བླ་མ་དྲན་པ་ནམ་མཁའ་ལ་ཕྱག་འཚལ་ལོ། །
ཁ་བ་ལུང་རིང་ངམ་གཡུང་དྲུང་སྟག་རྒྱལ་ནི་སྔོན་ཚེ་མི་ལོ་ཚེ་ལོ་ཁྲི་ཐུབ་པའི་སྔ་རོལ་ཡ་བླ་བདལ་དྲུག་གིས་ཉག་རོང་ཡུལ་ཁམས་སྐྱོང་ཕྱིར་མངག་བའི་གནས་རི་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན།
གནས་འདི་ནི་གངས་ཅན་ལྗོངས་ན་ཆེས་གྲགས་པའི་གངས་རི་བརྒྱད་ཀྱི་ནང་ཚན་ཁ་བ་རི་ཞེས་པ་དང་འཛམ་གླིང་ན་བོན་པོ་གནས་ཆེན་གཡུང་དྲུང་མཚན་ཅན་བཅུ་གསུམ་ནང་ཚན་གཡུང་དྲུང་སྟག་རྒྱལ་ཞེས་པ་འདི་ཡིན། གཏེར་ལུང་ལས། བྱང་ཕྱོགས་བོན་གྱི་འདུས་གནས་ཁ་བ་རི་ཞེས་པ་ཡང་འདི་ཡིན་ནོ། །གནས་ཡིག་ཁ་ཅིག་ལས།གནས་འདི་ནི་དབལ་ཆེན་གེ་ཁོད་ཀྱི་གནས་རི་ཡིན་ཞེས་གསུངས་སོ། །
གནས་ཡིག་ལས། ལྕེ་ཚ་མཁར་བུས་བཀའ་དམ་བཞག་གཡུང་དྲུང་སྟག་རྒྱལ་ངོ་མཚར་གནས། ཞེས་བོད་རྒྱལ་བརྒྱད་པ་གྲི་གུམ་བཙད་པོའི་གཤེན་པོ་འགའ་ཉག་རོང་དུ་ཕེབས་ནས་ཁ་བ་ལུང་རིང་ཐོག་མ་གསན་སྒོ་ཕྱེས། དེ་རྗེས་གསང་བདག་ནམ་མཁའ་ཡེ་ཤེས་ཀྱིས་ཁ་བ་ལུང་རིང་གནས་སྒོ་ཕྱེས་པ་མ་ཟད་སྐོར་ལམ་བཏོན། ཁ་བ་ལུང་རིང་དང་གཡུང་དྲུང་ལྷ་རྩེ་སོགས་གཙོ་འཁོར་ཐམས་ཅད་བཀའ་དམ་བཞག་གོ །
དེ་རྗེས་སངས་རྒྱས་གླིང་པ་དང་གསང་སྔགས་གླིང་པ་སོགས་བོན་གྱི་རིག་འཛིན་བརྒྱད་ཀྱིས་བྱིན་གྱིས་བརླབས་ནས་ཞབས་རྗེས་དང་ཕྱག་རྗེས་ཡོད། གནས་དེ་ལ་གསང་འདུས་ཀྱི་སྒྲུབ་ཕུག་བཞི་དང་གཡའ་སྐྱིབས་བཅུ་ལྷག་ཡོད། དེ་དག་གྲུབ་ཐོབ་དུ་མའི་ཞབས་རྗེས་དང་སྐུ་རྗེས་ཡོད། གཡུང་དྲུང་གསང་བའི་བྲག་ཕུག་དུ་གཡུང་དྲུང་ལག་འཁྱིལ་ཞིག་རྡོ་ལ་གསང་བདག་ཡེ་ཤེས་ཀྱིས་ཕྱལ་བྲིས་ཡོད།
གཞན་དུ་ཡི་གེ་བསྭོ་དང་ཨ་ཨྰོྃ་ཧྰུྃ། ཡ་ར་ལ་ཝ་སོགས་རང་བྱོན་བཞུགས། གཙོ་མཆོག་ཁྲོ་བོའི་བྲག་ཕུག་ཏུ་དྲན་པ་ནམ་མཁའི་ཕྱག་རྗེས་དང་དྲན་བ་མཚན་བརྒྱད་རང་བྱོན་ཡོད། དེ་ལས་གཞན་པའི་གྲུབ་ཐོབ་རྣམས་ཀྱི་ཞབས་རྗེས་ཡོད། རྡོ་ངོས་གཙོ་མཆོག་དབུ་གསུམ་ཕྱལ་དྲུག་པ་རང་བྱོན་དང་འཁོར་ལོ་རལ་གྲི། མདུང་སོགས་རང་བྱོན་ཡོད།
