་ཞུང་སྲིད་པའི་མཚར》ཞེས་པའི་པར་དེབ་དང་DVཕབ་བསྒྱུར་སྒྲིག་སྦྱོར་བྱེད་པ།
༥ ལས་ཞོར་དུ་ཞིང་འབྲོག་མང་ཚོགས་ལ་རིན་མེད་ཀྱི་སྨན་བཅོས་དང༌། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀ་གང་ཐུབ་སྤེལ་བ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་ལས་རིགས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་ཐད་ནུས་ཤུགས་བཏོན་རྒྱུ་བཅས་དོན་ཚན་ཁག་ལྔ་ཙམ་ཡོད།
བཅུ་གཉིས། ཚོགས་པའི་མ་འོངས་འཆར་གཞི།
སྔར་ཡོད་ཀྱི་བྱེད་སྒོ་རྣམས་རྒྱུན་འཁྱོངས་སྒོས་ལྗོངས་དང་རྒྱལ་ཁབ་ཕྱི་ནང་ཀུན་གྱི་ཞང་ཞུང་རིག་གནས་མཁས་དབང་རྣམ་པ་དང་ཉམས་མྱོང་བརྗེ་རེས་སྤེལ་བའི་ཚོགས་འདུ་ཡང་ཡང་སྐོང་འཚོག་བྱ་རྒྱུ་དང༌། བོད་ཀྱི་ཤེས་རིག་ལ་དུང་ཞེན་ཆེ་ཞིང་ཐོས་བསམ་དང་སློབ་སྦྱོང་བྱེད་མཁན་རྣམས་ལ་ཡིག་ཚགས་མཁོ་འདོན་དང་གཟིགས་ཀློག་བདེ་བར་ཡོང་ཆེད་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་རྣམས་གློག་ཀླད་དུ་ཕབ་སྟེ་འོད་སྡེར་དང་དཔེ་དེབ་བཟོ་བ། ཞང་ཞུང་དྲྭ་གནས་ལེགས་བཟོ། ཞང་ཞུང་གི་གནའ་ཤུལ་ཁག་སོ་སོར་སྲུང་སྐྱོབ་ས་ཚིགས་འཛུག་རྒྱུ་བཅས་ནི་ངེད་ཚོགས་པའི་མ་འོངས་ལོ་བཅུའི་ནང་གི་འཆར་གཞི་ཡིན་པ་བཅས་སོ། །