བདེ་ལྡན་འཆི་མེད་སྒྲུབ་ཕུག་ཏུ་སྤྱང་ཀི་དང་གཅན་གཟན་གྱི་རྗེས་དང་དྲེལ་རྗེས། འཆི་མེད་ཚེ་ཆུ་འབབ་བཞིན་ཡོད། བྲག་ཕུག་གཏིང་ན་སྟོན་པ་འཆི་མེད་གཙུག་ཕུད་སྐུ་རང་བྱོན་བཞུགས། དེ་ལ་འཆི་མེད་གཙུག་ཕུད་སྒྲུབ་སྐོར་གཏེར་ལ་སྦས་ཡོད་པ་དེ་ནམ་ཞིག་རང་བརྡོལ་འོང་བ་ལུང་གིས་བསྟན་དང་། ཨ་སུ་ར་ལའི་སྒྲུབ་ཕུག་ནང་དུ་བོན་སྐྱོང་སྡེ་དྲུག་རང་བྱོན་དང་། གྲུབ་ཐོབ་བརྒྱད་ཅུའི་ཞབས་རྗེས་དང་རྡོ་ལ་ཨྰོྃ་མ་ཏྲི་མུ་ཡེ་ས་ལེ་འདུ་ཞེས་འབྲུ་བརྒྱད་འབུད་དུ་དོད་པ་ཡོད་ཀྱང་ཁ་བས་གཡོག་བས་མཇལ་དཀའ་བར་སྣང་གསུངས་སོ། །ཕྱོགས་མཚམས་ན་ཆུ་མིག་བརྒྱད་རྩ་བརྒྱད་དང་གཡུང་དྲུང་སྡེ་ལྔ་ལ་བྲག་རི་འབྲིང་ཙམ་ལྔ་ཡོད། གནསརི་རྩ་བ་གཅིག་ལ་རྩེ་མོ་གསུམ་ནི་ཕྱི་ལྟར་ན་དཀོན་མཆོག་གསུམ།
ནང་ལྟར་ན་རྩ་བ་གསུམ། གསང་བ་ལྟར་ན་ཞི་ལྷ་རྒྱལ་བ་རྣམ་གསུམ། ཡང་གསང་ལྟར་ན་གེ་ཁོད་མགོན་པོ་རྣམ་གསུམ་གྱི་རྟགས་ཡིན། གནས་དེ་ལ་གནས་པའི་ཁ་བ་ལུང་རིང་ནི་མི་དཀར་རྟ་དཀར། ཕྱག་གཡས་གཡུང་དྲུང་ཆག་ཤིང་ཅན་གྱི་དར་དང་གཡོན་དུ་ཚེ་བུམ་ཁྱེར་བ་ཞིག་ཡིན་པར་གྲགས། གནས་འདིར་སྤྲེལ་ལོ་ལོ་ལ་གནས་འདུ་ཡིན།
གནས་ཆེན་འདི་ལ་བསགས་སྦྱོངས་ཕན་ཡོན་ནི། གནས་ཡིག་ལས། རྩེ་སྐོར་གཅིག་ལ་བྱེ་ཆེན་གཅིག་དང་ནི། བར་སྐོར་གཅིག་ལ་བྱེ་ཆེན་བཞི་དང་ནི། མཐའ་སྐོར་གཅིག་ལ་བྱེ་ཆེན་བདུན་དང་ནི། ཕྱི་སྐོར་གཅིག་ལ་དུང་ཕྱུར་གཅིག་དང་ནི། ཕྱི་སྐོར་ཆེན་མོ་དུང་ཕྱུར་ལྔ་འགྱུར་ཡོད། ཁྱད་པར་སྤྲེལ་ལོ་གནས་འདུ་ཆེན་པོ་ལ། རྩེ་གཅིག་གསོལ་བཏབ་ཀུན་སློང་རྣམ་དག་གིས། རྩེ་སྐོར་གཅིག་ལ་དུང་ཕྱུར་བཅུ་གསུམ་དང་། བར་སྐོར་གཅིག་ལ་དུང་ཕྱུར་ཉེར་ལྔ་དང་། མཐའ་སྐོར་གཅིག་ལ་དུང་ཕྱུར་ལྔ་བཅུ་དང་། ཕྱི་སྐོར་དུང་ཕྱུར་བརྒྱ་དང་བཅུ་གསུམ་གྱི། དགེ་བའི་འགྱུར་ཡོད་རིག་འཛིན་གོང་བས་གསུངས། རྒྱུན་དུ་བསྐོར་ན་བྱེ་བ་གཅིག་ཏུ་འགྱུར། བསང་མཆོད་དར་ཅོག་ཕྱག་སྐོར་དགེ་བའི་འབྲས། གྲོང་ཡུལ་དགོན་གནས་གཞན་དུ་བྱེད་པ་ལས། བསོད་ནམས་བརྒྱ་ཕྲག་སྟོང་གིས་ཆ་མི་ཉེ། ཐོས་བསམ་སྒོམ་དང་བསྙེན་བསགྲུབ་ལས་བྱེད་ན། མཆོག་དང་ཐུན་མོང་དངོས་གྲུབ་གཞན་ལས་མྱུར། རྩེ་གཅིག་གསོལ་བཏབ་དགེ་བ་བསྒྱུར་གྱུར་ན། འདོད་པའི་དོན་འགྲུབ་སྒྲིབ་བྱང་ཚོགས་ཆེན་རྫོགས། མཆོད་པ་བྱེད་ན་ཚོགས་རྫོགས་དངོས་གྲུབ་བྱུང་༔ ཞི་རྒྱས་དབང་དྲག་ལས་རྣམས་མཐར་ཕྱིན་ཞིང་༔ མི་མཐུན་རྐྱེན་བགེགས་བཟློག་ཅིང་བསམ་དོན་འགྲུབ་༔ མཐོང་ཐོས་གྲོལ་རྒྱུད་བྱུང་ཆུབ་ས་བོན་ཐེབས༔ མཐར་ཐུག་བོན་སྐུའི་གོ་འཕང་ཐོབ་པར་ངེས། ཞེས་སོ། །